གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

ལྷ་མོ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༢ཚེས་༡༨ཉིན།

༄༅།། དེང་རབས་བོད་ཀྱི་བུད་མེད་སྙན་ངག་གི་བྱུང་འཕེལ་སྐོར་རགས་ཙམ་གླེང་བ།

ལྷ་མོ་རྒྱལ། (ཟི་ལིང)

【ནང་དོན་གནད་བསྡུས།】 རྩོམ་ཡིག་འདིར་བོད་ཀྱི་དེང་རབས་རྩོམ་རིག་གི་དུས་ཀྱི་དབྱེ་མཚམས་ངོས་བཟུང་ནས་འགོ་བརྩམས་ཏེ་དེང་རབས་བོད་ཀྱི་བུད་མེད་རྩོམ་པ་བོའི་བྱུང་འཕེལ་ངོ་སྤྲོད་དང་བོད་ཀྱི་བུད་མེད་སྙན་ངག་གི་བྱུང་བ་སོགས་ལ་དབྱེ་ཞིབ་དང་བུད་མེད་སྙན་ངག་གི་ད་ལྟའི་གནས་བབ་དང་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་རང་གི་ལྟ་ཚུལ་ཙམ་བཏོན་ཡོད།
【གནད་ཚིག】 དེང་རབས་རྩོམ་རིག བུད་མེད་རྩོམ་རིག བུད་མེད་སྙན་ངག
དང་བོ། བོད་ཀྱི་དེང་རབས་རྩོམ་རིག་གི་ལོ་རྒྱུས་རྒྱབ་ལྗོངས།
        བོད་ཀྱི་དེང་རབས་རྩོམ་རིག་གི་དབྱེ་མཚམས་ལ་ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་སྤྱི་ལོ༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་བྱས་པའི་དུས་དང་། ༡༩༨༠ལོར་དེང་རབས་རྩོམ་རིག་དབུ་བརྙེས་པའི་དུས་སོགས་དེང་སྐབས་རིག་གཞུང་ཞིབ་འཇུག་པའི་སྡེར་དུས་ཚོད་ཀྱི་ཆ་ནས་གོ་བ་ལེན་སྟངས་མི་འདྲ་བ་སྣ་ཚོགས་འདུག གོ་བ་ལེན་སྟངས་དེ་དག་ལ་འགྲིག་མི་འགྲིག་གི་ཁ་ཚོན་གཅོད་དཀའ། རྒྱུ་མཚན་ནི་ཕྱོགས་མི་འདྲ་བ་ནས་གོ་བ་ལེན་སྟངས་མི་འདྲ་བ་རེ་ཡོད་པའི་རྐྱེན་གྱིས་སོ༎
དེ་ལ“སྤྱིར་དེང་རབས་རྩོམ་རིག་གི་དེང་རབས་ཞེས་པར༡༩༤༩ལོའི་ཟླ༡༠བའི་ཚེས༡གི་རྗེས་སུ་བྱུང་བའི་རྩོམ་རིག་ལ་ངོས་འཛིན་པ་རྒྱུག་ཆེ་ཤོས་ཡིན། འོན་ཀྱང་བོད་ལ་མཚོན་ན༡༩༤༩ལོའི་ཟླ༡༠བའི་ཚེས༡གི་རྗེས་སུ་རྩོམ་རིག་གི་བརྩམས་ཆོས་ཆེར་བྱུང་མེད་པས། ལོ་རབས་བརྒྱད་ཅུ་བར་བོད་ཀྱི་རྩོམ་པ་བོ་ཚོས་བྲིས་པའི་རྩོམ་དེ་དག་བོད་ཀྱི་དེང་རབས་རྩོམ་རིག་ལ་ངོས་འཛིན་གྱི་ཡོད། ལོ་ངོ་སུམ་ཅུའི་རྩོམ་རིག་ནི་བོད་ཀྱི་དེང་རབས་རྩོམ་རིག་འདི་ཉིད་བཅིངས་འགྲོལ་བཏང་ཚུན་ནས་ལོ་ངོ་སུམ་ཅུའི་རིང་བོད་ཀྱི་སྤྱི་ཚོགས་ཀྱི་ངོ་བོ་ལ་འགྱུར་བ་བྱུང་མ་ཐག་ཡིན་པ་དང་། དེང་རབས་རྩོམ་རིག་གི་འགོ་ཚུགས་མ་ཐག་ཡིན་པས། སྤྱིར་རྩོམ་རིག་གི་ནང་དོན་དེ་སྲོལ་རྒྱུན་གྱི་བསྟོད་རྩོམ་ལས་འདའ་ཐུབ་མེད་པ་དང་རྩོམ་ཐབས་ཀྱི་ཆ་ནས་ཀྱང་སྲོལ་རྒྱུན་གྱི་ཚིགས་བཅད་རྩོམ་ཐབས་ལས་བརྒལ་ཐུབ་མེད། དེ་བས། དུས་རབས༢༠བའི་ལོ་རབས༨༠ནི་བོད་ཀྱི་དེང་རབས་རྩོམ་རིག་གསར་བའི་མྱུ་གུ་འབུས་བའི་དུས་ཡིན།”①ཞེས་བརྗོད་ཡོད་པ་ནང་བཞིན། བོད་ཀྱི་དེང་རབས་རྩོམ་རིག་འཆད་སྐབས་ལོ་རབས་བརྒྱད་ཅུ་བའི་ནང་ལ་གསར་རྩོམ་གྱི་དཔལ་འབར་ཞིང་གསར་གཏོད་ཀྱི་སྙིང་སྟོབས་ཀྱིས་ཡོངས་སུ་ཕྱུག་པའི་དཔལ་དོན་གྲུབ་རྒྱལ་མཆོག་མི་གླེང་ཐབས་མེད་ཡིན། ཁོང་གིས་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་ལེགས་ཆ་གང་ལེགས་རྒྱུད་འཛིན་ཐོག