གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཚོགས་གཉིས་རྒྱ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༢ཚེས་༡༨ཉིན།

༄༅།། སྣང་ས་འོད་འབུམ་གྱི་རྣམ་ཐར་ལ་དཔྱད་པ།

གཅིག གླེང་གཞི།
        བོད་ཀྱི་ཟློས་གར་ཆེན་མོ(ཨ་ཅེ་ལྷ་མོ།)བརྒྱད་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་དར་ཁྱབ་ཆེ་ལ། རྒྱ་ཆེའི་བོད་རིགས་མང་ཚོགས་ཀུན་གྱིས་དགའ་བསུ་ཆེན་པོ་བྱེད་པའི་འཁྲབ་སྟོན་སྒྱུ་རྩལ་གྱི་རིགས་ཤིག་ཡིན། དེའི་ནང་དོན་ལ་ཚིག་བཤད་པ་དང་གླུ་ལེན། བྲོ་འཁྲབ་པ་དང་དབྱངས་དཀྲོལ་བ་སོགས་མཉམ་བསྲེས་དང་གཅིག་སྒྲིལ་གྱིས་ཡིད་དབང་འཕྲོག་པའི་ལྟད་མོ་འཁྲབ་པ་ཞིག་ཡིན། སྐབས་བབས་སུ་གླེང་བར་བྱ་བའི་སྣང་ས་འོད་འབུམ་གྱི་རྣམ་ཐར་ནི་བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ལས་ཅུང་དམིགས་བསལ་གྱི་ཁྱད་ཆོས་ལྡན་ལ། ས་ཁོངས་རང་བཞིན་དང་དུས་རབས་རང་བཞིན་གྱི་ཁྱད་ཆོས་ཀྱང་ལྡན་ཡོད་དེ། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་གི་ལྷ་མོ་འཚོ་ཡིས་སྣང་ས་འོད་འབུམ་གྱི་རྣམ་ཐར་ནི་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ལས་དངོས་བྱུང་གཏམ་རྒྱུད་གཞི་བྱས་ནས་གྲུབ་པའི་འཁྲབ་གཞུང་གཅིག་པུ་ཡིན། དེ་ནི་བོད་སིལ་བུར་ཐོར་རྗེས་ཀྱི་ཁྲིམས་མེད་ལུགས་མེད་ཀྱི་སྤྱི་ཚོགས་ནང་གི་ཕལ་བའི་དུད་ཁྱིམ་གྱི་གཉོམ་ཆུང་བུ་མོ་ཞིག་གི་མི་ཚེའི་ལས་དབང་གཞུང་རྟ་བྱས་ཏེ་གཏམ་རྒྱུད་ཀྱི་མགོ་མཇུག་བར་གསུམ་ཚགས་དམ་ལ་འབྲེལ་ཆགས་པ། ཀྱག་ཀྱོག་གི་བརྒྱུད་རིམ་གྱིས་སྐྱེ་བོ་ཀུན་ལ་ཞིང་པའི་བུ་མོ་སྣང་ས་འོད་འབུམ་གྱི་མི་སྡུག་པའི་ལས་དབང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་སེམས་འགུལ་ཆེན་པོ་ཐེབས་ཤིང་། དྲང་ལྡོག་མི་སྣའི་སྣང་བརྙན་འབུར་