ཁྲོ་ཆུའི་ཡུལ་སྐོར་འཕེལ་རྒྱས།

ཆོས་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-22


        ནམ་མཁའ་གཡའ་དྭངས་ཤིང་། གངས་རི་རྔམ་ཞིང་བརྗིད། ཆུ་མོ་ཤང་ཤང་འབབ་པའི་ཡུལ་ཁྲོ་ཆུ་རུ། ཕྱོགས་བཞིའི་ལྗོན་པའི་ཚལ་ནི་རི་མོ་མཁན་གྱིས། ཁ་དོག་སྣ་ལྔའི་ཚོན་གྱིས་བྱུགས་པ་བཞིན་ལྟ་བས་ཆོག་མི་ཤེས། འབར་ཁམས་ནས་ལམ་ལ་བུད་དེ་མཐོ་ཞིང་བརྗིད་པའི་གཡག་ཆད་ལ་བརྒལ་རྗེས། ད་གཟོད་ནགས་ཁྲའི་གནས་མཆོག་ཏུ་འབོད་པའི་ཁྲོ་ཆུ་རྫོང་དུ་འབྱོར་ཐུབ། ད་ནི་ནགས་ཁྲའི་ལྟད་མོའི་དུས་ཚོད་ཅུང་ཙམ་ཡོལ་ནའང་། ད་དུང་གང་ས་གང་དུ་ལྗོངས་རྒྱུ་བ་མང་བོ་མཐོང་རྒྱུ་འདུག་ལ། སྟོན་མཇུག་གི་སྡོང་ལོ་སེར་པོ་དང་དགུན་མགོ་མའི་ཁ་བར་ངང་སྒུག་བྱས་ཡོད་པ་འདྲ།
        ཁྲོ་ཆུ་རྫོང་གིས་ནགས་ཁྲ་དང་། འཁྱགས་རོམ་སོགས་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་མཐུན་རྐྱེན་ལ་བརྟེན་ནས། གཞན་ལས་ཁྱད་པར་འཕགས་པའི་དུས་ཚིགས་ལྗོངས་སྐོར་འཕེལ་རྒྱས་ཀྱི་ལམ་ཁ་གསར་བ་བཟོས་ཏེ། མུ་མཐུད་དུ་ཁྲོ་ཆུའི་སྟོན་དུས་ཀྱི་ལྗོངས་སྐོར་གོང་ནས་གོང་དུ་སྤེལ་བར་འབད་པ་དང་། རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་སྟོན་དུས་ཀྱི་ལྗོངས་སྐོར་གནས་མཆོག་ཅིག་བསྐྲུན་པར་འབད་དང་འབད་བཞིན་ཡོད། ལྗོངས་ཁུལ་གསར་དུ་ཕྱེས་པ་དང་མང་ཚོགས་ཀྱི་བསམ་བློར་སྒྱུར་བཅོས་ཐེབས་པས་ཁྲོ་ཆུའི་སྟོན་དུས་ཀྱི་ལྗོངས་སྐོར་འདི་ཉིད་ཁམས་གསུམ་ཀུན་ཏུ་ཁྱབ་འདུག
        ལོ་འདི་དག་གི་སྟོན་ཁར་ཁྲོ་ཆུ་རུ་ལྗོངས་སྐོར་གྱི་ཚ་རླབས་ཤིགས་འཕྱུར་གྱིན་ཡོད་ལ། ད་ལོ་ཡང་དེ་ལས་མ་འདས་པར་ཉིན་གཅིག་ལ་ལྗོངས་རྒྱུ་བ་ཁྲི2ལྷག་རྫོང་མཁར་འདི་རུ་ཐོན་གྱི་ཡོད། འདི་ནི་ལོ་གཅིག་རིང་གི་སྟོན་དུས་ཁོ་ནར་མཐོང་ཐུབ་པའི་ནགས་ཁྲའི་མཛེས་ལྗོངས་ཀྱི་ཆེད་དུ་ཡིན།