བོད་ཀྱི་བརྩམས་སྒྲུང་གསར་བའི་སྲོལ་ཐོག་མར་ཕྱེ་ལ། དེ་བཞིན་དུ་བོད་ཀྱི་སྙན་ངག་གསར་བའི་སྲོལ་ཡང་ཁོང་གིས་གསར་དུ་ཕྱེ་བ་ཡིན། དེ་བས། རྩོམ་རིག་གི་ནང་དོན་དེ་ཆོས་ཀྱི་བསམ་བློ་དྲིལ་བསྒྲགས་བྱེད་པའི་ལག་ཆ་ལྟ་བུ་ཞིག་ནས་ནང་བསམ་པ་མཚོན་པའི་རྩོམ་རིག་ངོ་མར་འགྱུར་འགོ་ཚུགས་ཏེ་རྩོམ་རིག་དང་སྤྱི་ཚོགས་ཀྱི་འཚོ་བའི་བར་ཐག་ཇེ་ཉེར་ཕྱིན་ཡོད་ལ། རྩོམ་རིག་དང་ཀློག་པ་བོ་བར་གྱི་བར་ཐག་ཀྱང་ཉེ་རུ་བཅར་ཡོད། དཔེར་ན། རྩོམ་རིག་གི་བརྗོད་བྱ་ལྷ་ཡུལ་དང་ཀླུ་ཡུལ། དམྱལ་ཁམས་སོགས་ལྐོག་གྱུར་གྱི་འཇིག་རྟེན་ནས་མིའི་སྤྱི་ཚོགས་སུ་སླེབས་པར་བྱས་ཡོད།
        བོད་ཀྱི་དེང་རབས་རྩོམ་རིག་དར་འཕེལ་བྱུང་བ་ལ་དགེ་མཚན་ཆེན་པོ་ལྡན་ཏེ། གཅིག་ནས་རྩོམ་པ་བོའི་དཔུང་ཁག་ཆོས་ལུགས་པ་ནས་རྒྱ་བསྐྱེད་དེ་ཆོས་ལུགས་པ་དང་འཇིག་རྟེན་པ་གཉིས་ཀ་བྱུང་བ། རྩོམ་པ་བོའི་ཐོབ་ཐང་མ་འདྲ་ན་དེའི་འཇིག་རྟེན་ལྟ་བ་ཡང་མི་འདྲ་སྟེ། གཉིས་ནས་རྩོམ་གྱི་བརྗོད་སྙིང་འཇིག་རྟེན་འཁོར་བ་ལ་སྙིང་བོ་མེད་ཚུལ་ནས་འཁོར་བའི་སྙིང་བོ་བརྗོད་བྱར་བྱས་ཏེ་དངོས་ཡོད་སྤྱི་ཚོགས་ཀྱི་རྣམ་པ་མང་བོ་བྲིས་ཡོད། འཕོ་འགྱུར་འདི་ལྟ་བུ་བྱུང་བ་ཡིས་རྩོམ་པ་བོ་དང་ཀློག་པ་བོའི་བར་གྱི་བར་ཐག་ཇེ་ཉེར་ཕྱིན་ཡོད་པས་རྩོམ་རིག་དམངས་ཡོངས་ལ་ཁྱབ་པའི་དགེ་མཚན་འདུག་པས་རྩོམ་རིག་གི་འོས་འགན་འགྲུབ་ཡོད་ལ་བོད་སྤྱི་ཚོགས་ཀྱི་དངོས་ཡོད་དགོས་མཁོ་དང་དུས་རབས་ཀྱི་དགོས་མཁོ་སྐོང་བར་བྱས་ཡོད།
གཉིས་པ། བོད་ཀྱི་བུད་མེད་རྩོམ་རིག་གི་གོ་དོན་དང་ཤུགས་རྐྱེན།
        བུད་མེད་རྩོམ་རིག་ནི་ཕྱི་གླིང་པས་བུད་མེད་དབང་ཆ་རྩོད་ལེན་བྱེད་ཆེད་ལས་འགུལ་ཐེངས་མང་སྤེལ་བའི་འབྲས་བུ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ངེས་ཅན་དེའི་འོག་བྱུང་བའི་རྩོམ་རིག་གི་སྣང་ཚུལ་ངེས་ཅན་ཞིག་ཀྱང་རེད། བོད་ལ་མཚོན་ནའང་། རང་མི་རིགས་ཀྱི་རྩོམ་རིག་འཕེལ་རྒྱས་སོང་བ་དང་བསྟུན་ནས་བུད་མེད་རྩོམ་རིག་ཀྱང་བྱུང་ལ། ལོ་རབས༨༠བའི་རྗེས་སུ། སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དང་ནང་ལོག་བུད་མེད་རིང་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་འོག