དུ་ཐོན་ཞིང་ཆགས་སྡང་གི་དབྱེ་བ་གསལ་བས། ཕུལ་དུ་བྱུང་བའི་སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་ཤིག་ཡིན། ལྷག་པར་དུ་མདོ་དབུས་ས་མཐོའི་སྟེང་གི་བོད་རིགས་བུ་མོ་ཞིག་གི་མི་ཚེའི་ལས་དབང་འབྲེལ་བའི་གཏམ་རྒྱུད་བཤད་པ་ནི་ལྷ་མོའི་འཁྲབ་གཞུང་གཞན་དག་དང་བསྡུར་ནས་བཤད་ན། གཏམ་རྒྱུད་ཁྲོད་ཀྱི་ཁོར་ཡུག་དང་མི་སྣའི་རིག་གནས་ཀྱི་སེམས་ཁམས་དང་མཛེས་དཔྱོད་ཀྱི་འདུ་ཤེས་སོགས་ང་ཚོ་དང་ཆེས་ཐག་ཉེ་བས། སྣང་ས་འོད་འབུམ་གྱི་རྣམ་ཐར་ཁྲོད་མངོན་པའི་རིག་གནས་ཀྱི་སྙིང་སྟོབས་ལ་ཕྱིར་རྟོག་དང་བསམ་གཞིག་བྱེད་པ་ནི་བོད་ཀྱི་རིག་གནས་ལ་དོ་སྣང་དང་འཛིན་སྐྱོང་བྱེད་པ་ཞིག་ཡིན་པར་སྙམ།
གཉིས། རྣམ་ཐར་གྱི་སྒྲིག་གཞི།
        རྣམ་ཐར་ཡོངས་ནི་སྣང་ས་འོད་འབུམ་སྐུ་གྲོངས་པ་སྒལ་ཚིགས་སུ་བྱས་ཏེ་ཁག་ཆེན་པོ་གཉིས་སུ་ཕྱེ་ཡོད་དེ། དང་པོ་ནི་སྣང་ས་འོད་འབུམ་གྱིས་འཇིག་རྟེན་མི་ཆོས་སྒྲུབ་པའི་ལེའུ་དང་། གཉིས་པ་ནི་སྣང་ས་འོད་འབུམ་གྱིས་དམ་པའི་ལྷ་ཆོས་ཀྱི་ལེའུ་ཡིན་པར་བལྟ་ཆོག
        དང་པོ་འཇིག་རྟེན་མི་ཆོས་སྒྲུབ་པའི་ལེའུ་ནི་ཡབ་ཀུན་བཟང་བདེ་ཆེན་དང་ཡུམ་མྱང་ཚ་གསལ་སྒྲོན་གཉིས་ལ་བུ་མོ་སྣང་ས་འོད་འབུམ་སྐྱེས་པ་དང་། ཡབ་ཡུམ་གཉིས་ཀྱི་བདག་སྐྱོང་འོག་རིམ་བཞིན་ནར་སོན་ཞིང་། གཟུགས་མཛེས་འཕྱོར་སྒེག་ལྡན་ལ་གཞུང་རྒྱུད་དྲང་བ། བྱམས་སྙིང་རྗེ་ལྡན་ལ་རྒྱུ་འབྲས་བརྩི་བ། ཟས་ཀྱི་གཡོས་སྦྱོར་དང་། སྣམ་ལས་སོགས་ཁྱིམ་ཐབ་ཀྱི་ལས་ལ་བརྩོན་ཞིང་མཁས་པ་ཞིག་ཏུ་གྱུར། བུ་མོ་སྣང་ས་འོད་འབུམ་དགུང་ལོ་བཅོ་ལྔར་སོན་སྐབས་ཀྱི་གནས་རྙིང་གར་འཆམ་ལ་ལྟད་མོ་བལྟ་བར་ཕེབས། དཔོན་པོ་སྒྲ་ཆེན་གྱིས་རབ་གསལ་ནང་ནས་བུ་མོ་སྣང་ས་འོད་འབུམ་མཐོང་སྟེ་ཡིས་དབང་ཤོར་བས་བཙན་ཤེད་ཀྱིས་བུ་གྲགས་པ་བསམ་གྲུབ་གྱི་མནའ་མ་ཡིན་ཞེས་མདའ་དར་བཙུགས་ཤིང་གཉེན་སྒྲིག་བྱེད་དུ་བཅུག