གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༢ཚེས་༢༡ཉིན།

༄༅།།གཉིད་དུས་ཁ་པར་རྩེ་ན་གནོད་པ་ཅི་ཡོད།

        སྤོ་སྒུལ་ཁ་པར་རམ་ཡང་ན་སྐུད་མེད་ཁ་པར་ལ་སྤྱིར་བཏང་དུ་ལག་ཁྱེར་ཁ་པར་ཟེར་བ་དང་། མ་གཞི་དེ་ནི་འཕྲིན་གཏོང་ཡོ་བྱད་ཅིག་ཡིན་ལ། ཁྱབ་ཁོངས་ཅུང་ཆེ་བའི་ནང་དུ་བེད་སྤྱོད་བྱེད་ཆོག་པའི་འཁྱེར་བདེའི་རང་བཞིན་ལྡན་པའི་ཁ་པར་མཐའ་སྣེ་ཞིག་ཡིན་པ་དང་། གནའ་དུས་ཀྱི་ཨ་མེ་རི་ཁའི་པེ་ཨེར་དངོས་བཤེར་ཁང་གིས་1940ལོར་བཟོས་པའི་གཡུལ་སའི་སྤོ་སྒུལ་ཁ་པར་འཕྲུལ་ཆས་ནས་འཕེལ་རྒྱས་སུ་བྱུང་བ་ཞིག་ཡིན།
        1958ལོར། སུའུ་ལེན་གྱི་བཟོ་བཀོད་པ་ལིའེ་ཨང་ཉི་ཏུ•ཁུའུ་ཕུའུ་ལི་དབྱང་ནུའོ་ཝེ་ཆི་ཡིས་ЛК-1རྟགས་ཅན་གྱི་སྤོ་སྒུལ་ཁ་པར་གསར་གཏོད་བྱས་པ་དང་། 1973ལོར། ཨ་མེ་རི་ཁའི་མོ་ཐུའོ་ལུའོ་ལཱའི་བཟོ་བཀོད་པ་མཱ་ཏིང•ཁུའུ་ཕཱ་ཡིས་འཛམ་གླིང་སྟེང་ཐོག་དང་པོར་ཚོང་ལས་ཅན་གྱི་ལག་ཁྱེར་ཁ་པར་གསར་གཏོད་བྱས་ཤིང་། ད་ལྟའི་བར་འཕེལ་རྒྱས་བྱུང་ནས་4Gཡི་དུས་རབས་སུ་སླེབས་པ་རེད།
        དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ཁ་པར་ནི་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཏེ་ག་ས་གང་དུ་ཕན་ནུས་ཆེན་པོ་ཐོན་ཡོད་ལ་ཞོར་དུ་ང་ཚོའི་བདེ་ཐང་ལ་ཡང་གནོད་པ་ཐེབས་བཞིན་ཡོད།
        ལག་ཁྱེར་ཁ་པར་དང་། གློག་ཀླད། སྐུད་མེད་དྲ་བ་སོགས་འཕྲུལ་རིགས་མང་ཆེ་བ་འགྱེད་འཕྲོ་(辐射)ཞེས་པའི་ནུས་པ་ཞིག་བཀོལ་བཞིན་ཡོད། ནུས་པ་དེ་ནི་སྐབས་རེར་འོད་ཟེར་གྱི་ངོ་བོར་ཡོད་ལ། སྐབས་གཞན་དུ་རླབས་དང་རྡུལ་གྱི་ངོ་བོར་ཡང་ཡོད། སྔོན་ཆད་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དམག་ཤུགས་དང་གོ་མཚོན་རྒྱ་བསྐྱེད་བྱས་པའི་སྐབས་སུ་རྡུལ་མཚོན་མང་པོ་བཟོ་བསྐྲུན་བྱས་པ་དང་། དེ་ལ་བརྟེན་ནས་མི་མང་པོར་ནད་གཞི་སྣ་ཚོགས་པ་བྱུང་ཡོད། དེ་ནི་རྡུལ་ཕྲན་མཚོན་ཆ་དེ་དག་ལས་བཟོ་བྱས་པའི་བརྒྱུད་རིམ་ཁྲོད་ནས་འགྱེད་འཕྲོ་ཕྱི་ལ་བཅར་བ་ལས་བྱུང་བ་རེད། འགྱེད་འཕྲོ་ཤུགས་ཆེར་ཕོག་ལ་བརྟེན་ནས་མིའི་ལུས་ཀྱི་ཕྲ་ཕུང་གི་སྐྱེ་གནས་འགག་གསུམ་གྱི་བྱ་བར་ཤུགས་རྐྱེན་ཐེབས་བཞིན་ཡོད། མིའི་ལུས་ཀྱི་ཕྲ་ཕུང་ཟེར་བ་ནི་མི་ཞིག་གི་གཞི་རྩའི་གྲུབ་ཆ་དེ་ཡིན་ལ། ཉིན་རེར་ས་ཡ་སྟོང་ཕྲག་མང་པོ་སྐྱེ་ཤིང་ས་ཡ་སྟོང་ཕྲག་མང་པོ་འཇིག་འགྲོ་བཞིན་ཡོད། ཕྲ་ཕུང་གི་སྐྱེ་འཇིག་དོ་སྙོམས་རྒྱུ་ནི་སྐྱེ་ལྡན་ཞིག་གི་གསོན་གནས་ཀྱི་ཆ་རྐྱེན་ཨང་དང་པོ་ཡིན། སྐྲན་ནད་ནི་ཕྲ་ཕུང་གི་སྐྱེ་འཇིག་དོ་མ་མཉམ་པ་ལས་བྱུང་བ་སྟེ། དེར་ཕྲ་ཕུང་གྱེས་འཕེལ་ཚད་བརྒལ་བྱུང་བ་ཞིག་རེད། བརྟག་དཔྱད་བྱས་པ་ལྟར་ན། དེང་སང་དྲ་གྲོགས་མང་ཆེ་ཤོས་གཉིད་ཁར་ཁ་པར་མ་བརྩེས་ན་སྡོད་མི་ཚུགས་པ་ལྟར་གྱུར་འདུག
དེ་བས་ཁྱོད་ཀྱིས་གཉིད་ཁར་ཁ་པར་བརྩེས་ན་གནོད་པ་ག་འདྲ་ཡོད་པ་ཨེ་ཤེས།
        མཚན་མོར་མལ་དུ་ཉལ་ནས་ཁ་པར་བརྩེས་ན། ཁ་པར་གྱི་འོད་ཐད་ཀར་མིག་ངོས་ལ་དྲང་འཕྲོ་བྱེད་ཅིང་། འགྱེད་འཕྲོའང་ཤིན་ཏུ་ཆེ་བས་མིག་གཉིས་ལ་གནོད་པ་ཚབས་ཆེན་ཐེབས་ངེས་ཡིན། གློག་བསད་ནས་ཁ་པར་རྩེ་དུས་ཁ་པར་བརྙན་ཤེལ་གྱི་འོད་ལྡབ་འགྱུར་གྱིས་ཆེ་སྟེ། ཁ་པར་བརྙན་ཤེལ་གྱི་འོད་ཇི་ལྟར་གསལ་དྲགས་ན་མིག་ལ་གནོད་པ་དེ་ལྟར་ཆེ་བས། ཡུན་རིང་པོར་སྤྱད་ཚེ་མིག་དབང་དམའ་རུ་འགྲོ་བ་རེད།