བོད་རིགས་བུད་མེད་ཀྱི་འཚོ་བའི་ཁོར་ཡུག་དང་སྲོལ་རྒྱུན་འདུ་ཤེས་ལ་འཕོ་འགྱུར་བྱུང་ནས་བུད་མེད་རྩོམ་པ་བོ་མང་བོ་ཞིག་བྱུང་། ཁོ་མོ་ཚོས་སྐྱེས་པ་ཚོའི་འཚོ་བའི་ཉམས་མྱོང་དང་མི་འདྲ་བའི་བརྩམས་ཆོས་མང་བོ་ཞིག་ཀློག་པ་བོའི་སྤྱན་ལམ་དུ་ཕུལ། བོད་རིགས་བུད་མེད་རྩོམ་པ་བོའི་བརྩམས་ཆོས་ཀྱི་གྲངས་ཚད་དང་སྤུས་ཚད། དེ་མིན་ད་དུང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་སོགས་ཀྱིས་ཀྱང་བོད་ཀྱི་རྩོམ་རིག་ལ་རྣམ་པ་གསར་བ་ཞིག་སྦྱིན་ཡོད་པ་བདེན་ཀྱང་ད་ལྟའི་བར་བུད་མེད་རྩོམ་རིག་ལ་གཅིག་གྱུར་གྱི་ཚད་གཞི་གཅིག་ཀྱང་བཞག་མེད། འོན་ཀྱང་ད་ལྟའི་བར་མཚོན་ན་བུད་མེད་རྩོམ་རིག་ནི་འཕེལ་རྒྱས་བྱུང་ནས་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད་པས། ད་ནི་ཅིས་ཀྱང་བུད་མེད་རྩོམ་རིག་ལ་ཚད་གཞི་ཅིག་འཇོག་དགོས་བྱུང་། དུས་ཡུན་རིང་བོའི་ནང་། བོད་རིགས་བུད་མེད་ཀྱི་རྩོམ་རིག་དེ་ནམ་ཡང་སྣང་མེད་དུ་བསྐྱུར་བའམ། ཐ་ན་མིག་ལ་མི་ཐོགས་པའི་གནས་ཚུལ་བྱུང་། ད་ནི་བུད་མེད་རྣམས་ལྐུགས་པའི་ལས་ལས་ཐར་ཏེ་གཞན་གྱི་འཁྱོག་བརྗོད་ཀྱི་སྣང་བརྙན་དང་འདུ་ཤེས་དེ་ནས་རང་གི་སྣང་བརྙན་དང་རང་གི་འདུ་ཤེས་རང་གིས་བསྐྲུན་པའི་ཕྱོགས་སུ་བསྐྱོད།
        བོད་ཀྱི་བུད་མེད་རྩོམ་རིག་ནི་སྤྱིའི་ཆ་ནས་བརྗོད་ན་ད་ལྟ་འཕེལ་རྒྱས་ཀྱི་ལམ་ཁ་སྙེག་བཞིན་པ་དང་མ་འོངས་པར་རེ་བས་ཁེངས་བའི་དཔུང་སྡེ་ཞིག་ཡིན་པས། དེའི་ཚད་གཞི་ལ་རྩོད་གཞི་མི་འདྲ་བ་མང་བོ་ཡོད་དེ། རིགས་དང་བོ་ནི་རྩོམ་པ་བོ་བུད་མེད་ཅིག་ཡིན་པ་ལ་བརྩི་ཆོག རིགས་གཉིས་པ་ནི་རྩོམ་པ་བོ་བུད་མེད་ཅིག་ཡིན་པ་མ་ཟད་བུད་མེད་ཀྱི་འཚོ་བ་དང་བུད་མེད་ཀྱི་ཁྱད་ཆོས་མཚོན་པའི་རྩོམ་ལ་ཟེར། རིགས་གསུམ་པ་ནི་རྩོམ་པ་བོ་བུད་མེད་ཅིག་ཡིན་པ་མ་ཟད་བུད་མེད་ཀྱི་འདུ་ཤེས་མཚོན་པར་བྱེད་པ་ཞིག་ལ་ཟེར་བ་ལས་རྩོམ་པ་བོ་སྐྱེས་པ་ཞིག་གིས་བྲིས་ཀྱང་བུད་མེད་ཀྱི་འདུ་ཤེས་མཚོན་པ་དེ་ཡང་བུད་མེད་རྩོམ་རིག་གི་ཁོངས་སུ་བསྡུ་བར་བྱས་ཡོད། འདི་འདྲའི་ཚད་གཞི་ལ་མི་འདང་བའི་ཆ་ཤིན་ཏུ་མང་སྟེ། དེ་ཡང་། རིགས་དང་བོར་མཚོན་ནས་བཤད་ན། བུད་མེད་རྩོམ་རིག་ནི་ཕོ་མོའི་རིགས་ཁོ་ན་ལས་བགར་བའི་རྩོམ་རིག་ཞིག་ཏུ་མངོན་པས་དཔེར་ན་ལོ་ཚོད་ལས་རིགས་བགར་སྟངས་ན་གཞོན་རྩོམ་རིག་དང་བྱིས་པའི་རྩོམ་རིག ས་ཁུལ་ལས་རིགས་བགར་སྟངས་དཔེར་ན་ནུབ་ཕྱོགས་ཀྱི་རྩོམ་རིག་ལྟ་བུ་ཡོད་མོད། འོན་ཀྱང་། འདི་ལྟ་བུའི་རིགས་བགར་སྟངས་ཀྱིས་བུད་མེད་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་ཆ་རྐྱེན་ལ་སྣང་མེད་བྱས་པ་མཚོན་ལ་ལོ་རྒྱུས་རང་བཞིན་དང་དེང་རབས་རང་བཞིན་གསལ་བོར་མིན་པ་མཚོན། རིགས་གཉིས་པ་ལ་མཚོན་ན། རྩོམ་པ་བོ་བུད་མེད་ཀྱིས་བྲིས་པ་མ་ཟད་བུད་མེད་ཀྱི་འཚོ་བ་དང་བུད་མེད་ཀྱི་ཁྱད་ཆོས་མཚོན་པ་ཞིག་ལ་བཤད་པ་བདེན་མོད། འོན་ཀྱང་། མིའི་རིགས་ཀྱི་འཚོ་བ་ནི་སྤྱི་ཡོངས་ཀྱི་འཚོ་བ་ཞིག་ཡིན་པས། བུད་མེད་ཀྱི་འཚོ་བ་དང་སྐྱེས་པའི་འཚོ་བ་ཞེས་བགར་ཐབས་བྲལ། དེ་བཞིན་རིགས་གསུམ་པ་ལ་མཚོན་ན། བུད་མེད་ཀྱི་འདུ་ཤེས་དེ་རིགས་བགར་བའི་ཚད་གཞི་ལ་བཞག་ཡོད། ཡིན་ནའང་བུད་མེད་ཀྱི་འདུ་ཤེས་དེ་ཐོག་མ་ནས་མེད་པ་དང་གྲུབ་པའི་རང་བཞིན་ཅན་ཞིག་ཡིན་པས་དེ་ཡང་དེ་འདྲའི་ཚད་ལྡན་ཅན་ཞིག་ཏུ་མ་མཐོང་། དེ་ན་བུད་མེད་རྩོམ་རིག་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་འགོ་ཚུགས་ལ་དེང་རབས་མི་ཆོས་རིང་ལུགས་སྙིང་སྟོབས་ཀྱི་བུད་མེད་བརྗོད་པ་གཙོ་བོ་དང་བུད་མེད་ཀྱི་ཉམས་མྱོང་གཙོ་བོ། བུད་མེད་ཀྱི་བསམ་གཞིགས་གཙོ་བོ། བུད་མེད་ཀྱི་མཛེས་དཔྱོད་གཙོ་བོ་ཡིན་པའི་རྩོམ་རིག་ཅིག་ལ་བྱ། དེ་བས་བུད་མེད་རྩོམ་རིག་ནི་སྣང་མེད་བྱས་མི་ཆོག་པའི་སྟོབས་ཤུགས་ཞིག་ཡིན། ལྷག་པར་དུ་བོད་རིགས་བུད་མེད་ཚོས་གསར་རྩོམ་ནི་ཁོ་མོ་ཚོའི་མི་ཚེའི་རིན་ཐང་ངེས་ཅན་ཞིག་ཏུ་བརྩིས་ཡོད་པ་ལྟར། དཔེར་ན། བོད་རིགས་བུད་མེད་རྩོམ་པ་བོ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བཤད་པ་ལྟར། གསར་རྩོམ་ནི་ངའི་ཚེ་སྲོག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། གལ་ཏེ་རྩོམ་རིག་དང་མ་འཕྲད་ཚེ། དེ་རིང་གི་ང་ཡོད་མི་སྲིད་ལ། གལ་ཏེ་རྩོམ་རིག་གིས་ལུས་སྟོབས་ཞན་པའི་ང་ལ་འཚོ་བཅུད་མ་གནང་ཚེ་དེ་རིང་གི་བདེ་ཐང་འདི་ཡོད་མི་སྲིད་ཞེས་བཤད་ཡོད། རྩོམ་ཡིག་ནི་ནམ་ཡང་ལྷོད་པ་མེད་པའི་མི་ཚེའི་དགའ་གྲོགས་དང་སྐྱོ་གྲོགས་ལྟ་བུ་ཞིག་ལ་བརྩི་དགོས་པ་ཡིན། སྔ་ཕྱིར་བོད་ཀྱི་གཞོན་སྐྱེས་བུད་མེད་རྩོམ་པ་བོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་སོགས་ཀྱིས་བོད་ཀྱི་བུད་མེད་རྩོམ་པ་བོའི་རྩོམ་རིག་གསར་རྩོམ་གྱི་འཕེལ་རྒྱས་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན།
        བོད་རིགས་བུད་མེད་ཀྱི་རྩོམ་རིག་བྱུང་བ་ནི་དེང་རབས་བོད་ཀྱི་རྩོམ་རིག་དང་རིག་གནས་ལོ་རྒྱུས་ཐོག་དོན་སྙིང་ལྡན་པའི་སྣང་ཚུལ་ཞིག་ཡིན། བོད་ཀྱི་རྩོམ་རིག་འཕེལ་རྒྱས་སུ་གཏོང་དགོས་ན། དེ་ལ་དགྲ་བོ་ཆམ་ལ་འབེབ་པ་དང་བྲག་རི་ཐལ་བར་གཏོང་བ་ལྟ་བུའི་དྲག་ཤུལ་དང་དཔའ་ཉམས་ཀྱིས་ཕྱུག་པའི་སྐྱེས་པའི་རྩོམ་རིག་མཁོ་བ་མ་ཟད། བྱམས་དང་སྙིང་རྗེའི་བཏགས་པའི་སྐྱེས་མའི་རྩོམ་རིག་ཀྱང་མཁོ། གལ་ཏེ་སྤྱི་ཚོགས་འདིས་ལྷག་པར་དུ་བོད་མི་རིགས་ཀྱིས་སྲོལ་རྒྱུན་གྱི་ཕོ་མཆོག་མོ་དམན་གྱི་ལྟ་བའི་འཆིང་རྒྱ་ལས་མ་གྲོལ་ན་བོད་ཀྱི་རྩོམ་རིག་ཡང་འཕེལ་རྒྱས་ཆེར་བྱུང་མི་སྲིད་དོ། དེ་ཡང་རིག་གནས་སྣ་མང་ཅན་གྱི་དུས་རབས་ཉེར་གཅིག་པའི་ནང་བུད་མེད་རྩོམ་རིག་བྱུང་བ་ནས་བོད་ཀྱི་རྩོམ་རིག་བརྩམས་ཆོས་དེའང་སྣ་གཅིག་རང་བཞིན་ནས་སྣ་མང་རང་བཞིན་ཅན་གྱི་ཕྱོགས་སུ་བསྐྱོད་པ་དང་གཅིག
