༄༅།། དྲན་པའི་ཀློང་གི་འཕྱོངས་རྒྱས།

ལྷོ་སྨྱོན་བློ་བཟང་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-20


ལྷ་ས། ལྷོ་སྨྱོན་བློ་བཟང་དོན་གྲུབ།

        འཕྱོངས་རྒྱས་འཕྱོངས་རྒྱས་མ་གསུངས། །ཟླ་བ་སྒྲོལ་མ་དྲན་བྱུང་། །འཕྱོངས་རྒྱས་ཟླ་བ་སྒྲོལ་མའི། །སྤྱན་གྱིས་གཟིགས་ཕྱོགས་དྲན་བྱུང་། །ཨ་ཅག་ཟླ་བས་བསྐུར་བའི། །སྦལ་ལེབ་ནང་གི་མཆོད་ཆང་། །མཆོད་ཆང་འཐུང་ཐེངས་རེ་ལ། །ཟླ་བ་དངོས་སུ་དྲན་བྱུང་། །ཞེས་པའི་ཆང་གཞས་དེ་ཐོས་ཐེངས་རེར་ངས་མཐའ་བཞི་རི་བོས་བསྐོར་བའི་ཕ་ཡུལ་འཕྱོངས་རྒྱས་དྲན་བྱུང་། སྤུར་རྒྱལ་བཙན་པོའི་ཕ་ས་ཕ་ཡུལ་འཕྱོངས་རྒྱས་དྲན་ཡོང་། གནས་དེ་ནས་ང་ཚོས་མེས་པོའི་སྙིང་གཏམ་གོ་ཐུབ་ཨང་།
1
        འཕྱོངས་རྒྱས་ཁོངས་ཀྱི་དོན་མཁར་མདར་བཙན་པོའི་བང་སོའི་ཚོགས་དང་། རྫོང་མཁར་དུ་ལྔ་པ་ཆེན་མོའི་འཁྲུངས་གཞིས་དང་། ཟླ་བ་སྒྲོལ་མའི་འཁྲུངས་ཁང་། ལྷ་ཡུལ་ཞང་དུ་ཆང་ཁྱིམ་གཞིས་ཀ་སོགས་ཡོད་པས། བོད་མིའི་སེམས་ནང་འཕྱོངས་རྒྱས་ཀྱིས་གནས་བབ་གལ་ཆེན་བཟུང་ཡོད། དེ་ནི་ཞེན་ཆགས་ཤིག་དང་། རུས་ཞེན་ཞིག་ཅི་ལ་མིན།
        འཕྱོངས་རྒྱས་ན་གྲགས་ཆེ་བ་ནི་བཙན་པོའི་བང་སོའི་ཚོགས་ཡིན། སྲོང་བཙན་སྒམ་པོའི་བང་སོ་དེ་བང་སོའི་ཚོགས་ལས་ཆེ་ཤོས་ཡིན་པ་དང་སྒང་ལ་ལྷ་ཁང་ཡང་བཞེངས་ཡོད། ལྷ་ཁང་ནང་ལ་སྲོང་བཙན་སྒམ་པོ་དང་། རྒྱ་བཟའ་ཀོང་ཇོ། བལ་བཟའ་ཁྲི་བཙུན། ཐོན་མི་སམ་བྷོ་ཊ་སོགས་ཀྱི་སྐུ་བརྙན་བཞུགས་སུ་གསོལ་ཡོད། འཛམ་གླིང་ཡུལ་གྲུ་ཁག་ནས་བསམ་བཞིན་དུ་ཡུལ་སྐོར་དང་གནས་མཇལ་ལ་ཡོང་མཁན་ཧ་ཅང་མང་། ཁྲི་སྲོང་ལྡེའུ་བཙན་གྱི་བང་སོ་དེ་དོན་མདའི་མ་རུ་རི་ཞེས་པའི་འདབས་རོལ་ཏུ་ཆགས་ཡོད་ཅིང་། སེང་གེ་ལག་ཆག་ཅིག་གིས་འགེབས་སྲུང་འོག་ལོ་ངོ་སྟོང་གི་ཁ་ཆར་བུ་ཡུག་བརྒྱུད་ཀྱང་ཉམས་ཆག་དེ་ཙམ་མེད་པར་གནས།ཉེ་འཁོར་དུ་ཡང་བཙན་པོའི་བང་སོ་ཆེ་མ་ཆུང་གསུམ་མང་པོ་ཡོད་སྐད། རི་འདབས་སུ་གང་འཚམ་འགྲོ་དགོས་པས་ཡུལ་སྐོར་པ་དང་གནས་མཇལ་པ་མང་པོ་ཞིག་གིས་རྒྱང་མཇལ་ཞུ་བ་ཙམ་ལས་ངོ་མཇལ་ཞུ་མཁན་དཀོན་ཙམ་མཆིས། 
        ཏུང་ཧོང་གི་ཡིག་རྙིང་ནང་དུ་ཡང་། ཆབ་ཆབ་ཀྱི་ཕ་རོལ་ན། །ཡར་ཆབ་ཀྱི་ཚུར་རོལ་ན། །མི་ཡི་ནི་རྗེ་བོ་སྟེ། །ལྷ་ཡི་ནི་སྲས་པོ་ཞུགས། །ཉིན་པར་ནི་ཕག་ཚལ་ན། །མཚན་མོ་ན་འཕྱིང་བ་ན་ཞེས་འཁོད་པ་བཞིན་འཕྱིང་བ་སྟག་རྩེའི་མཁར་ཤུལ་གྱི་ཁ་སྤྲོད་ན་ཕག་ཚལ་ཞེས་པའི་རི་འབུར་ཞིག་ཀྱང་ད་ལྟ་ཡང་མཐོང་རྒྱུ་ཡོད་པ་རེད། ལོ་རྒྱུས་ཀྱི་དེབ་ཐེར་ནང་། སྟག་རྩེ་དང་། རྒོད་རྩེ། ཡང་རྩེ། ཁྲི་རྩེ། རྩེ་མོ་ཁྱུང་རྒྱལ། ཁྲི་བརྩེགས་འབུམ་གདུགས་སོགས་འཕྱིང་བ་རྩེ་དྲུག་ཅེས་ཕོ་བྲང་ཁག་དྲུག་ཡོད་པར་གྲགས་ཀྱང་། ད་ལྟ་ཤུལ་དུ་ལུས་པ་འཕྱིང་བ་སྟག་རྩེ་ཙམ་ཡིན། བཤད་སྲོལ་ལ་ཕལ་ཚལ་ཞེས་པའི་རི་འབུར་དེ་ག་ནས་ཆུ་བརྡོལ་ཏེ།སྲོང་བཙན་བང་སོའི་སྒོ་ཕྱེ་ན། བསྐལ་པ་བརྗེས་པ་ཡིན་ཟེར། དེ་ནི་དམངས་ཁྲོད་ཀྱི་བཤད་སྲོལ་ཡིན་པས། རྨོངས་དད་ཡིན་རུང་ཡིན་དུ་ཆུགས། དགོད་བྲོ་བ་ཞིག་ལ། གུས་པ་སློབ་ཆུང་འགྲིམ་དུས། ལོ་ཞིག་ཆར་ཞོད་ཆེ་བས་ཕག་ཚལ་ནས་ཆུ་མང་དུ་འདོན་པས། མི་མང་པོ་ཞིག་སེམས་ཁྲལ་ལངས་ཏེ་མཚན་མོ་ཡང་རི་སྟེང་དུ་གུར་བརྒྱབ་ནས་བསྡད་ཚུལ་ཐོས་མྱོང་། སྤུར་རྒྱལ་བཙན་པོས་ལུང་པ་ས་རོང་རྩུབ་ལ་འཕྲང་དོག་པ་དང་། ཐོན་ཁུངས་དཀོན་ལ་ཤིང་ནགས་སོགས་དེ་ཙམ་མེད་པའི་འཕྱོངས་རྒྱས་སུ་མཁར་ལ་སྔ་བ་འཕྱིང་བ་སྟག་རྩེ་སོགས་བཞེངས་ཚུལ་མ་ཤེས་རུང་། གནས་དེ་ནས་སྤུར་རྒྱལ་བཙན་པོའི་དབུ་འཕང་དགུང་ལ་གཤེགས་ཚུལ་ལོ་རྒྱུས་ཀྱི་གླེགས་བམ་ཐོག་ཏུ་གསལ་པོ་འཁོད་ཡོད་ཨང་། དེང་གི་ཆར་ཚེ་རིང་ལྗོངས་དང་། རི་བོ་བདེ་ཆེན། སྤྱན་གཡས་སོགས་ལས་ཆོས་སྒྲ་ལྷང་ལྷང་དུ་ཐོས་ཐུབ། 