ལོ་ངོ་བདུན་ཙམ་སོང་རྗེས་སུ་སྲས་ལྷེའུ་དར་པོ་འཁྲུངས་པ། ཨ་ནེ་སྙེད་མོས་ཕྲག་དོག་དང་བརྙས་བཅོས་བཏང་བ། མཐར་དཔོན་སྒྲ་ཆེན་དང་གྲགས་པ་བསམ་གྲུབ་གཉིས་ཀྱི་ཉེས་རྡུང་དྲག་པོའི་འོག་ཚེ་ཡི་འཕེན་པ་རྫོགས་པ་ནི་འཇིག་རྟེན་འཁོར་བའི་ཆོས་ལ་ཞུགས་པའི་བརྒྱུད་རིམ་འདི་དག་ནི་འཚོ་བ་དངོས་ཇི་བཞིན་དོན་དངོས་དང་མཐུན་ཞིང་འཚོ་བའི་ཆོས་ཉིད་དང་མི་སྣའི་རང་གཤིས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པར་བྲིས་ཡོད།
        གཉིས་པ་སྣང་ས་འོད་འབུམ་གྱིས་དམ་པའི་ལྷ་ཆོས་སྒྲུབ་པའི་ལེའུ་ནི་སྣང་ས་འོད་འབུམ་འདས་ལོག་བྱུང་ནས་རྣལ་འབྱོར་མའི་ཆ་བྱད་བཞེས་ཤིང་། མྱང་སྟོད་ཡུལ་དུ་ཕེབས་སྐབས་མྱང་སྟོད་ཡུལ་གྱི་མི་ཐམས་ཅད་ཡ་མཚན་ངོ་མཚར་བསམ་ཡུལ་ལས་འདས་པ་བྱུང་སྟེ་དཔོན་པོ་སྒྲ་ཆེན་དང་། གྲགས་པ་བསམ་གྲུབ། ཨ་ནེ་སྙིད་མོ་ལ་སོགས་པ་སྔོན་ཆད་ཀྱི་གདུག་རྩུབ་ཐ་ཤལ་གྱི་བྱ་སྤྱོད་ལ་འགྱོད་བཤགས་དང་ཉེས་སྐྱོན་ཁས་ལེན་བྱས། དེ་ནས་སྣང་ས་འོད་འབུམ་གྱིས་འཇིག་རྟེན་འཁོར་བའི་གནས་སྤངས་ནས་བླ་མ་ཤཱཀྱའི་རྒྱལ་མཚན་གྱི་དྲུང་དུ་ལྷ་ཆོས་ཞུ་བར་ཕེབས། དཔོན་པོ་སྒྲ་ཆེན་ཚང་གིས་དམག་དྲངས་ནས་དགོན་པ་སེ་ར་གཡའ་ལུང་གི་མཐའ་བསྐོར་ནས་བླ་མ་ཤཱཀྱ་རྒྱལ་མཚན་གསོད་རྩིས་དང་སྣང་ས་འོད་འབུམ་བཙན་ཁྲིད་བྱ་རྩིས་བྱས་པ། བླ་མ་ཤཱཀྱ་རྒྱལ་མཚན་དང་སྣང་ས་འོད་འབུམ་གྱིས་གྲུབ་རྟགས་བསྟན་ནས་མདའ་གྲི་མདུང་གསུམ་གྱིས་མི་སྙེགས་པའི་བར་སྣང་མཐོངས་སུ་བཞུགས་ནས་དམག་རྣམས་ལ་ཁ་ཏ་བསླབ་བྱ་མཛད་ནས་བློ་སྣ་ཆོས་ལ་བཀུག་སྟེ་མཇུག་སྒྲིལ་བ་ནི་སྣང་ས་དབེན་གནས་སུ་ཕེབས་ཏེ་ལྷ་ཆོས་གཤའ་མ་བྱེད་པ་ཡིན་ལ། བརྒྱུད་རིམ་འདི་དག་གི་ཁྲོད་དུ་དོན་དངོས་ཀྱི་རྨང་གཞིིའི་སྟེང་རྟོག་པ་འཆར་ཡན་གྱི་འབྲི་ཐབས་ཀྱང་འོས་འཚམ་གྱིས་སྤྱད་ཡོད།