        ཁྲོ་ཆུ་རྫོང་གིས་ནགས་ཁྲའི་མཛེས་ལྗོངས་ངོམས་པའི་ཞོར་དུ་མཐའ་འཁོར་གྱི་སྐྱེ་ཁམས་ཉམས་གསོའི་ཕྱོགས་ལ་ཡང་བཅོས་སྐྱོང་བྱས་དང་བྱེད་བཞིན་ཡོད། ན་ནིང་ཉག་ཉོ་ཁྱུའི་གྲོང་ཚོར་བྱེ་རྡོ་སྤུངས་སར་ལྟ་བས་ཆོག་མི་ཤེས་པའི་ཡག་མའི་མཚོ་མོ་བསྐྱིལ་བས་ལྟད་མོ་བ་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཅིང་། ད་ལོར་སླར་ཡང་རྫོང་གིས་མུ་མཐུད་དུ་ཤུགས་བསྣན་ཏེ་སྟོན་དུས་མ་ཐོན་གོང་ལ་ནགས་ནང་མཚོ་ཞེས་པའི་མཛེས་ལྗོངས་ཁུལ་གཞན་ཞིག་གསར་དུ་བསྐྲུན་ཡོད།
        ནགས་ནང་མཚོ་ནི་ཁྲོ་ཆུ་རྫོང་ནགས་ཁྲའི་ལྟད་མོའི་ཁུལ་གཙོ་བོ་རུ་ཡོད་ལ། རྒྱལ་ལམ317པའི་ལམ་རྒྱུད་དུ་ཁེལ་ཡོད། སྔོན་ཆད་ཡུལ་འདི་ནི་སྐྱི་གཡའ་བའི་བྱེ་མའི་བཟོ་གྲྭ་ཞིག་ཡིན་ལ། མུ་མཐུད་དུ་ལྗང་མདོག་གི་ལྗོངས་སྐོར་ཐོན་ལས་སྤེལ་ཕྱིར། བྱེ་མའི་བཟོ་གྲྭ་འདི་ཉིད་རང་བྱུང་གདོད་མིའི་ཁྱད་ཆོས་དང་། དམངས་སྲོལ་རིག་གནས་ཉམས་ལེན་སོགས་གཅིག་འདུས་ཀྱི་ལྗོངས་སྐོར་དཔེ་སྟོན་ཁུལ་ཞིག་ཏུ་གྱུར་ཡོད།
        ནགས་ནང་མཚོའི་འགྲམ་དུ་གཞིས་ཆགས་པའི་གྲོང་བ་ན་རོ་ཡིས་གསར་འགོད་པར་བཤད་རྒྱུར།     བྱེ་གྲྭས་ཁོར་ཡུག་ལ་གཏོར་བརླག་ཐེབས་ཀྱི་ཡོད་ལ། ལྷག་པར་དུ་རླུང་ཆེན་པོ་ལྡང་སྐབས་ནམ་མཁའ་ཧྲིལ་བོར་བྱེ་རྡུལ་གྱིས་ཁེངས་འགྲོ། ད་ནི་ཁོར་ཡུག་ཇེ་ཡག་ཏུ་སོང་བ་མ་ཟད་ལྗོངས་རྒྱུ་བ་མང་པོའི་ཡིད་ཀྱི་དངས་པ་དྲངས་དང་འདྲེན་བཞིན་འདུག་ཟེར།
        ལྗོངས་རྒྱུ་བ་མང་བས་ལྗོངས་སྐོར་ལས་རིགས་ལ་བརྟེན་ནས་འཚོ་བའི་རོང་འབྲོག་མང་ཚོགས་ཀྱང་ཕྱུག་པོར་གྱུར། ན་རོ་ཚང་གིས་ནགས་ཁྲའི་དུས་ཚིགས་ཀྱི་ཟླ་ངོ་གཅིག་གི་རིང་ལ་ཁྱད་ལྡན་ཐོན་རྫས་ཁོ་ན་བཙོང་སྟེ་ཡོང་སྒོ་སྒོར་བདུན་སྟོང་ལྷག་ལོན་འདུག   