          གཉིས་ནས་བུད་མེད་རྣམས་ནམ་ཡང་གཞན་གྱིས་འཁྱོག་བརྗོད་བྱས་པའི་སྣང་བརྙན་དང་རང་ཉིད་ནམ་ཡང་ལྐུགས་པའི་ལས་དབང་དེ་ལས་ཐར་ཏེ་དོན་དངོས་གཞིར་བཟུང་ནས་རང་གི་སྣང་བརྙན་དང་རང་གི་འདུ་ཤེས་ངོ་མ་བ་སྟེ་ཀློག་པ་པོ་ལ་མངོན་པར་བྱས་ཡོད། གསུམ་ནས་བུད་མེད་རྩོམ་རིག་བྱུང་ནས་བོད་ཀྱི་སྤྱི་ཚོགས་སུའང་བུད་མེད་རྩོམ་རིག་ལ་དོ་སྣང་བྱེད་འགོ་བརྩམས་པས་བོད་ཀྱི་བུད་མེད་རྩོམ་པ་བོའི་དཔུང་ཁག་ཅིག་བྱུང་དང་འབྱུང་བཞིན་ཡོད་ལ། གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད་པ་མངོན་གསལ་ཡིན། དཔེར་ན། རྒན་དཔལ་མོ་ལགས་ཀྱིས་བཤད་པ་ལྟར་ལོ་ངོ་དྲུག་གི་རིང་ལ་དེབ་༢༤པར་དུ་བསྐྲུན་པ་སོགས་ལས་ཀྱང་ཤེས་ཐུབ། དེར་མ་ཟད། དཔུང་ཁག་ལ་འགྱུར་བ་བྱུང་བ་དེས་སྤུས་ཚད་ལ་འགྱུར་བ་བྱུང་བ་ཆོས་ཉིད་ཡིན་པས་དཔུང་ཁག་མང་པོའི་ནང་ནས་སྤུས་ཚད་ཅན་གྱི་རྩོམ་ཡིག་མང་པོ་བྱུང་བ་ཡང་ཐག་ཆོད་ཡིན།
གསུམ་པ། བོད་ཀྱི་བུད་མེད་སྙན་ངག་པ།
        འཛམ་གླིང་ཧྲིལ་བོའི་ཁྱོན་དུ་བུད་མེད་སྙན་ངག་པ་བླ་ལྷག་གིས་ཉུང་བ་དེ་བཞིན་རང་རེའི་བོད་དུའང་བུད་མེད་སྙན་ངག་པ་ནི་རྩིས་ན་མཛུབ་མོ་བཀུག་ཆོག་པ་ཞིག་ཡིན་པ་འདི་ལ་སྙན་ངག་པ་ཚེ་སྐྱིད་ལྷ་མོ་ལགས་ཀྱིས་འདི་ལྟར་ལན་བཏབ་ཡོད་དེ།“རང་རེའི་བོད་ལ་བུད་མེད་སྙན་ངག་པ་ཧ་ཅང་ཉུང་བའི་གནས་ཚུལ་དེའི་ཐོག་ནས་བུད་མེད་ཚོའི་བསམ་བློའི་རང་དབང་བཙོན་དུ་ཚུད་པ་ཞིག་གསལ་བཤད་བྱེད་ཐུབ་སྙམ།”② ལོ་ངོ་མང་བོའི་རིང་ལ་བུད་མེད་རྩོམ་པ་བོ་དང་བུད་མེད་སྙན་ངག་པ་ཞིག་གིས་བརྩམས་པའི་བརྩམས་ཆོས་གླེང་ཐབས་བྲལ་བ་ནི་རྩོམ་རིག་ཁྱབ་ཁོངས་འབའ་ཞིག་གི་གནད་དོན་ཞིག་མ་ཡིན་པར། གཙོ་བོ་སྲོལ་རྒྱུན་རྙིང་བའི་སློབ་གསོའི་བྱེད་སྟངས་དང་འདུ་ཤེས། མི་རྣམས་ཀྱིས་བུད་མེད་ལ་བཟུང་བའི་ལྟ་ཚུལ་ལ་རག་ལས་ཏེ། དཔེར་ན།“རང་རེའི་བོད་ལ་མཚོན་ན་ལོ་རྒྱུས་ཐོག་གི་ཁྲིམས་དང་བོ་མི་ཆོས་གཙང་མ་བཅུ་དྲུག་གི་ནང་དུའང་བུད་མེད་ཀྱི་ཁ་ལ་མི་ཉན་པ་ཞེས་བཀོད་ཡོད་ལ། བོད་ཁྱིམ་གཅིག་ལ་བུ་བུ་མོ་གཉིས་ཡོད་ཚེ་བུར་དཔེ་ཆ་འདོན་དུ་འཇུག་པ་དང་བུ་མོར་ལག་ལས་ཀ་ཤེས་སུ་འཇུག་དགོས་ཟེར་ནས་ཁྱིམ་གྱི་བྱ་བ་ཙག་ཙིག་ལ་བསྐུལ་བར་བྱེད་པ་ནི་བོད་སྤྱིའི་གོམས་སྲོལ་དུ་ཆགས་ཡོད་པ་འདྲ།”③དེ་ཡང་འཇིག་རྟེན་ཁ་དཔེ་ལ། བན་དེ་འགྲོ་ས་དབུས་དང་བུ་མོ་འགྲོ་ས་གནས་ཟེར་བ་སོགས་ལས། བུད་མེད་ལ་དྲང་སྙོམས་མིན་པའི་བསམ་བློའི་འཁྱེར་ཕྱོགས་མང་དུ་བྱུང་ཡོད་པ་དག་ལས་བུད་མེད་ལ་ལྟ་ཚུལ་གང་འདྲ་ཞིག་བཟུང་ཡོད་པ་རྟོགས་ལ། འདི་འདྲའི་བསམ་བློའི་འོག་ཏུ་བོད་རིགས་བུད་མེད་རྣམས་ཀྱི་འཚོ་བའི་རེ་སྨོན་དང་བརྩེ་དུང་སོགས་ཀྱི་ཐད་ལ་ཡ་ང་བའི་གནོད་འཚེ་བཏང་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་རེད། དེ་དུས་བུད་མེད་ཚོས་རང་གི་འཚོ་བ་ལ་རེ་སྨོན་དང་བརྩེ་དུང་སོགས་གླེང་ག་ལ་ཕོད་དེ། མི་ཕོད་པ་མ་ཟད། ད་དུང་རང་ཉིད་ནི་སྐྱེས་མ་ཞིག་ཡིན་པ་དེ་རང་ཉིད་ཀྱི་ཚེ་སྔོན་མའི་བསོད་ནམས་མ་བསགས་པའི་འབྲས་བུ་ཡིན་པར་སྙམ་གྱིན་ཡོད་པས། ཁོ་མོ་ཚོས་ནམ་ཡང་སྐྱེས་པ་ཚོ་དང་དབང་ཐང་དང་གོ་གནས་རྩོད་མི་ཕོད་ལ། ཐ་ན་མི་ཚེ་དང་ལས་དབང་ལའང་ཐེ་གཏོགས་བྱེད་མི་ཕོད་པ་རེད། ང་ཚོ་མཐོ་སྒང་ན་གནས་པའི་བུད་མེད་ཚོའི་ལང་ཚོ་ཞིང་མཐའ་ནས་ཟད་ཅིང་། ཕུགས་འདུན་ལྷས་ར་ནས་བོར། གལ་ཏེ་བུད་མེད་ཅིག་གིས་རང་ཉིད་ཀྱི་འཚོ་བའི་རེ་སྨོན་དང་བརྩེ་དུང་སོགས་བྲིས་ཚེ་མི་ཚང་མས་དེ་ལ་འཕྱ་སྨོད་དང་སྡིགས་མོ་སོགས་ཅི་ཡང་བྱེད་ངེས་པས། འདི་ནི་བོད་ཀྱི་སྤྱི་ཚོགས་ཀྱིས་བུད་མེད་ལ་བསྩལ་བའི་ལས་དབང་ཉག་གཅིག་ཡིན། བུད་མེད་རྩོམ་པ་བོ་ཞིག་གི་སྙིང་དབུས་ཀྱི་འབོད་སྒྲ་ལས“རང་རིགས་ཀྱི་ཁ་རྒྱུན་དུ་སྐྱེ་དམན་སྐྱེས་དམན་ཞེས་པ་དེ་སྐྱེ་བ་དམན་པ་ཡིན་ཞེས་བརྗོད་སྲོལ་ཡོད། དེ་བཞིན་མི་ནག་ནག་བཟོ་མཁན་ནག་མོ་ཡིན་ཟེར་བ་ལ་སོགས་བུད་མེད་ལ་མཐོང་ཆུང་དང་དམའ་འབེབས། འཕྱ་དམོད་བཅས་བྱེད་པའི་སྐད་ཆའམ་ལྟ་བ་ཤིན་ཏུ་མང”④དེ་དག་གི་ཐོག་ནས་རྩོམ་པ་བོས་རང་ཅག་གངས་ཅན་པ་རྣམས་དང་།
        ལྷག་པར་རིགས་མཐུན་བུད་མེད་རྣམས་ལ་དྲན་སྐུལ་དང་། འབོད་སྐུལ། སྐུལ་ལྕག་སོགས་ཕྱོགས་གང་ཐད་ནས་བྱས་ཏེ་སྤྱིར་སྤྱི་ཚོགས་ཧྲིལ་པོས་བུད་མེད་ཀྱི་ཐོབ་ཐང་དང་། ལས་དབང་། བདེ་སྡུག་བཅས་ལ་མཐོང་ཆེན་བྱེད་དགོས་པ་མ་ཟད། སྒོས་སུ་བུད་མེད་རང་ཉིད་ནས་རང་རིགས་ཀྱི་ལས་དབང་དང་ཕུགས་ལམ། བདེ་སྐྱིད་བཅས་ལ་གདུང་སེམས་ཟབ་མོ་བཅངས་ནས་འཁུར་སེམས་དང་། བརྩོན་ལེན། འབད་འཐབ་བཅས་བྱེད་དགོས་པའི་རེ་འབོད་བྱས་པ་རེད། ཡིན་ནའང་། སྤྱི་ཚོགས་ནི་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། གལ་ཏེ་སྤྱི་ཚོགས་འཕེལ་རྒྱས་སུ་སོང་ན་མིའི་རིགས་ཀྱི་བསམ་བློའི་ཆུ་ཚད་ཀྱང་འཕེལ་རྒྱས་འགྲོ་བའི་དཔེ་བཞིན། འཕེལ་རྒྱས་ཀྱི་མྱུར་ཚད་ཀྱང་མཁའ་ལྡིང་དར་མས་གཤོག་རླབས་སྒྱུར་བ་བཞིན་དེ་རིང་གསར་དུ་རྟོགས་པ་སང་ཉིན་རྙིང་བར་གྱུར་བའི་ཚད་དུ་སླེབས། འཕེལ་ཚད་ཀྱི་འགྲོས་དེ་དང་བསྟུན་རང་རེའི་ཁ་བ་རི་བོའི་གཙུག་ལག་རྩོམ་གྱི་རིག་པ་སྤྱི་དང་བྱེ་བྲག་སྙན་ངག་སྤྱི་ལའང་ལྟོས་བཅས་ཀྱི་འཕོ་འགྱུར་གསར་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་དེ། སྔར་ཡོད་གོང་སྤེལ་དང་སྔར་མེད་གསར་གཏོད་ཀྱི་ལྗགས་རྩོམ་མང་བོ་ཞིག་ལ་ངོ་མཚར་ཞིང་ཉམས་དགའ་བའི་ཁྱད་ཆོས་ལྡན་ཅིང་། རྩོམ་རིག་འཕེལ་རྒྱས་སྤྱི་ལ་ཕྱོགས་སྟོན་རང་བཞིན་ལྡན་པའི་གསར་རྩོམ་ཡང་མི་ཉུང་བ་སྣང་། མཛངས་མ་ཚེ་རིང་སྐྱིད་ལགས་ཀྱིས་བཤད་པ་ལྟར་ན། ང་ཚོའི་བོད་ཀྱི་བུད་མེད་རྣམས་ཀྱིས་གང་བསམ་པ་དེ་སྒྲུབ་མི་ཐུབ་པ་དང་། སོ་སོ་ལ་ཡིད་ཆེས་མེད་པ། གདེངས་ཚོད་མེད་པ་སོགས་མཐོང་དུས་བློ་ཕམ་ཆེན་པོ་སྐྱེས་ཀྱི་འདུག