གསུམ། རྣམ་ཐར་གྱི་ཁྱད་ཆོས།
        སྐབས་འདིར་བཤད་པའི་ཁྱད་ཆོས་ནི་བོད་ཀྱི་རྣམ་ཐར་གཞན་དག་རྣམས་དང་བསྡུར་ན་དམིགས་བསལ་གྱི་ཁྱད་ཆོས་ལ་བསྟན་པ་ཡིན་ལ། སྣང་ས་འོད་འབུམ་གྱི་རྣམ་ཐར་གྱི་ས་བོན་ནི་བོད་རང་སའི་དམངས་ཁྲོད་ཀྱི་ངག་རྒྱུན་ཞིག་ཡིན་པ་དང་། བོད་རིགས་ཞིང་པའི་བུ་མོ་ཕལ་བ་ཞིག་གི་ཀྱག་ཀྱོག་གི་ལས་དབང་ཡིན་པས་དེའི་ཁྱད་ཆོས་ལ།
1.བར་ཐག་ཉེ་བའི་ལོ་རྒྱུས་རྒྱབ་ལྗོངས་ལྡན་པ།
        བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་དུ་གྲགས་པའི་ཁྲོད་དུ། དྲི་མེད་ཀུན་ལྡན་དང་། སྲས་དོན་ཡོད་དང་དོན་གྲུབ། པདྨ་འོད་འབར། ཆོས་རྒྱལ་ནོར་བཟང་བཅས་ཀྱི་རྩ་ཚིག་ཏུ་ཡུལ་ངོས་འཛིན་བྱེད་པའི་ཚེ། རྒྱ་གར་འཕགས་པའི་ཡུལ་ཞེས་གསལ་པོར་བསྟན་ཡོད་ལ། གཟུགས་ཀྱིི་ཉི་མའི་རྣམ་ཐར་དུ་དྲང་སྲོང་གི་བུ་མོ་གཟུགས་ཀྱི་ཉི་མ་དང་འགྲོ་བ་བཟང་མོའི་རྣམ་ཐར་ཁྲོད་དུ་བྲམ་ཟེའི་བུ་མོ་འགྲོ་བ་བཟང་མོ་ཞེས་བསྟན་ཡོད་པས། གོང་བརྗོད་ཀྱི་རྣམ་ཐར་ཁག་དྲུག་པོའི་ཡོང་ཁུངས་ནི་རྒྱ་གར་ནས་ཡིན་པ་གསལ་པོར་ཤེས་ཐུབ། འདི་དག་ཕུད་པའི་རྒྱ་བཟའ་དང་བལ་བཟའི་རྣམ་ཐར་དང་སྣང་ས་འོད་འབུམ་གྱི་རྣམ་ཐར་གྱི་གཏམ་རྒྱུད་ཡོང་ཁུངས་ནི་བོད་རང་ས་ནས་ཡིན་འདུག དེ་གཉིས་ལས་རྒྱ་བཟའ་དང་བལ་བཟའི་རྣམ་ཐར་ནི་དུས་རབས་བདུན་པའི་དུས་མགོ་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས་སུ་བྱུང་བ་ཡིན་ཞིང་། བརྗོད་བྱའི་ནང་དོན་ཡང་རྒྱལ་པོའི་ཕོ་བྲང་གི་ཆབ་སྲིད་དང་འབྲེལ་བའི་གཉེན་དོན་གྱི་སྐོར་ཡིན་པས། ང་ཚོར་མཚོན་ན་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་ཙམ་རེད། སྣང་ས་འོད་འབུམ་གྱི་རྣམ་ཐར་དུ་བསྟན་པའི་བུ་མོ་སྣང་ས་འོད་འབུམ་ནི་ཕ་ཡུལ་དབུས་གཙང་རུ་བཞིར་དབྱེ་བའི་ནང་ཚན་གཡས་རུ་གཙང་གི་ཡ་གྱལ་མྱང་སྟོད་རྒྱལ་རྩེ་ཡུལ་ལྗོངས་ཞེས་པ་ནས་ཡིན་ཞིང་། རྣམ་ཐར་ཁྲོད་དུ། སྟོན་བསྡུའི་སྐབས་སུ་རས་པ་ཆེ་ཆུང་གཉིས་ལ་བསོད་སྙོམས་བྱིན་པར་ཨ་ནེ་སྙིད་མོ་མ་རངས་པའི་གླུ་བླངས་པའི་ཚིག་ཏུ། སྟོད་ཀྱི་ལ་ཕྱི་གངས་ཀྱི་ར་བ་ན། །བོད་ཀྱི་རྣལ་འབྱོར་མི་ལ་རས་པ་བཞུགས་ཞེས་པ་ལས་གཏམ་རྒྱུད་འདི་ནི་མར་མི་དྭགས་གསུམ་ཁྲོད་ཀྱི་མི་ལ་རས་པ་དང་དུས་མཉམ་པར་བསྟན་པས། བོད་སིལ་བུར་འཐོར་ནས་ལོ་ངོ་བརྒྱ་ཕྲག་ལྷག་འདས་པའི་དུས་རབས་བཅུ་གཅིག་ནས་བཅུ་གཉིས་སྐབས་སུ་བྱུང་བའི་གཏམ་རྒྱུད་ཅིག་ཡིན་པ་རྟོགས་ཐུབ། དེ་ནི་བོད་སིལ་བུར་འཐོར་རྗེས་ཀྱི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག་ཅིང་ཁྲིམས་མེད་ལུགས་རལ་གྱི་སྤྱི་ཚོགས་ཤིག་ཡིན་ལ། དབུས་གཙང་ཡུལ་དུ་སྟོད་སྨད་གཉིས་ནས་མཆེད་དེ་འདུལ་བའི་བསྟན་པ་ཡང་བསྐྱར་དར་བའི་དུས་སྐབས་ཤིག་ཀྱང་ཡིན། གཏམ་རྒྱུད་ཀྱི་བརྗོད་སྙིང་དུ་གྱུར་པའི་ཕལ་བའི་ཁྱིམ་ཚང་གི་བུ་མོ་སྣང་སས་དྲིན་ཅན་ཕ་མར་སྲི་ཞུ་ཡག་པོ་སྒྲུབ་པ་དང་། སྣམ་ལས་དང་ཞིང་ལས་ལ་བརྩོན་ཞིང་། ཐབས་ལ་མཁས་པ་དང་། གནས་རྙིང་དགོན་པར་མཆོད་མཇལ་དུ་འགྲོ་བ་སོགས་ནི་ང་ཚོའི་སྲོལ་རྒྱུན་གྱི་རིན་ཐང་ལྟ་བའི་ཁྲོད་དུ་བཤད་པའི་བུད་མེད་མཛངས་མ་ཞེས་པའི་དཔེ་མཚོན་དུ་འགྱུར་བས། ང་ཚོའི་ཉེ་འགྲམ་གྱི་བུ་མོ་ཡ་རབས་ཤིག་གི་སྤྱོད་སྟངས་དང་འདྲ་ལ། རང་དང་ཧ་ཅང་ཐག་ཉེ་བའི་སྣང་བ་སྦྱིན།
2.མི་སྣའི་སྣང་བརྙན་གསོན་ཉམས་ལྡན་པ།
        རྣམ་ཐར་ཁྲོད་དུ་བྱུང་བའི་སྣང་བརྙན་འབུར་དུ་ཐོན་པའི་དྲང་ཕྱོགས་ཀྱི་མི་སྣ་གཙོ་བོ་ནི་སྣང་ས་འོད་འབུམ་དང་། ལྡོག་ཕྱོགས་མི་སྣ་གཙོ་བོ་ནི་དཔོན་པོ་སྒྲ་ཆེན་པ། སྙིད་མོ་ནེ་ཙོ་ཡིན། གལ་ཏེ་དྲང་ལྡོག་ཕྱོགས་གཉིས་ཀྱི་མི་སྣ་ཡིས་དཀར་ནག་དང་དགེ་སྡུག་གི་དབྱེ་བ་ཕྱེ་ན། སྣང་སའི་ཕ་མ་གཉིས་དང་གྲགས་པ་བསམ་གྲུབ་གསུམ་ནི་དཀར་ནག་གི་མཚམས་དང་དགེ་སྡིག་གི་བར་སྟོང་དུ་ཡོད་པའི་འགལ་འདུ་ཅན་ཞིག་ཡིན་ཏེ། མཆོག་གསུམ་གཙུག་ཏུ་བཀུར་བའི་ཡབ་ཀུན་བཟང་བདེ་ཆེན་དང་ཡུམ་མྱང་ཚ་གསལ་སྒྲོན་གཉིས་ནི་བུ་མོ་སྣང་སར་ཤིན་ཏུ་གཅེས་མོད། དཔོན་པོ་སྒྲ་ཆེན་པའི་དབང་ཤེད་དང་སྟོབས་འབྱོར་ལ་མགོ་སྒུར་ཏེ་དཔྲལ་བའི་མིག་དང་འདྲ་བའི་བུ་མོ་མནའ་མར་སྤྲད་ལ། གྲགས་པ་བསམ་གྲུབ་ནི་སྣང་ས་འོད་འབུམ་ལ་བརྩེ་ཞིང་དུངས་མོད། སྙིད་མོ་ནེ་ཙོའི་རྫུན་དང་ཕྲ་མར་ཡིད་ཆེས་ཀྱིས་རང་གི་ཚེ་གྲོགས་ལ་རྡུང་རྡེག་བྱས་ཏེ་ལྔ་ལམ་དུ་དེད་པའོ། ། དེ་བྱིངས་ཀྱི་ཇོ་མོ་བསོད་ནམས་རྒྱལ་མོ་དང་། གཡོག་མོ་འཛོམས་པ་སྐྱིད། བློན་པོ་བསོད་ནམས་དཔལ་བསྐྱེད། རས་པ་བླ་སློབ་གཉིས། བླ་མ་ཤཱཀྱ་རྒྱལ་མཚན་སོགས་ལ་འབུར་དུ་ཐོན་པའི་སྣང་བརྙན་བཞེངས་སྐྲུན་གནང་མེད།
        དྲང་ཕྱོགས་མི་སྣ་སྣང་ས་འོད་འབུམ་ནི་ཕལ་བའི་ཁྱིམ་ཚང་ཞིག་གི་བུ་མོར་སྐྱེས་ཤིང་། གཟུགས་མཛེས་ལང་ཚོའིི་དཔལ་གྱིས་རྫོགས་ཤིང་། གཞུང་དྲང་གཤིས་འཇམ། བྱམས་དང་སྙིང་རྗེ་ཆེ་བ། ཟས་ཀྱི་གཡོས་སྦྱོར་དང་། སྣམ་ལས། ཞིང་ལས་སོགས་ལ་བརྩོན་ཞིང་མཁས་པ། བུད་མེད་ཀྱི་སྐྱོན་ལྔ་སྤངས་ཤིང་མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་པའི་སྣང་བརྙན་ཞིག་བཞེངས་བསྐྲུན་མཛད་ཡོད་པས། བོད་ཀྱི་རིག་གནས་ཀྱི་མཛེས་དཔྱོད་ལྟ་བའི་ཁྲོད་དུ་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་ཡིད་སྨོན་བྱེད་པའི་མིག་དཔེ་ལྟ་བུར་ཆགས་ཡོད་དེ། སྔ་དྲོ་ལངས་པའི་སྔ་མ་དང་དགོང་མོ་ཉལ་བའི་རྟིང་མ་བྱས་ནས་ལྗང་ཕད་ཁུད་ཀྱི་ཁྱིམ་དེའི་འབྱོར་བ་ཕུན་སུམ་ཚོགས་པ་བྱུང་བ་དང་། སྒྲ་ཆེན་དཔོན་པོ་ཚང་གི་མནའ་མར་ཆས་ནས་ཀྱང་འཁོར་གཡོག་ཀུན་ལ་བྱམས་པོ་མཛད་པས་ཀུན་གྱི་དགའ་མོས་ཐོབ།
