གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༢ཚེས་༡༩ཉིན།

༄༅།། གཞང་འབྲུམ་དང་དེའི་འབྱུང་རྐྱེན།

        གཞང་འབྲུམ་ནི་སྤྱིར་ན་ནད་གཞི་ཉེན་ཁ་ཡོད་པ་ཞིག་དང་། སེམས་ཁུར་བྱེད་དགོས་པ་ཞིག་མིན། ཡིན་ན་ཡང་། དེས་མི་མང་པོ་ཞིག་ལ་ཉིན་རེ་བཞིན་ཅ་ཟིང་པོ་བཟོ་གིན་ཡོད། དེ་བས། འདིར་ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གི་འཕྲོད་བསྟེན་སྡེ་ཁག་གིས་བཏོན་པའི་རྩོམ་ཡིག་ཅིག་གཞི་ལ་བཞག་ནས་གཞང་འབྲུམ་དང་། དེའི་འབྱུང་རྐྱེན། བཅོས་ཐབས་བཅས་ཀྱི་སྐོར་ངོ་སྤྲོད་བྱེད་རྒྱུ་ཡིན།
        མངལ་སྦྲུམ་པའི་གནས་སྐབས་སུ་སྐྱེས་སྨན་མང་པོ་གཞང་འབྲུམ་གྱི་དཀའ་ངལ་བརྒྱུད་ཀྱིན་ཡོད་ལ། མི་ཚེའི་དཀྱིལ་ལ་སླེབས་དུས་གཞང་འབྲུམ་ནི་རྒྱུན་ཆགས་ཀྱི་དཀའ་ངལ་ཞིག་ཡིན། ལོ་ན་ལྔ་བཅུར་ལོན་པའི་མི་འབོར་སྤྱིའི་བརྒྱ་ཆ་ལྔ་བཅུ་ཙམ་གྱིས་གཞང་འབྲུམ་གྱི་དཀའ་ངལ་འདི་ཐེངས་གཅིག་གམ་ཡང་ན་དེ་ལས་མང་བ་ཉམས་སུ་མྱོང་བཞིན་ཡོད། དཀའ་ངལ་དེ་དག་ནི་གཞང་ལམ་ན་བ་དང་། ཟ་འཁྲུག་ལངས་པ། ཁྲག་ཟགས་པ། འབྲུམ་བུ་ཐོན་པའམ། གཞང་སྒོ་(རྐུབ་ཁུང་)ནས་ཤ་ཐོན་པའང་སྲིད། གཞང་འབྲུམ་འདི་སྤྱིར་ན་ཉེན་ཁ་ཆེ་བ་ཞིག་མིན་ཡང་། བསྐྱར་ལོག་ཡང་ལོག་འབྱུང་བ་ཞིག་ཡིན་པས་ཉིན་རྒྱུན་གྱི་འཚོ་བ་ཅ་ཟིང་པོ་བཟོ་མཁན་ཞིག་ཡིན། སྟབས་ལེགས་པ་ཞིག་ལ་གཞང་འབྲུམ་ལ་སྟངས་འཛིན་དང་གསོ་བཅོས་བྱེད་ཐབས་ཧ་ཅང་མང་པོ་ཡོད།

གཞང་འབྲུམ་ནི་ཅི་ཞིག་ཡིན་ནམ།
        དོན་དངོས་ཐོག་གཞང་འབྲུམ་ཞེས་པ་ནི་གཞང་ལམ་མམ། ཁ་གསལ་བོར་བཤད་ན་རྐུབ་ལམ་ལ་རྨའམ། འབྲུམ་པ་ཆགས་པར་གོ་བ་ཡིན། གཡོན་ངོས་སུ་ཡོད་པའི་པར་རིས་ནི་གཞང་སྒོའམ། རྐུབ་ཁུང་མཚམས་གྱི་འཕོང་ཤ་འཕྲེད་དུ་གཏུབ་པའི་བྲིས་རིས་རེད། དེར་ཁ་དོག་དམར་སྨུག་གམ་མུ་མེན་ཅན་ཆེ་ཆུང་གཉིས་ཡོད་པ་ནི་གཞང་འབྲུམ་ཡིན། གཞང་འབྲུམ་གཉིས་ལས་གོང་མ་དེར་གཞང་འབྲུམ་ནང་མ་དང་། འོག་མའམ། ཆུང་བ་དེར་གཞང་འབྲུམ་ཕྱི་མར་འབོད་པ་རེད། གཞང་འབྲུམ་ཐོན་མཁན་ཚོར་ཕྱི་ནང་གཉིས་ཀར་ཐོན་སྲིད་པ་མ་ཟད། ཁ་ཤས་ལ་ཕྱི་མ་གཅིག་པུ་དང་། ལ་ལར་ནང་མ་གཅིག་པུ་ཐོན་པའང་ཡོད། གཞང་འབྲུམ་ནང་མ་ཐོན་ས་དེ་དོན་དངོས་ཐོག་གཞང་ལམ་མིན། གནས་དེ་ལ་ཚན་རིག་གི་བརྡ་ཆད་དུ་Rectum ཟེར་ཞིང་། རྒྱ་སྐད་དུ་དེ་ལ་直肠ཟེར། དབྱིན་ཡིག་གི་ Rectum ཟེར་བའི་ཐ་སྙད་འདིའི་ཡོང་ཁུངས་ལཱ་ཏིན་སྐད་ཡིན་པ་དང་། དེའི་གོ་དོན་ནི་ “རྒྱུ་མ་དྲང་པོའམ” གཡས་འཁྱོག་གཡོན་འཁྱོག་མེད་པར་ཐད་ཀར་དུ་ཡོད་པའི་རྒྱུ་མར་གོ་བ་རེད། ང་ཚོའི་སྨན་གཞུང་དུ་འདི་ལ་ “གཉེ་མ་”རུ་འབོད་ཅེས་ངེད་དྲ་བའི་སྐད་འཕྲིན་ཚོགས་པའི་ནང་གི་ཨེམ་རྗེ་ཁ་ཤས་ཀྱིས་གསུངས། (ངེད་དྲ་བའི་སྐད་འཕྲིན་ཚོགས་པར་བཞུགས་པའི་ཨེམ་རྗེ་རྣམ་པས་བརྡ་ཆད་གཏན་ལ་ཕབ་མཚུམས་སུ་འདིར་དག་བཅོས་བྱེད་རྒྱུ་ཡིན་པ་ཐུགས་འཇགས་འཚལ།) གཉེ་མ་ནི་རྒྱུ་ཆེན་དང་། གཞང་ལམ་མམ་རྐུབ་ཁུང་གཉིས་ཀྱི་བར་མཚམས་སུ་ཡོད།
        ཕྱོགས་གཅིག་ནས་བཤད་ན་མི་ཚང་མར་གཞང་འབྲུམ་ཡོད། དེ་ནི་གཉེ་མའི་སྨད་དང་གཞང་ལམ་མཐའི་བེ་སྣབས་སྐྱི་ཤུན་(mucous membrane/粘膜)འོག་ཏུ་ཡོད་པའི་སྡོད་རྩའི་ཚོགས་དེ་ཡིན།
        ང་ཚོས་ “གཞང་འབྲུམ་” དུ་འབོད་བཞིན་པའི་གནས་སྟངས་འདི་ནི་གོང་གི་སྡོད་རྩ་འདི་དག་ལ་གནོན་ཤུགས་ཐེབས་པ་ལ་བརྟེན་ནས་སྐྲངས་པ་ལས་བྱུང་། སྡོད་རྩའི་ནང་དུ་ཡོད་པའི་ཁྲག་རྣམས་འཐེན་ཤུགས་ལ་ཁ་གཏད་གཅོག་ཞོར་རང་སྟོབས་ཀྱིས་ཕྱིར་སྙིང་གི་ནང་དུ་འགྲོ་དགོས་པ་དང་། (སྙིང་དང་། ཁྲག་གི་འཁོར་རྒྱུགས་སྐོར་ཞིབ་ཏུ་ཤེས་འདོད་ན་འདིར་སྣུན།) དེའི་སྟེང་ལ་རྩྭ་སྐམ་མམ་བཤང་བཀག་(constipation/便秘)གི་དཀའ་ངལ་ཡོད་དུས། ཤུགས་རྒྱག་ནས་ཆབ་ཆེན་མར་བཙིར་བ། ཡུན་རིང་པོར་སར་སྡོད་པའམ། དམིགས་བསལ་གྱིས་དགེ་འདུན་པ་ཚོ་འབོལ་གདན་མེད་པར་དཀྱིལ་ཀྲུང་གིས་སར་སྡོད་དུས་གཞང་སྒོར་གནོན་ཤུགས་ཐད་ཀར་དུ་སླེབས་ཀྱིན་ཡོད། དེ་ལྟའི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་གནས་ཁུལ་འདིའི་སྡོད་རྩའི་ནང་གི་ཁྲག་ཡར་རྒྱུག་མ་ཐུབ་པར་ལྷག་པས་སྡོད་རྩ་སྐྲངས་པའི་གནས་སྟངས་འདི་བྱུང་བ་རེད།
        གོང་དུ་མདོ་ཙམ་ཞུས་ཟིན་པ་ལྟར། གཞང་འབྲུམ་ལ་ནང་མ་དང་ཕྱི་མ་གཉིས་ཡོད་པ་ལས་གཉེ་མའི་སྨད་ལ་འབྱུང་བ་དེར་གཞང་འབྲུམ་ནང་མ་(internal hemorrhoid/内痔)དང་། གཞང་སྒོའི་ཕྱི་མཐར་འབྱུང་བ་ལ་གཞང་འབྲུམ་ཕྱི་མ་(external hemorrhoid/外痔)ཟེར་བ་རེད། གཞང་འབྲུམ་ཕྱི་མ་ནི་ཅ་ཟིང་ཤོས་ཡིན་པ་སྟེ། གཞང་སྒོའི་ཉེ་འཁོར་གྱི་སྐྱི་པགས་ལ་ཟ་འཕྲུག་ལངས་པ་དང་ཤུན་པགས་དཔྲལ་བ་སོགས་འབྱུང་། གལ་སྲིད་གཞང་འབྲུམ་ཕྱི་མའི་ནང་ངོས་སུ་ཁྲག་ལིང་ཆགས་ན་དེས་ན་ཟུག་གློ་བུར་བ་དང་བཟོད་གླགས་མེད་པ་སྟེར་ཞིང་། གནས་ཁུལ་དེར་ཡང་ལཱ་སྤར་བ་ལྟ་བུའི་ཚ་སྣང་འབྱིན་པ་དང་།
        གཞང་འབྲུམ་ནང་མ་ལ་སྤྱིའི་ཆ་ནས་ཁྲག་ཟགས་རུང་ན་ཟུག་མེད། གཅིག་བྱས་ན་སྐབས་རེར་ཁྱོད་ཀྱིས་གཙང་ཤོག་སྟེང་ཁྲག་འགོས་ཡོད་པའམ། ཡང་ན་ཆབ་ཆེན་སྟེང་ཁྲག་འགོས་ཡོད་པ་མཐོང་ཡོད་སྲིད། གཞང་འབྲུམ་ནང་མ་འདི་སྐབས་རེར་གཞང་སྒོའི་ཕྱི་ལ་རུད་ཡོང་བ་དང་། དེས་ཉེན་ཁ་ཆེ་བའི་གནས་སྟངས་འགའ་བསྐྱེད་སྲིད་པ་ཡིན། དེ་བས། གནས་སྟངས་འདི་འདྲ་བྱུང་ན་ངེས་པར་སྨན་པར་བསྟེན་ནས་བདག་གཅེས་བྱེད་དགོས།
གཞང་འབྲུམ་འདི་ཅི་ཞིག་གིས་བསྐྱེད་པ་ཡིན་ནམ།
        གཞང་འབྲུམ་གྱི་རྒྱུ་རྐྱེན་ཅི་ཡིན་ཐད་ཆེད་ལས་མཁས་པ་ཚོར་གཅིག་གྱུར་གྱི་འདོད་ཚུལ་ཞིག་མེད། ཡིན་ན་ཡང་རྒྱུ་རྐྱེན་ཁ་ཤས་ཤིག་གིས་ང་ཚོར་དཀའ་ངལ་འདི་བསྐྱེད་ཀྱིན་ཡོད། ཡོངས་གྲགས་ཀྱི་འདོད་ཚུལ་ལྟར་ན་གཞང་འབྲུམ་ནི་ཡུན་གནས་བཤང་བཀག་(constipation/便秘) དང་། ཆབ་ཆེན་གཏོང་དུས་ནན་གྱིས་བཙིར་བ། གསང་སྤྱོད་ནང་རྒྱུན་རིང་བོར་སྡོད་པ་སོགས་དང་འབྲེལ་ཆགས་ཡོད་པ་རེད། གོང་གི