དེ་བཞིན་བོད་ཀྱི་བུད་མེད་ཡིན་ཕྱིན་ནང་མི་དང་ཁྱིམ་གཞི་ལས་བརྒལ་བའི་བསམ་བློ་དང་ལས་འགན་མེད་པར་བསམ་བཞིན་པ་འདི་སྐྱོན་ཆ་ཆེན་པོ་ཞིག་རེད་བསམ་གྱིན་ཡོད། ཡིན་ནའང་འདི་ནི་བུད་མེད་ཚོ་གཅིག་པུའི་སྐྱོན་ཆ་མ་ཡིན་པར་ང་ཚོའི་སྤྱི་ཚོགས་དང་། ལུགས་སྲོལ་སོགས་ཀྱི་དབང་གིས་བྱུང་བ་ཞིག་ཡིན་སྟབས་ང་ཚོས་ངེས་པར་དུ་བཀག་རྒྱ་མང་བོ་ཞིག་ཚུལ་མཐུན་གྱིས་གཏོར་དགོས་ཀྱི་འདུག་ཞེས་བཤད་པ་ནང་བཞིན། དེ་ལ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས“རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་།། རྒྱལ་བོའི་རྒྱལ་སྲིད་སྤྲང་བོའི་འཚོ་ཐབས་སོགས།། ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་།། མེད་དུ་མི་རུང་བ་ནི་བུད་མེད་ཡིན།།”⑤ཞེས་པའི་བུད་མེད་ལ་དྲང་བདེན་གྱི་ལམ་བུ་ཞིག་སྤྲད། སྤྱི་ཚོགས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་དཔེ་ལྟར། འཕེལ་རྒྱས་སུ་སོང་ནས་དུས་སྐབས་ངེས་ཅན་ཞིག་ལ་སླེབས་ཚེ། མི་རྣམས་ཀྱི་རྨོངས་པ་སེལ་ངེས་པས། རང་རེའི་བོད་ལ་མཚོན་ནའང་ལོ་རྒྱུས་ཀྱི་འཁོར་ལོ་དུས་རབས་བརྒྱད་ཅུ་བར་ཞུགས་རྗེས། གོ་རྟོགས་སད་པའི་བུད་མེད་རྩོམ་པ་བོ་སྐོར་ཞིག་གིས་རང་ཉིད་ཀྱི་འདས་མ་འོངས་ད་ལྟ་གསུམ་ལ་བསམ་གཞིགས་སྒོས་རང་གི་ལས་དབང་ལ་རང་གིས་ཁ་ལོ་བསྒྱུར་ཏེ་སྨྱུ་གུ་བཟུང་ནས་སྙན་ངག་འབྲི་ཞོར་ཕུགས་འདུན་དང་རེ་སྙེག་གླེང་། དེ་ལ་སྙན་ངག་ཐན་ཐུན་རེ་བྲིས་མྱོང་བའི་སྙན་ངག་པ་ཚེ་སྐྱིད་ལྷ་མོ་ལ་མཚོན་ནའང་། སྙན་ངག་དང་འཚོ་བ་ནི་ཁ་འབྲལ་དུ་མི་རུང་བ་ཞིག་ཏུ་སྣང་ལ་སྙན་ངག་ཁྲོད་ན་འཚོ་བ་ནི་མེད་དུ་མི་རུང་བ་ཞིག་དང་འཚོ་བའི་ཁྲོད་ན་སྙན་ངག་ནི་མེད་དུ་མི་རུང་བ་ཞིག་རེད་འདུག་ཞེས་བཤད་པ་བཞིན།
        ད་ལྟའི་བུད་མེད་སྙན་ངག་པ་དང་སྙན་ངག་ཁྲོད་ད་དུང་མི་འདང་བའི་ཆ་དང་ཤུགས་རྒྱག་དགོས་པའི་ཆ་ནས་རང་གི་ལྟ་ཚུལ་ཅུང་ཙམ་བརྗོད་ན།
        གཅིག་ནས་ད་ལྟའི་བར་བོད་ཀྱི་བུད་མེད་སྙན་ངག་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་པ་ཞིག་ཧ་ལམ་མེད། དེ་ཡང་གཙོ་བོར་བུད་མེད་སྙན་ངག་པ་ག་གེ་མོའི་སྙན་ངག་དང་བུད་མེད་སྙན་ངག་པ་ག་གེ་མོ་ལ་ཞིབ་འཇུག་བྱེད་པའི་ཁྲོད་དུ་ལུས་ཡོད་པས་ང་ཚོས་ཅིས་ཀྱང་འདིའི་སྟོང་ཆ་སྐོང་རྒྱུ་གལ་ཆེ་བར་སྙམ།
