གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བརྙན་འཕྲིན་ཁང་། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༢ཚེས་༡༩ཉིན།

༄༅།། ཆུ་ཆེན་མ་ནེའི་སྐོར་བྲོ།


               
        མ་ནེའི་སྐོར་བྲོ་ཡི་བཤད་རྒྱུན་ནི་རྒྱལ་རོང་དམངས་ཁྲོད་དཔའ་བོ་ཨ་མྱེ་སྒ་ལྡོང་གིས་བདུད་བཏུལ་ནས་རྒྱལ་ཁ་བླངས་སྐབས་སྤེལ་བའི་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཞིག་ཡིན། རྗེས་སུ་རིམ་བཞིན་རྟེན་འབྲེལ་ཞུ་བ་དང་གོ་རིམ་མི་སྣ་སྐྱེལ་བསུ་མཛད་སྒོ་ཞིག་ཏུ་འཕེལ། ཀྲུང་གོ་གསར་བ་བཙུགས་རྗེས་དམངས་ཁྲོད་དུ་དར་ཁྱབ་བྱུང་།
        རྒྱུན་རིང་གི་ལོ་རྒྱུས་ཆུ་བོའི་བཞུར་རྒྱུན་ཁྲོད་དུ། ཆུ་ཆེན་ས་ཁུལ་གྱི་རྒྱལ་རོང་སྐོར་བྲོ་ལས་ལོ་ངོ་སྟོང་ཕྲག་རིང་གི་ཁྲག་དམར་དང་མིག་ཆུ། དགའ་སྐྱིད་བཅས་གླུ་རུ་བླངས་ཡོད། ཁང་ཆིན་རྒྱལ་རབས་ཀྱི་ཞབས་རྗེས་འགོད་སའི་མཁར་ནང་དུ་སྐོར་བྲོ་འཁྲབ་ཡོད། དེ་ལས་ཆུ་ཆེན་ས་ཁུལ་གྱི་རྒྱལ་རོང་སྐོར་བྲོ་ཡི་བག་ཆགས་ཟབ་པར་མ་ཟད། ཕོ་བྲང་ནང་གི་རྒྱལ་བོ་དང་རྗེ་རིགས་ཀྱང་དགའ་ས་ཞིག་ཏུ་གྱུར་པ་མཚོན་ཐུབ།  
       མ་ནེའི་སྐོར་བྲོ་ནི་ཆུ་ཆེན་ས་ཁུལ་དུ་དར་ཁྱབ་ཆེ་བའི་རྒྱལ་རོང་སྐོར་བྲོ་ནང་གི་ཆེས་ཚབ་མཚོན་རང་བཞིན་ལྡན་པའི་རིགས་ཤིག་ཡིན། གནའ་བོའི་ཤར་རྒྱལ་མོ་ཚ་བ་རོང་གི་གོམས་སྲོལ་རྒྱུན་འཛིན་བྱས་ཡོད། མི་རིགས་གླུ་གར་གྱི་ཡ་མཚན་ཆེན་མོ་ཞེས་ཀྱང་འབོད། དུས་ཆེན་སླེབས་ཐེངས་རེར། ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་རྣམས་ལྷན་དུ་འཛོམས་ཤིང་། ལུས་སུ་རྒྱལ་རོང་རྒྱན་གོས་གྱོན་པ། སྐྱེས་པ་དག་གིས་མགོ་ལ་ཝ་ཞྭ་དང་རྒྱ་ཞྭ་གྱོན་པ། ལུས་སུ་སྲམ་དང་གཟིག