2
        ང་རང་ཕ་ཡུལ་འཕྱོངས་རྒྱས་ལ་ལོག་ཐེངས་རེར་ཀུན་མཁྱེན་འཇིགས་མེད་དབང་པོ་དང་བཅོམ་ལྡན་རིག་པའི་རལ་གྲི། འགོས་ལོ་ཙཱ་པ་གཞོན་ནུ་དཔལ་སོགས་བོད་ཆོལ་ཁ་གསུམ་ལ་གཏམ་གསུམ་སྐད་ཀྱིས་ཆོད་པའི་གྲགས་ཅན་མི་སྣའི་རྣམ་ཐར་སེམས་ཀྱི་མེ་ལོང་ངོས་སུ་དྲན་ཡོང་ལ། འཇག་རྩྭ་དང་ཟྭ་ཚོད་ཀྱི་ཁྲོད་དུ་ལུས་པའི་མཚེར་ཤུལ་དག་མཐོང་ཐེངས་རེར། ཅི་ཡིན་འདི་ཡིན་མེད་པར་སྨྲེང་གླུ་ཐར་ཐོར་ཞིག་ངག་ལས་ཐལ་ཡོང་། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་པ་དང་། དེབ་ཐེར་སྔོན་པོ་ཞེས་པ། ཡོན་ཏན་རིན་པོ་ཆེའི་མཛོད་ཅེས་པ་སོགས་ཀྱི་ཚེག་ཁྱིམ་གྱི་བར་ནས་མེས་པོ་ཚོའི་བརྩོན་འགྲུས་དང་སྙིང་རུས་མཐོང་ཐུབ་ཅིང་། མཐའ་བཞི་རི་བོས་བསྐོར་རུང་མིག་ཟུང་རྒྱང་ལ་བསྲིངས་པའི་བློ་ཤེད་ཀྱང་ངང་ངམ་ཤུགས་ཀྱིས་ཚོར་ཐུབ། འཕྱོངས་རྒྱས་ན་བོད་ཀྱི་ལྷ་མོའི་ཐོག་མ་སྤུན་བདུན་འབག་དཀར་པོ་ཞེས་པ་དང་། འཇུ་ཡི་བྲོ་ད་ལྟ་ཡང་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཐུབ་ཡོད། བོད་ཀྱི་ལོ་རྒྱུས་ནང་སྤུན་བདུན་གྱི་འབག་དཀར་པོ་འདི་སྐད་གྲགས་ཆེན་པོ་ཡོད་རུང་། ཁྲ་ཚང་འོག་གི་བྱིའུ་ཚང་།སྐུ་ཕྲེང་ལྔ་པའི་ཕ་ཡུལ་ཞེས་ཟེར་ནས་ནོར་བུ་གླིང་ཁ་སོགས་སུ་ལོ་ལྟར་ལྷ་མོ་འཁྲབ་དུས་ཕུད་ལྟ་བུར་འདོན་དགོས་ཀྱི་ཡོད། ཡིན་ན་ཡང་དེང་གི་ཆར་སྤུན་བདུན་གྲོང་ཚོས་སྣང་མེད་ཤོར་བས་ཡིན་ནམ་ཅི། སྤུན་བདུན་འབག་དཀར་པོས་བོད་ཀྱི་བརྙན་འཕྲིན་སོགས་ཀྱི་གར་སྟེགས་ཐོག་འཁྲབ་པ་ཧ་ལམ་མཐོང་མ་བྱུང་། ཡིན་ན་ཡང་གནས་དེར་དུས་དུས་མཆོད་མཆོད་ལ་ད་དུང་ཡང་ནར་མར་འཁྲབ་བཞིན་ཡོད། འཕྱོངས་རྒྱས་འཇུ་ཡི་བྲོ་དེ་སྟངས་སྟབས་འཁྲུག་ཆ་དོད་པས་དེང་གི་གཟིགས་མོ་པའི་འདོད་པ་དང་མཐུན་ཙང་། རྒྱལ་ཡོངས་ཙམ་དུ་མ་ཟད་འཛམ་བུ་གླིང་ལ་སྐད་གྲགས་ཆོད་ཡོད། སྒྱུ་རྩལ་པ་བགྲེས་སོང་ཉི་མ་ལགས་ཀྱི་དུང་ལྟར་དཀར་བའི་ལན་བུ་ཕར་གཡུག་ཚུར་གཡུག་བྱེད་པའི་སྒྱུ་རྩལ་གྱི་ཉམས་བཟང་མིག་ལམ་དུ་རྒྱུན་པར་མཐོང་ཡོང་། དེས་འཕྱོངས་རྒྱས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གོང་འཕེལ་བྱུང་བ་སྐྱུ་རུ་ར་ལག་མཐིལ་དུ་བཤམས་པ་བཞིན་གསལ་པོར་མཐོང་།འཕྱོངས་རྒྱས་པས་གཡང་ཊི་སྟེ་ཉི་མ་དཀར་གོང་ལ་བརྟེན་ནས་ཡུལ་སྐོར་ཐོན་རྫས་སྣ་ཚོགས་བཟོས་ཏེ་ཡུལ་སྐོར་པར་འཚོང་གིན་ཡོད་ཅིང་།ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོའི་ལམ་བུར་བསྐྱོད་པའི་སྒོ་མོ་བཤང་བཞིན་མཆིས། 

3
        འཛམ་གླིང་གི་གྲགས་རྩོམ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་པའི་ནང་། ལྷ་ས་མི་ཚོགས་མཐུག་པ། །འཕྱོངས་རྒྱས་མི་སྤུས་དག་པ། །ང་ལ་དགོས་པའི་ཆུང་འདྲིས། །འཕྱོངས་རྒྱས་གཞུང་ལ་ཡོད་དོ། ། ཞེས་པར།གོ་བ་ཅི་རིགས་ལེན་བཞིན་ཡོད་མོད། ཁོ་བོས་བརྟགས་ན་འཕྱོངས་རྒྱས་པ་མི་གཞུང་དྲང་བ་དང་། སྤྱི་ཚིས་ལྡན་པ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་ཡིན། འཕྱོངས་རྒྱས་པ་ནི་དཀའ་སྡུག་ཇི་ལྟར་ཆེ་རུང་གདོང་ལ་ཟོལ་མེད་ཀྱི་འཛུམ་ཞིག་ལྡན་པ་དང་།འུ་ཇི་ལྟར་ཐུག་རུང་དཔུང་པ་ས་འོག་ལ་འཇུག་ཐུབ་མཁན་ཞིག་ཡིན། ཁོ་བོ་ལྟ་རྒྱ་ཆུང་བས་ལན་ནམ། ང་ཚོའི་ལུང་ཁུག་ན་བཟའ་ཚང་ལོགས་བཀར་བྱས་པ་དང་།བྱི་ཕྲུག་སོགས་རེ་གཉིས་ཙམ་ལས་མེད་ཅིང་། མི་ཀུན་གྱིས་བཟའ་ཚང་གི་སྒྲིག་ནན་པོར་བསྲུང་བ་དང་། རྒན་བཀུར་གཞོན་གཅེས་ཀྱི་སྲོལ་བཟང་གི་རྒྱུན་སྐྱོང་བཞིན་མཆིས། གཞུང་ལ་ལག་པ་གཟེད་དེ་སྡོད་མཁན་དང་།ཆང་འཐུང་རྒྱན་འཛུགས་བྱས་ནས་སྡོད་མཁན་ཡང་ཉུང་ཉུང་ཙམ་ལས་ཡོད་མི་སྲིད།དེ་ནི་འཕྱོངས་རྒྱས་པའི་མི་གཞིའི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཏུ་འཁུམས། 
        འཕྱོངས་རྒྱས་པ་ནི་མགོ་བདེ་གླགས་འཚོལ་དང་། དྲན་རྒྱུ་རྒོད་པོ་ཞིག་མིན་པས།འཕྱོངས་རྒྱས་ན་ཚོང་པའི་རིགས་མང་པོ་ཡོད་ཀྱང་། ཕྱུག་བདག་དང་སྐད་གྲགས་ཆོད་པའི་ཚོང་པའི་རིགས་ཧ་ལམ་མེད། དེ་ནི་འཕྱོངས་རྒྱས་པ་འདོད་ཆུང་ཆོག་ཤེས་ཅན་དང་།རང་དོན་ཁོག་བཅུག་བྱེད་མཁན་ཞིག་མིན་པས་ལན་ནམ་སྙམ། དེ་ནི་སྐྱོན་དུ་འགྲོའམ་རྒྱན་དུ་འགྲོ། མི་རེ་རེའི་སེམས་ན་ལན་རེ་ཡོད་སྲིད། 
        དེང་གི་ཆར་ས་རྒྱ་ཆུང་བ་དང་། ཡུལ་ལ་ཐོན་རྫས་དཀོན་རུང་། འཕྱོངས་རྒྱས་གཞུང་ནས་སྤྱིར་སློང་མོ་བརྒྱབ་སྟེ་གཞོགས་སློང་གི་འཚོ་ཐབས་བྱེད་མཁན་གཅིག་ཀྱང་མེད་ཅེས་བཤད་ཆོག འཕྱོངས་རྒྱས་པས་དཀའ་ལས་བརྒྱབ་ན་དངོས་གྲུབ་ཐོབ་ཅེས་པར་གོ་ཤེད་གཏིང་ནས་ལོན་ཏེ། རྔུལ་ཆུའི་ཐིགས་པས་སྐྱ་ཐེར་ཐེར་གྱི་ས་གཞི་འདི་ཉིད་ནག་མོག་མོག་ཏུ་སྒྱུར་བཞིན་ཡོད། ལྷོ་ཁའི་ལས་ས་ཁག་ཏུ་འཕྱོངས་རྒྱས་ཀྱི་ཕོ་གཞོན་མོ་གཞོན་ཚོ་རྔུལ་ཆུ་ཁྲུམ་ཁྲུམ་གྱིས་ལས་ལ་བརྩོན་བཞིན་པའི་རྒྱབ་གཟུགས་མཐོང་ཐུབ། དེ་ནི་ངའི་སྤུན་མཆེད་ཅིག་གིས་བདག་ལ་བརྗོད་པའི་གནས་ཚུལ་ཡིན།ངའི་སྤུན་མཆེད་འདི་ཀོ་གོང་དཀར་བརྒྱུད་དུ་ལམ་བུ་བཟོ་སར་ལས་མི་བྱེད་བཞིན་ཡོད་པ་དང་། ང་ཚོའི་འཕྱོངས་རྒྱས་ཁོངས་ནས་ཁོ་ཚོ་ལས་མི་ལྔ་ལས་མི་འདུག ལས་ས་དེར་བོད་ཀྱི་ས་ཆ་གཞན་དག་ནས་ཡོང་འབབ་གསོག་པར་ཡོང་བའི་ལས་མི་ཡང་རུ་ཁག་ཁ་ཤས་ཡོད་བཟོ་འདུག རུ་མི་གཞན་དག་ཚོས་ང་ཚོ་འཕྱོངས་རྒྱས་པའི་མི་ལྔ་པོར་འཕྲུལ་ཆས་ཀྱི་མི་ཞེས་ཟེར་གྱིན་ཡོད་ཅིང་།ཁོ་ཚོ་མི་ལྔའི་ལས་ཕྱོད་དེ་ས་ཆ་གཞན་དག་གི་མི་བཅུ་གྲངས་ཀྱི་ཁ་གཏད་གཅོག་གི་མི་འདུག་ཟེར། དེ་ནི་འཕྱོངས་རྒྱས་པ་ཕྱར་བ་གྲུ་འདེགས་དང་གཡས་གཞོགས་གཡོན་འདེགས་བྱེད་མཁས་པ། ཁྲལ་མངོན་སླ་བཅོས་བྱེད་མཁན་རིགས་ཡིན་པས་ཡིན་ཡང་སྲིད། 