        ལྡོག་ཕྱོགས་མི་སྣ་རི་ནང་དཔོན་པོ་སྒྲ་ཆེན་ནི་ཡུལ་ལུང་བྱེ་བྲག་པ་ཞིག་གི་དཔོན་པོ་ཡིན་ཞིང་། ཁོ་ནི་མེ་ལས་དབལ་ཚ་བ། ཆུ་ལས་རླབས་དྲག་པ། རྔ་མ་ལས་ཉག་ཕྲ་བ། རྒྱ་གཡེར་ལས་ཁ་ཚ་བ། སྲན་མ་ལས་རྡོག་འགྲིལ་བ། བག་ཕྱེ་ལས་རྩི་ཞིབ་པ་ཞིག་ཡིན་པར་བསྟན་ལ། དབང་དང་བཙན་ཤེད་ཆེ་བའི་དཔོན་པོ་གཏུམ་དྲག་ཅན་ཞིག་ཡིན་ཏེ། བུ་མོ་སྣང་ས་བཙན་གྱིས་རང་གི་བུ་གྲགས་པ་བསམ་གྲུབ་ཀྱི་མནའ་མར་བླངས་ཤིང་། མཇུག་ཏུ་རྡུང་རྡེག་དྲག་པོ་བཏང་ནས་ལྔ་ལམ་དུ་དེད་པ་རེད། སྙིད་མོ་ནེ་ཙོ་ནི་བློ་སྣ་ཐུང་ཞིང་། བྱ་བྱེད་ལ་མི་མཁས་པ། གཞན་གྱི་ཕུན་ཚོགས་དང་ཡོན་ཏན་ལ་སྡང་སེམས་དང་ཕྲག་དོག་བྱེད་མཁན་ཞིག་ཡིན་ཏེ། སྣང་ས་འོད་འབུམ་བུ་སྐྱེས་ཀྱི་ཨ་མར་གྱུར་ཞིང་། འཁོར་གཡོག་ཀུན་གྱིས་དགའ་མོས་བྱས་པར་ཕྲག་དོག་དུག་གིས་མྱོས་ཏེ་གཅར་རྡུང་དང་ཕྲ་མ་གང་ཐུབ་བྱས་པ་རེད།
        སྣང་བརྙན་འདི་དག་བཞེངས་བསྐྲུན་དང་གཏམ་རྒྱུད་ཀྱི་འཕེལ་རིམ་ཁྲོད་ནས། ལྡོག་ཕྱོགས་མི་སྣ་རི་ནང་དཔོན་པོ་ཕ་བུ་དང་། སྙིད་མོ་ནེ་ཙོ་གསུམ་གྱིས་མ་རུང་བའི་སྦྱོར་བ་སྣ་ཚོགས་ཀྱིས་སྣང་ས་འོད་འབུམ་ལ་བརྙས་བཅོས་དང་མནར་གཅོད་སྣ་ཚོགས་མྱོང་དུ་བཅུག་ལ། སྐྱོ་གར་གྱི་རྣམ་པས་སྣང་སའི་སྣང་བརྙན་ནི་རླབས་ཆེན་དང་གཟི་བརྗིད་ཅན་ཞིག་ཏུ་བསྐྲུན་ནས་མི་རྣམས་ཀྱི་བློ་ཁ་སྣང་སའི་ཕྱོགས་སུ་བཀུགས་ཏེ། ཡ་རབས་གུས་ཞབས་ལྡན་པ་དང་། ལས་འབྲས་བརྩི་བ། ལས་ལ་བརྩོན་ཏེ་བདེ་སྐྱིད་ཀྱི་འཚོ་བར་སྙེག་པའི་སེམས་ཁམས་ཤིག་མངོན་མཚོན་བྱས་ཡོད་ལ། ཞོར་དུ་སྐབས་དེའིི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཁྲོད་དབང་སྒྱུར་དཔོན་པོའི་ཁྲིམས་མེད་དབང་ཤེད་བཙན་པོའི་གཉའ་གནོན་ལ་སུན་འབྱིན་དང་སྡང་སེམས་ཤིག་ཀྱང་མཚོན་ཡོད།
བཞི། མཇུག་བསྡུ་བ།