སྟག་ལྤགས་བཅས་ཀྱིས་བརྒྱན་པ་དང་། རྐེད་ཡངས་ལ་ཕུ་རིང་བའི་བོད་ལྭ་གྱོན་པ། སྐེ་ལ་སྲུང་འཁོར་དང་གའུ་འདོགས་པ། རྐེད་པར་གྲི་ཐུང་འདོགས་པར་མ་ཟད། གྲི་ཤུབས་ལ་བྱུ་རུའི་ཕྲ་རྒྱན་དང་དངུལ་གྱི་ཕྲ་རྒྱན་གྱིས་སྤྲས་པས་ཧ་ཅང་ཡིད་དུ་འོང་བ་ཞིག་ཡིན། རྐང་བར་བཟོ་བཀོད་ཧ་ཅང་ལེགས་པའི་བོད་ལུགས་ཀོ་ལྷམ་གྱོན་པ། སྐྱེས་མ་དག་གིས་ལུས་སུ་མཛེས་པའི་ཕུ་རིང་སྟོད་ལྭ་གྱོན་ཞིང་། རྐེད་པར་གསེར་དངུལ་གྱིས་བརྒྱན་པའི་ཆབ་མ་བཅིངས་པ། ཁོག་སྨད་ཀྱི་མདུན་རྒྱབ་ཏུ་དཀྲིས་སྐུད་ཁྲ་ཁྲ་བཅིངས་པ། རྒྱབ་ཕྱོགས་སུ་ཁོད་ཡངས་སྨད་གཡོགས་གྱོན་པ། རྐང་བར་བཟོ་བཀོད་མཛེས་པའི་བོད་ལུགས་ཀོ་ལྷམ་གྱོན་པ། མགོ་ལ་ནག་པོ་དང་དཀར་བོས་མེ་ཏོག་འཚེམ་དྲུབ་བྱས་པའི་མགོ་དཀྲིས་གྱོན་པ། ན་ཆུང་བུ་མོའི་མགོ་དཀྲིས་ལ་མེ་ཏོག་ཁྲ་ཁྲ་འཚེམ་དྲུབ་བྱས་ཡོད་ལ། ཕྲག་པར་རྩིད་བལ་གྱིས་ཁ་དོག་དཀར་དམར་འདྲེས་པའི་ལྭ་ཁེབས་གྱོན་པ། ཧ་ཅང་ཡིད་དུ་འོང་བ་ཞིག་ཡིན། གོས་དང་རྒྱན་ཆ། ཁ་དོག་སོགས་ཕྱི་དབྱིབས་མཛེས་ཤིང་ཡིད་དུ་འོང་།  
        མ་ནེ་སྐོར་བྲོ་ནི་འཁྲབ་སྟོན་པ་ཞུགས་པའི་མང་ཉུང་ལ་གཞིགས་ནས་རྣམ་པའང་མི་འདྲ། ཅུང་གཟབ་རྒྱས་ཆེ་བའི་སྐོར་བྲོ་ཡི་འཁྲབ་ར་ཧ་ཅང་བརྗིད་ཉམས་ཆེ་བ་ཞིག་ཡིན། འཁྲབ་སྟོན་པ་བཅུ་ཕྲག་འགའའམ་ཡང་ན་བརྒྱ་ཕྲག་འགའ། ཐ་ན་དེ་བས་ཀྱང་མང་། མ་འཁྲབ་གོང་སྐྱེས་ཕོ་མོ་སོ་སོས་ལག་རྡང་སྦྲེལ་ནས་གོར་ཕྱེད་དབྱིབས་ཀྱི་ཕྲེང་གཉིས་ཕན་ཚུན་ཁ་གཏད་དུ་བསྒྲིགས་ཏེ། རྒན་རབས་པ་དག་གིས་བསྟོད་བསྔགས་བརྗོད་པ་དང་། ཆང་མཆོད་འཕེན་པ།སྐྱེས་ཕོ་མོའི་བྲོ་དཔོན་བསྟར་ཕྲེང་ལས་བུད་དེ་དབུས་སུ་ལངས་པ། བྲོ་དཔོན་སྐྱེས་མས་ལག་ཏུ་ཁ་བཏགས་སམ་མགོ་དཀྲིས་བཟུང་སྟེ་ཐེངས་གསུམ་ལ་གུས་ཚུགས་བསྟན་ནས་བྲོ་དཔོན་སྐྱེས་པའི་ལག་ལ་སྤྲོད་པ། ཁོས་སྣེ་ཁྲིད་དེ་ཐེངས་འདིའི་སྐོར་བྲོ་འཁྲབ་པར་དབང་ཆ་སྟེར་བ་དང་རེ་བ་འཆང་ཡོད། བྲོ་དཔོན་གྱིས་སྣེ་ཁྲིད་དེ་འཁྲབ་ཞོར་དུ་རིམ་བཞིན་ལྟེ་གནས་སུ་འཁོར་ནས་སྒོར་དབྱིབས་ཤིག་ཏུ་གྲུབ་སྲིད། གོ་རིམ་དང་ལྡན་པར་སྔོན་ལ་དལ་བ། དེ་ནས་ཇེ་མགྱོགས་སུ་འགྲོ་བ།ལེན་ཞོར་འཁྲབ་ཞོར་དུ་སྒོར་དབྱིབས་ལྟར་མདུན་ཕྱོགས་སུ་འགྲོ་བ། སྐབས་རེར་འཁོར་བ། སྐབས་རེར་ཕྱིར་སྣུད་པ། སྐབས་རེར་ཡན་ལག་རྐྱོང་བ། སྐབས་རེར་རྐེད་པ་སྒུར་བ། དེ་ལྟར་རུ་ཕྲེང་དབྱིབས་སྣ་མ་སྣ་ཚོགས་སུ་འགྱུར་ལྡོག་འབྱུང་བ་རེད། དབྱངས་རྟ་མི་འདྲ་དང་བསྟུན་ནས་གོམ་སྟབས་ཀྱང་མི་འདྲ། སྐྱེས་པའི་གླུ་སྐད་མཐོ་ལ་སྐྱེས་མའི་གླུ་སྐད་སྙན་ཞིང་འཇེབས། སྐབས་དེར་ལེན་མགོ་འཛིན་པ། སྐབས་དེར་ལེན་རེས་བྱེད་པ། སྐབས་རེར་མཉམ་ལེན་བྱེད་པ། འགྱུར་ལྡོག་མང་ལ་སྤྲོ་བ་བརྒྱ་འགྱུར་གྱིས་ཁེངས་འདུག རྒྱལ་རོང་གསར་བུའི་བརྗིད་ཉམས་དང་གསར་མོའི་མཛེས་ཉམས་མངོན་པར་བྱེད། མ་ནེ་སྐོར་བྲོ་ཡི་སྟངས་སྟབས་ཅུང་ཆེ་ལ་དབྱངས་རྟ་བརྟན་ལ་བརྗིད། སྐྱེས་པའི་གོམ་སྟབས་བརྟན་ལ་ཤེད་ཆེ་བ། རང་བྱུང་ལྷོད་ཆེ་བ། སྐྱེས་མའི་གོམ་སྟབས་བདེ་ལྕག་འཁྱུག་པ། ལྷོད་ཆགས་པ། ཕུ་རིང་ལྷབ་ལྷུབ་བསྐྱོད་པ། ཕྲག་ཁེབས་རླུང་དང་བསྡེབས་ནས་བསྐྱོད་དེ་མཛེས་པས་ཡིད་དབང་རབ་ཏུ་ཕྲོགས་པར་བྱེད།
     མ་ནེ་སྐོར་བྲོ་ཡིས་མི་རྣམས་ལ་ཡིད་འགུལ་ཆེས་ཆེར་ཐེབས་པའི་དུས་སྐབས་ནི་སྐོར་བྲོ་མཐོ་རླབས་སུ་སླེབས་པ་སྟེ། རོལ་དབྱངས་དང་ཞབས་བྲོའི་སྟངས་སྟབས་ཇེ་མགྱོགས་སུ་སོང་བ་བསྟུན་ནས། རྡོག་སྒྲ་ཇེ་ཆེར་འགྲོ་བ་དང་། སྐོར་བྲོ་དེ་ལྷོད་ཆགས་ནས་བརྗིད་ཆགས་ཀྱི་ཉམས་ཀྱིས་ཕྱུག་པ། རོལ་དབྱངས་འཇམ་ལྷོད་ནས་མཐོན་པོར་མཆེད་པ། འཁྲབ་ར་དེ་ཆེས་ཐོག་མའི་བརྗིད་ཅིང་ལྷོད་ཆགས་ནས་སྤྲོ་བརྒྱ་ཟང་ཟིང་གིས་ཁེངས་འགྲོ། སྐྱེས་མའི་སྟངས་སྟབས་ལྡེམ་པའི་ཕུ་རིང་གིས་སྤྲིན་དཀར་ལྟར་སྔོ་བསངས་ནམ་མཁའ་སྒྲིབ་པར་བྱེད་ལ། ཕྲག་ཁེབས་རེ་རེ་འཇའ་ཚོན་ལྟར་བར་སྣང་དུ་ལྡེམ་ལྡེམ་བསྐྱོད། སྐབས་དེར་སྐོར་བྲོ་ཆེས་མཐོ་རླབས་ཤིག་ཏུ་སླེབས་ཡོད། སྐྱེས་ཕོ་མོའི་རུ་ཕྲེང་གིས་ལྟེ་གནས་བསྐོར་ནས་ནང་འགྲོ་ཕྱི་སྣུད་དང་སྐོར་བ་ཡང་ཡང་བྱས་ཏེ། གླུ་སྐད་ཀྱིས་རི་ཀླུང་སྒུལ་བར་བྱེད་ལ།སྤྲོ་སྣང་གིས་གནམ་སའི་ཡིད་དབང་ཕྲོགས་པར་བྱེད། རྒྱ་མཚོའི་རླབས་ལྟར་མཐོ་རླབས་ཡང་ནས་ཡང་འབྱུང་། འཁྲབ་ར་ཡི་མི་རྣམས་གངས་ལྷ་མེ་ཏོག་ལྟར་དགྱེས་པར་བཞད་ཅིང་། རླབས་རིས་ལྟར་དགའ་བས་འཕྱོ། ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་གིས་མ་ནེ་སྐོར་བྲོ་ནི་ཁྱད་ལྡན་རིག་གནས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཁྱབ་གདལ་དུ་གཏོང་བའི་རྨང་གཞིའི་སྟེང་། མུ་མཐུད་དུ་སྤུས་ཚད་ཇེ་མཐོར་བཏང་བས། མ་ནེ་སྐོར་བྲོ་ནི་རྒྱལ་ཡོངས་སུ་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་མིང་རྟགས་ཤིག་ཏུ་གྱུར་པར་མ་ཟད། སྐོར་དང་བོའི་རྒྱལ་ཡོངས་དངོས་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་ཡོད། མ་ནེ་ཡུལ་ཚོ་ཡང་རིག་གནས་པུའུ་ཡིས་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་ཡུལ་ཚོ་རུ་བདམས།  

མ་ནེའི་སྐོར་བྲོ་ཡི་གླུ་ཚིག
  《ཆབ་མདོ་ཆབ་མདོ།》
ང་ཚོས་སྤྲོ་སྐྱིད་ཀྱི་སྐོར་བྲོ་ད་ནས་འཁྲབ།
སྐུ་མགྲོན་དང་གྲོགས་པོ་ཚོ།
དགའ་བས་སྐྱེམས་ཆང་བཞེས་རོགས།
ཆང་ཁར་ང་ཚོའི་བརྩེ་བ་དང་བསམ་པ་སྦས་ཡོད།
ཁྱེད་ཚོ་ཕེབས་པས་ང་ཚོར་དགའ་བ་ཚད་མེད་རྒྱས་བྱུང་།
ང་ཚོའི་བསམ་པ་ནི་སྐོར་བྲོ་ཡི་རོལ་དབྱངས་ལྟར་ཡིད་སེམས་རབ་ཏུ་འགུལ་བཞིན་འདུག


        《ལྷ་སའི་བྱ་དཀར་མོ།》
བདག་གིས་འགྱུར་མེད་དད་པ་ཡིད་ལ་འཆང་།
སྟོད་ལྷ་སའི་ཕོ་བྲང་པོ་ཏ་ལར་མཇལ་དུ་འགྲོ།
བདག་གི་ཕ་ཡུལ་གྱི་འབྲུ་རིག་སྣ་ལྔ་འཕེལ་བར་སྨོན་ལམ་འདེབས།
སྒོ་ཕྱུགས་དར་ཞིང་འཕེལ་བར་ཤོག
འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་བདེ་བར་ཤོག
བདག་གི་དད་པ་བརྟན་པོས་ལྷ་ཡི་ཐུགས་དགོངས་འགུག་པར་ཤོག

        《དཔལ་དབང་ཉི་བཙན།》
 མཛེས་པའི་རྒྱལ་རོང་ཞིང་ཁམས་སུ།
བརྩེ་ལྡན་ཕོ་མོ་གཉིས་ཀྱིས་དུངས་པ་གླེང་།
གསར་བུས་བོད་ཀྱི་སྟོད་གོས་དཀར་བོ་གྱོན།
གསར་མོས་མཛེས་པའི་མགོ་དཀྲིས་དཀྲིས།
མུ་ཏིག བྱུ་རུ།  
གཡུ་ཡིས་མཛེས་པར་བརྒྱན།
སྐྱིད་པའི་མཚན་མོར་དུངས་པ་གླེང་། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1