        ཕ་མ་གཉིས་ཀ་ལོ་འཁོར་མོ་ཡུག་ཏུ་ཨར་པོར་ཞུགས་ཏེ་བུ་ཕྲུག་གསུམ་ཙམ་སློབ་ཆེན་ལ་བསྐྱལ་བའི་གཏམ་རྒྱུད་ཀྱང་གཅིག་མིན་གཉིས་མིན་དུ་གྲག་བཞིན་ཡོད། ལོ་བརྒྱའི་ཇུས་ཆེན། སློབ་གསོ་གཙོ་བོར་འཛིན་དགོས་ཞེས་པའི་འབོད་ཚིག་སྒྲོག་མཁན་མེད་རུང་། ཁོ་ཚོས་ཡོན་ཏན་བསླབས་ན་གཞི་ནས་མདུན་ལན་ལྡན་པའི་གནས་ལུགས་དེ་ཤེས་བཞིན་ཡོད།འཕྱོངས་རྒྱས་སུ་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་ཧ་ཅང་མཐོ། 
4
        འཕྱོངས་རྒྱས་པར་ཕུར་ནོར་ལུག་མང་པོ་མེད་ལ། མདར་ས་ཞིང་རྒྱ་ཆེན་པོ་མེད་རུང་། འཕྱོངས་རྒྱས་པའི་བང་ང་འབྲུ་ཡིས་ཁེངས་པ་དང་། འཕྱོངས་རྒྱས་པའི་ཤ་མར་ཐུད་གསུམ་ལ་ཡང་རྫོགས་མཐའ་མེད། འཕྱོངས་རྒྱས་པས་ཇ་འཐུང་སྤགས་ཟས་བྱས་ན། སྲོག་ལ་ཉེས་པ་མེད་ཅེས་འཆད་བཞིན་དུ། རང་ཉིད་ཀྱིས་དཀའ་ལས་བརྒྱབ་ནས་ནང་མི་བུ་ཕྲུག་ལ་དྲོ་ལྷང་ལྷང་གི་ཁྱིམ་ཚང་སྐྲུན་བཞིན་ཡོད། ལག་པ་སེར་ཁས་ཁེངས་རུང་ཀོ་ལོང་གཏན་ནས་མེད་པར་ནང་མི་ཁྲ་རོག་རོག་དང་ཁྱིམ་ཆས་ཁྲ་སིལ་སིལ་ལ་ལྟ་བཞིན་དུ་གདོང་ལས་འཛུམ་མདངས་མངོན་ཡོང་། སྙན་ངག་པས་ཕ་བཟང་གི་བུ་ནམ་ཡང་ས་ནག་དང་འཛིང་ལ། མ་བཟང་གི་བུ་མོ་ནམ་ཡང་བལ་དཀར་དང་འཐབ་དགོས་ཞེས་པ་ལས་ཁོ་ཚོའི་འཚོ་བའི་དཀའ་ཁག་ངང་ངམ་ཤུགས་ཀྱིས་མཚོན་པར་བྱེད། 