ཁ་སྦུབས་སུ་ཉལ་ནས་ཁ་པར་བརྩེས་ན། གུ་མོ་དང་ཀླད་པའི་ཁྲག་རྒྱུན་ལྡན་ལྟར་འཁོར་རྒྱུག་བྱེད་མི་ཐུབ་པ་ལ། མཚམས་རེར་ཁ་པར་གྱི་དྲ་སྒོ་མ་བརྒྱབ་པར་གཉིད་ཁུགས་པའང་ཡོད། དེ་ལྟར་བྱས་ཚེ་སྐེ་ཚིགས་ཡན་ཆད་ནས་ཁྲག་འཁོར་རྒྱུག་བྱེད་མི་ཐུབ་པ་ཡིན། འགྱེད་འཕྲོའི་གནོད་པ་ཐེབས་ཚད་ནི་ཁ་པར་དང་མིའི་ལུས་པོའི་བར་ཐག་གིས་ཐག་གཅོད་བྱེད་བཞིན་ཡོད་ཕྱིར་ཁ་པར་དང་བར་ཐག་ངེས་ཅན་ཞིག་བཞག་ན་བཟང་ལ། གསོ་རིག་ཆེད་མཁས་པས་ཞིབ་འཇུག་བྱས་པ་ལྟར་ན་སྙིང་ཁམས་བདེ་ཐང་མིན་པའི་མིའི་ལྷག་པར་དུ་ཁ་པར་བྲང་ཁ་དང་ལུས་པོར་གཏད་དེ་འཇོག་མི་རུང་བར་ལག་འཁྱེར་ཁུག་མ་སོགས་སུ་བཞག་ན་བཟང་།
ཞིབ་འཇུག་བྱས་པ་ལྟར་ན་དུས་ཚོད་རིང་པོར་མུ་མཐུད་ནས་ཁ་པར་སྤྱད་ན་ཁ་པར་གྱི་འགྱེད་འཕྲོ་ལས་མིའི་ཀླད་པར་ཡང་ཤུགས་རྐྱེན་ཐེབས་བཞིན་ཡོད། གཞོགས་གཡས་གཡོན་དུ་ལོག་ནས་ཁ་པར་བརྩེས་ན། མིག་གཡས་གཡོན་ལ་ཐེབས་པའི་གནོན་ཤུགས་མི་འདྲ་བས་ཟླ་གཅིག་མ་ལོན་པར་མིག་གཉིས་ཀྱི་མིག་དབང་ལ་མཐོ་དམའ་འཆོར་ངེས་ཡིན།
        གན་རྐྱལ་དུ་ཉལ་ནས་ཁ་པར་བརྩེས་ན། གྲུ་མོས་ཤུགས་བཏོན་དྲགས་ཏེ་དཔུང་པ་དང་ལག་ངར་གྱི་ཁྲག་འཁོར་རྒྱུག་བྱེད་མི་ཐུབ་ལ། ཡུན་རིང་པོར་བསྡད་ཚེ་དཔུང་པ་དང་ལག་ངར་སྦྲིད་ནས་ཚོར་བ་ཉམས་པའང་ཡོད།
        མཚན་མོའི་ཆུ་ཚོད་བཅུ་གཅིག་ཕྱེད་ཀ་ནས་ཞོགས་པའི་ཆུ་ཚོད་བཞི་པའི་བར། མིའི་ལུས་ཁམས་ནས་སྤྲི་དཀར་མེ་རྫས་ཕྱིར་བཏོན་ནས་མདོག་རྒྱུ་ནག་པོ་འགོག་བཞིན་ཡོད་པས། གློག་འོད་འོག་ནས་ཁ་པར་བརྩེས་ན། སྤྲིད་དཀར་མེ་རྫས་ཕྱིར་འདོན་མཚམས་ཆད་ནས་ལུས་ཁམས་ཡོངས་ན་གནོད་སྐྱེལ་ཉེན་ཡོད།
        མཚན་མོའི་ཆུ་ཚོད་དགུ་པ་ནི་དྲན་པ་ཆེས་གསལ་དུས་ཡིན་ཞིང་། དུས་ཚོད་བཅུ་གཅིག་རྗེས་ནས་ལུས་ཁམས་ཀྱིས་རྙིང་དོར་གསར་ལེན་བྱེད་མགོ་རྩོམ་གྱི་ཡོད་པས། ཁ་པར་རྩེ་ཡུན་རིང་དྲགས་ཚེ་ལུས་ཁམས་དུས་ལྟར་དུ་གསོ་མི་ཐུབ་པ་བཅས་ཀྱི་གནོད་པ་ཡོད་པ་རེད། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1