        སྤྱི་ཚོགས་ནི་རྩོམ་རིག་གི་འབྱུང་ཁུངས་ཡིན་ལ། རྩོམ་རིག་གིས་སྤྱི་ཚོགས་འཚོ་བ་ཚུར་སྣང་བྱེད་པ་བཞིན་སྣང་ས་འོད་འབུམ་གྱི་རྣམ་ཐར་གྱིས་བོད་ཀྱི་བཀས་བཀོད་རྒྱུད་འཛིན་དུས་སྐབས་ཀྱི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་མཚོན་ཡོད་པ་རྟོགས་ཐུབ་སྟེ། དུས་སྐབས་དེ་ནི་བོད་བཙན་པོའི་སྐབས་ཀྱི་དགྲ་འདུལ་གཉེན་སྐྱོང་གི་མི་ཆོས་བསམ་བློ་དེ་བསྟན་པ་ཕྱི་དར་གྱི་ཤུགས་རྐྱེན་འོག་རིམ་བཞིན་འགྱུར་ཏེ། མི་ཐམས་ཅད་ཀྱིས་ཆོས་ལ་དད་གུས་དང་སྦྱངས་བརྩོན་བྱས་ཏེ་ཐར་བ་དང་ཐར་ལམ་སྙེགས་པའིི་དུས་སྐབས་ཤིག་ཏུ་འཁེལ་ཡོད། སྣང་ས་འོད་འབུམ་གྱི་རྣམ་ཐར་ལས་ཀྱང་སྲིད་པའི་ཕུན་ཚོགས་ལ་ཡིད་རྟོན་མི་རུང་བར་དམ་ཆོས་རྣལ་མ་ཞིག་སྒྲུབ་ཐུབ་ན་དེ་ལས་ལྷག་པ་ཞིག་མེད་པར་བསྟན་ཏེ། སྣང་ས་འོད་འབུམ་གྱིས་བདེ་སྐྱིད་འཚོ་བ་དང་ཕ་མ་བུ་ཕྲུག་ཐམས་ཅད་རྒྱབ་ཏུ་དོར་ནས་དབེན་གནས་འགྲིམས་ཏེ་དམ་ཆོས་གཤའ་མ་ཞིག་སྒྲུབ་པའི་ལམ་ལ་ཞུགས་པ་སོགས་ནི་འཁོར་བའི་ཟང་ཟིང་ལ་སྙིང་པོ་མེད་པ་དང་། དོན་གྱི་སྙིང་པོ་ནི་དབེན་གནས་འགྲིམས་ཤིང་དམ་ཆོས་སྒྲུབ་ནས་ཐར་བ་འཚོལ་བའི་གཏམ་རྒྱུད་ཀྱིས་མི་རྣམས་ཀྱི་བློ་ཁ་ཆོས་ལ་ཕྱོགས་པར་སྐུལ་ཡོད། ད་དུང་དབང་སྒྱུར་གྲལ་རིམ་གྱི་གདུག་རྩུབ་ཆེ་བའི་གཏུམ་སྤྱོད་འོག་ན་མི་དམངས་ལ་རང་དབང་མེད་པ་དང་། ལས་ལ་བརྩོན་ཞིང་གཞུང་རྒྱུད་དྲང་བའི་མི་ལ་བསྟོད་བསྔགས་དང་གཡོ་ཁྲམ་ལ་མཁས་པའི་མིི་ངན་ལ་སྡང་སེམས་བྱེད་པའི་རིག་གནས་ཀྱི་སེམས་ཁམས་ཡང་མངོན་ཡོད་པས། མང་པོའི་གྲས་ནས་དམིགས་སུ་བཟུང་སྟེ་རང་བློས་ནུས་ཚོད་ཀྱིས་དཔྱད་པ་བཏང་ཁུལ་བྱས་མོད། ཡིན་ནའང་རང་རྒྱུད་ཀྱི་ཤེས་ཡོན་དམན་པའི་དབང་གིས་གོ་འཛོལ་དང་ནོར་སྐྱོན་མང་པོ་བྱུང་ཡོད་སྲིད་པས། ཁྱེད་ཉིད་ཀྱི་རྣམ་དཔྱོད་ཡངས་པོས་སྙིགས་དོར་བྱེད་ཅིང་དགོངས་འཆར་འདོན་པར་མཁྱེན། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1