ཁོ་ན་རེ།  མཐོ་སྒང་ས་ཁུལ་དུ་སྟོན་དུས་སླེབས་པ་ནས་བཟུང་ས་སློག་འཕྲུལ་འཁོར་གླ་མཁན་ཇེ་ཉུང་དུ་འགྲོ་སྲིད་པས། ཕྱིར་རང་ཁྱིམ་དུ་ལོག་ནས་ལྗོངས་སྐོར་ཚོང་ལས་གཉེར་བ་ཡིན་ལ། ཚོང་བཟང་དུས་ཉིན་རེར་སྒོར་དྲུག་བརྒྱ་ནས་བདུན་བརྒྱ་ཡས་མས་ལོན་གྱི་ཡོད་པར་བཤད།

        ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་ནས་ལྗོངས་སྐོར་ཚོང་ལས་གཉེར་མཁན་ཡང་མང་དུ་བྱུང་ལ། མང་ཚོགས་ཀྱི་བསམ་བློ་ཡང་དེ་བཞིན་དུ་འགྱུར་གྱིན་ཡོད། ཡག་མའི་མཚོ་འགྲམ་དུ་སླེབས་མ་ཐག་ཏུ་བོད་ལྭ་གྲལ་དག་གྱོན་པའི་བོད་པའི་བུ་མོ་ཞིག་གིས་འདི་ལྟར་མཚམས་སྦྱོར་བྱས་བྱུང་། ཁྱེད་ཀྱིས་ངོས་སུ་ཡག་མའི་མཚོ་ཞེས་བྲིས་པའི་རྡོ་ཆེན་པོ་ཞིག་མཐོང་སོང་ངམ། ཉི་མ་ཤར་རྗེས་དེའི་འགྲམ་དུ་པར་བླངས་ཚེ་ཧ་ཅང་ཡག་ཅེས་བཤད།  བུ་མོ་འདིའི་མིང་ལ་ཚེ་རིང་སྒྲོལ་མ་ཟེར་ཞིང་། ཁོ་མོས་ལྗོངས་རྒྱུ་བ་མང་བའི་དུས་ཚིགས་འདི་དང་བསྟུན་ནས་ཐང་མ་བཤམས་ཡོད་ལ། གཙོ་བོ་སྲེག་ཟས་དང་རང་ཁྱིམ་གྱི་ཁྱད་ལྡན་ཐོན་རྫས་འཚོང་གིན་ཡོད། ཁོ་མོ་ན་རེ། འདི་ནི་ལས་སླ་མོ་ཞིག་རེད། ལོ་ངོ་འདི་དག་གི་རིང་ལ་རྫོང་གིས་ཤུགས་ཆེན་པོས་ང་ཚོ་ཁྲོ་ཆུ་རྫོང་གི་ལྗོངས་ཁམས་མཚམས་སྦྱོར་བྱས་པས་ལྗོངས་རྒྱུ་བ་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཀུན་གྱི་མིག་མཐོང་ལག་ཟིན་དུ་གྱུར་ཡོད། ས་གནས་མང་ཚོགས་ཤིག་ལ་མཚོན་ན་རང་གི་འགན་འཁྲི་ཕྲག་ཏུ་བླངས་པ་ཙམ་མོ།།
        ད་ལྟ་ཁྲོ་ཆུ་རྫོང་གི་ས་གནས་མང་ཚོགས་མང་པོ་ཞིག་ཚེ་རིང་སྒྲོལ་མ་ལྟ་བུའི་ལྗོངས་སྐོར་སྣེ་ཤན་པ་རུ་གྱུར་ཡོད། མི་མང་པོ་ཞིག་རང་ལྕག་གིས་ལྗོངས་སྐོར་ལས་རིགས་སུ་ཞུགས་པས། ནགས་ཁྲ་དང་འཁྱགས་རོམ་གྱི་སྐད་གྲགས་ཡུལ་ལུང་ཀུན་ཏུ་ཁྱབ་འདུག