        བོད་ཀྱི་ས་ཆ་གཞན་དག་དང་བསྡུར་ན་འཕྱོངས་རྒྱས་པས་ཕྱིའི་རྒྱན་ཆ་སོགས་ལ་དང་དོད་དེ་ཙམ་བྱེད་ཀྱིན་མེད། དུས་དུས་མཆོད་མཆོད་སྐབས་རང་གིས་བཏགས་པའི་སྣམ་ཆས་གྱོན་པ་ལས་སྟག་པགས་གཟིག་པགས་དང་། གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་སྣ་ཚོགས་ལ་དགའ་སྣང་དེ་ཙམ་མི་བྱེད། ཉོ་བའི་རྒྱུ་སྟོབས་ཡོད་རུང་། གཞན་གྱི་རྗེས་སུ་འབྲངས་ནས་ཁྲ་ཁྲ་སིལ་སིལ་ལ་དང་དོད་མི་བྱེད། དེ་ནི་འཕྱོངས་རྒྱས་པའི་རང་གཤིས་ནང་གི་ཉམ་ཆུང་དམའ་ས་ཟིན་པའི་ཁྱད་རྟགས་ཤིག་ཡིན། ཁོ་ཚོས་ནང་ལ་རྩམ་པ་མེད་ནའི། །སྒེའུ་ཁུང་རྩམ་རལ་ཡོག་ཡོག །ཅེས་པ་ལྟ་བུ་ཕྱི་ཚུལ་ཙམ་ལ་སྣང་འཇོག་མི་བྱེད་པར།མཐར་ཐུག་གི་བདེ་སྣང་དང་ཐོབ་སྣང་ལ་ལོངས་སུ་སྤྱོད་བཞིན་མཆིས། 
        འཕྱོངས་རྒྱས་པས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་གཙིགས་ཆེན་བྱེད་བཞིན་ཡོད། འཕྱོངས་རྒྱས་ཀྱི་མང་ཚོགས་ཚོས་ལྕང་འཛུགས་ནགས་བཟོའི་ལས་ལ་མ་སྐུལ་དང་བླངས་ཀྱིས་འབད་པ་ལྷུར་ལེན་བྱེད། ཐ་ན་ཁང་སྟེང་གི་དར་ཤིང་ནང་ལོ་མང་སྤྱོད་ཆོག་པའི་ལྕགས་ཀྱི་དར་ཤིང་ཡིན་པས། ཁོ་བོས་བསམས་ན་དེ་ནི་གུ་དོག་པའི་ལུང་ཤུར་འདིའི་ནང་གི་སྐྱེ་ཡག་ལ་སྲུང་སྐྱོང་བྱས་པ་ཞིག་ཡིན། འཕྱོངས་རྒྱས་འདི་ཉིད་མ་གཞི་ས་བབ་མཐོ་ཙམ་ཡོད་རུང་གྲམ་ཐང་དང་ས་སྟོང་ཡོད་ཚད་ལ་ལྕང་གླིང་གྲུ་བཞི་སྔོ་ཐིང་ངེར་གནས། 
        དེང་གི་ཆར་འཕྱོངས་རྒྱས་ཀྱི་རི་གྲོང་ཁག་ཏུ་རྡོ་ཁང་གྲུ་བཞི་ཉིས་ཐོག་ཅན་གྲལ་སྟར་འགྲིག་པོར་ལམ་གྱི་གཡས་གཡོན་དུ་ཆགས་ཡོད། བཀོད་པ་ལེགས་པའི་གྲོང་གསེབ་གསར་པ། ཆར་རྗེས་ཀྱི་ཤ་མོ་བཞིན་དུ་འཕྱོངས་རྒྱས་ཀྱི་ཕུ་མདའ་གང་སར་ཁྱབ། འཕྱོངས་རྒྱས་པས་རང་ཉིད་ཀྱི་ལག་པ་གཉིས་ལ་བརྟེན་ནས་འབྱོར་འབྲིང་ལམ་དུ་འབད་པས་སྐྱོད་བཞིན་མཆིས། མ་འོངས་པ་ན་ཕ་ཡུལ་ནས་ཕྱུག་འགྱུར་གྱི་གཏམ་བཟང་སྙན་པོ་དབྱར་སྐྱེས་ཀྱི་རྔ་དང་འགྲོགས་ཏེ་བོད་ཁམས་ཀུན་ལ་གྲགས་རྒྱུར་ཐེ་ཚོམ་ཅི། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1