        གཉིས་ནི་སྙན་ངག་པའི་གྲངས་ཀ་དང་སྤུས་ཚད་ཀྱི་ཐད། ད་ལྟའི་བར་བུད་མེད་སྙན་ངག་པ་མང་དང་མང་དུ་བྱུང་དང་འབྱུང་བཞིན་ཡོད་པ་བདེན་མོད། འོན་ཀྱང་བུད་མེད་སྙན་ངག་གི་སྤུས་ཚད་ཀྱི་ཐད་ནས་ཀྱང་དོ་སྣང་གཙིགས་ཆེན་དུ་འཛིན་རྒྱུ་གལ་ཆེ་བར་སྙམ། གྲངས་ཀ་ལ་འགྱུར་ལྡོག་བྱུང་ན་སྤུས་ཀ་ལ་འགྱུར་ལྡོག་བྱུང་བ་ཆོས་ཉིད་ཡིན་མོད། འོན་ཀྱང་མཐའ་གཅིག་ཏུ་གྲངས་ཀ་ལ་ཤུགས་བསྣན་ཏེ་སྤུས་ཚད་སྣང་མེད་དུ་བསྐྱུར་ན་ཡང་མི་འགྲིག་པར་སྣང་བ་ནི་རང་གི་བསམ་ཚུལ་འབའ་ཞིག་གོ ། གསུམ་ནི་འགྲན་རྩོད་དང་སྤོབས་པའི་ཐད་ཀྱི་ཉམ་ཆུང་རང་བཞིན། སྤྱིར་བོད་ཀྱི་བུད་མེད་རྣམས་ཀྱི་ནང་བཤད་ཕོད་པ་དང་སྒྲུབ་ཕོད་པ་ཉུང་ཉུང་ཡིན་སྟབས་ད་དུང་བོད་ཀྱི་རྩོམ་སྟེགས་སུ་སྐྱེས་མ་ཚོར་དམིགས་བསལ་སྟེགས་བུ་ཞིག་གནང་ཡོད་པ་དེར་རྒན་འཆི་མེད་ལགས་ཀྱིས་འདི་ལྟར་བརྗོད་ཡོད་དེ།“འགྲན་རྩོད་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན་པའི་ཆོས་ཉིད་ཀྱིས། ང་ཚོར་ཆེད་དུ‘རྩོམ་སྟེགས'ཤིག་གནང་སྟེ་དེ་ནི་ང་ཚོའི་གསར་རྩོམ་ཐད་སོས་དལ་བག་ཕེབས་ཀྱི་གནས་མལ་ལེགས་པོ་ཞིག་གནང་བ་ལས། འགྲན་རྩོད་ཀྱི་བར་གསེང་ཞིག་བསྩལ་བ་རྩ་བ་ནས་མིན་པས། ང་ཚོ་བུད་མེད་དག་གི་གསར་རྩོམ་ལ་ནམ་ཡང་འཕེལ་རྒྱས་གསར་བ་ཡོད་མི་སྲིད”⑥ཞེས་པ་སོགས་ལས་ཀྱང་བུད་མེད་སྙན་ངག་པ་དང་སྙན་ངག་གི་ཁྲོད་མི་འདང་བའི་ཆ་དང་ཤུགས་སྣོན་རྒྱག་དགོས་པའི་ཆ་ལ་རང་གི་ལྟ་ཚུལ་ཙམ་བཏོན་པའོ།།
ཟུར་ལྟའི་དཔྱད་གཞི།
①ཀྲུང་གོའི་བོད་ལྗོངས་དྲ་བས་༢༠༡༤ལོའི་ཚེས་༢༣ཉིན་སྤེལ་བའི་ཀྲུང་དབྱང་མི་རིགས་སློབ་གྲྭའི་དགེ་རྒན་བཀྲ་བྷ་ཡིས་བོད་ཀྱི་དེང་རབས་རྩོམ་རིག་སྐོར་གླེང་བ།
②༢༠༠༩ལོའི་ཟླ༩བའི་ཚེས༢༠ཉིན་དགེ་ཆོས་དྲ་བས་གཙོ་སྒྲུབ་བྱས་པའི་ཚེ་སྐྱིད་ལྷ་མོར་བཅར་འདྲི་བྱས་པའི་པར་ངོས་༩བ་ན་གསལ།
③རྣམ་སྲས། དེང་རབས་བོད་ཀྱི་སྙན་ངག་གསར་བ་ལ་དཔྱད་པ་བློ་གསར་དགྱེས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་༩བ། ཤོག་ངོས་༢༣ན་གསལ།
④འགྱུར་མེད་ཀྱིས་བསྒྲིགས། རྩོམ་དཔྱད་གཏམ་ཚོགས་ལས་བུད་མེད་རྩོམ་པ་བོ་ཞིག་གི་སྙིང་དབུས་ཀྱི་འབོད་སྒྲ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༣༤༢ན་གསལ།
⑤དགེ་འདུན་ཆོས་འཕེལ། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་༡༠བ། ཤོག་ངོས༡༣ན་གསལ།
⑥མགོན་པོ་སྐྱིད་ཀྱིས་བསྒྲིགས། བོད་མིའི་དོགས་གཞི་དང་ཐུན་མོང་གི་ལྟ་ཚུལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༠༢༠ལོའི་ཟླ་༢པ། ཤོག་ངོས༡༠༥ན་གསལ།
⑦ཆབ་འགག་རྟ་མགྲིན། བོད་ཀྱི་དེང་རབས་རྩོམ་རིག་གི་ལོ་རྒྱུས། མི་རིགས་དཔེ་སྐྲུན་ཁང་། ༡༠༡༣ལོའི་ཟླ་༣པ།
⑧ཐོག་མའི་བོད་ཀྱི་སྐྱེས་མའི་རྩོམ་རིག་དུས་དེབ་གངས་རིའི་བུ་མོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་༧པ།

⑨ར་རྫ་འཇམ་དབྱངས་སྐྱིད། ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ་༣པ།

(《ཟླ་ཟེར།》སྤྱི་དེབ་134ལས་བཤུས།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1