་གནས་སྟངས་ཚང་མས་གཞང་སྒོའི་མཚམས་ཀྱི་ཁྲག་ཡར་རྒྱུ་བར་གེགས་བྱེད་པ་ཡིན་པས། གནས་ཁུལ་དེའི་ཁྲག་རྩའི་ནང་ཁྲག་མང་དུ་བསགས་ནས་རྩ་ལམ་སྐྲངས་པར་བྱེད་ཀྱིན་ཡོད། གནས་བབ་འདིས་ང་ཚོར་སྦྲུམ་མ་ཚོར་དཀའ་ངལ་འབྱུང་བའི་རྐྱེན་ཅི་ཡིན་ཡང་ར་སྤྲོད་བྱེད་ཀྱིན་ཡོད་པ་སྟེ། བུ་སྣོད་ཇེ་ཆེར་སོང་ནས་གནས་ཁུལ་འདིའི་སྡོད་རྩར་གནོན་ཤུགས་ཐེབས་ཀྱིན་ཡོད།
        ཉེ་བའི་ཞིབ་འཇུག་གྲུབ་དོན་ཁག་གིས་བསྟན་པ་ལྟར་ན། གཞང་འབྲུམ་ཡོད་མཁན་ཚོའི་གཞང་སྒོའི་ཤ་རྒྱུས་འཇམ་པོ་(ཤ་རྒྱུས་ལ་རིགས་གསུམ་ཡོད་པ་ལས་གཅིག)རྣམས་སྤྱི་ཡོངས་ཀྱི་མིའི་གཞང་སྒོའི་ཤ་རྒྱུས་ལས་དམ་པ་ཡོད་པ་དང་། དེའི་སྟེང་ལ་ཁོང་ཚོ་མང་ཆེ་བར་རྩྭ་སྐམ་མམ་བཤང་བཀཀ་གི་ཡོད་པས་དེས་དཀའ་ངལ་འདི་འབྱུང་རྒྱུའི་ཉེན་ཁ་ཇེ་ཆེར་བཏང་བ་རེད། ད་དུང་ལོ་ན་ཡར་སོན་རིམ་བཞིན་གཞང་སྒོའི་ཁུལ་གྱི་གཞང་འབྲུམ་སྐྱོར་མཁན་གྱི་དྲ་འབྲེལ་ཕུང་གྲུབ་(ཕུང་གྲུབ་ལ་རིགས་བཞི་ཡོད་པ་ལས་གཅིག་)ཀྱི་ཤུགས་ཟད་པས་གཞང་འབྲུམ་སྐྲངས་ཤིང་ཕྱིར་རུད་པའི་དཀའ་ངལ་འདི་འབྱུང་བ་རེད།
གཞང་འབྲུམ་བརྟག་ཐབས།
        གཞང་འབྲུམ་ནི་རང་གི་འཕྲོད་བསྟེན་ལོ་རྒྱུས་དང་། ལུས་བཤེར་སྟབས་བདེ་རེ་བྱས་པས་ཤེས་སླ། གཞང་འབྲུམ་ཕྱི་མ་རྣམས་སྤྱིའི་ཆ་ནས་མངོན་གསལ་དོད་པོ་ཡིན་པ་མ་ཟད། དམིགས་བསལ་གྱིས་ཁྲག་རླིང་ཆགས་ཡོད་ཚེ་མིག་རྗེན་པས་མཐོང་ཐུབ་པ་རེད།
        སྨན་པར་བསྟེན་པ་ཡིན་ན། སྨན་པས་ཆབ་ཆེན་ནང་ཁྲག་འདྲེས་མིན་དང་། དེ་བཞིན་འགྱིག་གི་སྦུ་གུ་ཆུང་ཆུང་ཞིག་གཞང་ལམ་ལ་བཅུག་ནས་བརྟག་ཀྱང་སྲིད་པ་རེད། གལ་སྲིད་ཆབ་ཆེན་ནང་ཁྲག་འདྲེས་པ་མངོན་ཚེ་དེའི་འབྱུང་རྐྱེན་འཚོལ་ཆེད་སྦུ་གུ་མཉེན་མོ་གཞན་ཞིག་བཀོལ་སྲིད་པ་ཡིན།
        ལོ་ན་ལྔ་བཅུར་བརྒལ་བའི་སྐྱེས་མ་ཚོར་དམིགས་བསལ་གྱིས་བརྟག་དཔྱད་འདི་བྱེད་སྲིད་པ་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1