        ཡག་མའི་མཚོ་འགྲམ་དུ་གསར་འགོད་པ་ཁྲུང་ཆིང་ནས་ཐོན་པའི་ཀྲའོ་ལིའང་བཟའ་མི་ལྔ་དང་ཕྲད་ཅིང་། ཀྲའོ་ལིའང་གིས་གསར་འགོད་པར་བཤད་རྒྱུར། ཁོ་རང་ལོ་རྟག་པར་ཁྲོ་ཆུའི་ནགས་ཁྲར་ལྟ་རུ་ཡོང་གིན་ཡོད་ལ། ད་ལོ་ནི་ཏག་ཏག་ལོ་བདུན་པ་རེད་ཅེས་བཤད།
        ང་ལ་མཚོན་ན་གནས་འདིའི་འགྱུར་ལྡོག་ཆེ་ཤོས་ནི་ལྗོངས་ཁམས་དང་ལྗོངས་ཁུལ་གྱི་འཛུགས་སྐྲུན་ཁོ་ན་མིན་པར། ས་གནས་མང་ཚོགས་ཀྱི་ལྗོངས་སྐོར་ཞབས་ཞུའི་འདུ་ཤེས་སད་པ་འདི་རེད་ཟེར། སྔོན་ཆད་དང་མི་འདྲ་བར་ད་ལྟ་ཁྲོ་ཆུའི་མང་ཚོགས་ཀྱིས་རང་ལྕག་གིས་འགྲོ་འདུག་ཉལ་འཆག་གི་གནས་སོགས་མཚམས་སྦྱོར་བྱ་ངེས་ལ། དེ་ལས་ཀྱང་ཁོས་བརྗེད་དུ་མེད་པ་ནི་ད་ལོའི་རྒྱལ་སྟོན་གྱི་སྐབས་སུ་ཁྲོ་ཆུ་བརྒྱུད་ནས་འགྲོ་སྐབས། ལམ་རྒྱུད་ཀྱི་འགན་སྲུང་ཞབས་ཞུའི་ས་ཚིགས་སུ་ཁྲོ་ཆུའི་མགྲོན་པོར་རིན་མེད་དུ་གཏེར་ཆུ་དང་། གོ་རེ། སྟབས་ཐུག་སོགས་འབུལ་བཞིན་པ་དང་། དེ་ལས་གཞན་དུ་འོ་མའི་ལུང་བའི་ལམ་རྒྱུད་ཀྱི་ལྗོངས་ཁུལ་ཀུན་ཏུ་རིན་མེད་པར་ཆུ་ཚན་སྟེར་བཞིན་འདུག་ཅེས་བཤད།
        ཚེ་རིང་སྒྲོལ་མ་དགོད་ཞོར་དུ་གསར་འགོད་པར་བཤད་རྒྱུར། ལྗོངས་རྒྱུ་བར་ཆུ་ཚན་རིན་མེད་དུ་སྟེར་རྒྱུ་ནི་ཡུལ་འདིའི་ཐུན་མོང་གི་རྒྱུན་ཤེས་ཤིག་ཏུ་ཆགས་ཡོད། ཁྲོ་ཆུའི་སྟོན་དགུན་ནམ་ཟླ་ཤིན་ཏུ་འཁྱགས་པས་ཆུ་ཚན་ཕོར་གང་གིས་ཀྱང་མི་སེམས་ལ་དྲོད་ཁོལ་བསྐྱིལ་ཐུབ་ཀྱི་ཡོད་ཅེས་བཤད།
        བསྡོམས་རྩིས་ལྟར་ན། ཟླ10བའི་ཚེས20ཉིན་སི་ཁྲོན་ལོ་མ་དམར་པོའི་སྐྱེ་ཁམས་ལྗོངས་སྐོར་དུས་སྟོན་དང་ཁྲོ་ཆུའི་སྐབས་ལྔ་བའི་འཁྱགས་རོམ་ནགས་ཁྲའི་དུས་སྟོན་གྱི་མཛད་སྒོ་སྤེལ་བ་ནས། ཟླ11པའི་ཚེས15ཉིན་བར་དུ་ཁྲོ་ཆུས་རྒྱལ་ཕྱི་ནང་གི་མགྲོན་པོ་ཁྲི30ལ་ཉེ་བ་ཞིག་སྣེ་ལེན་བྱས་ཤིང་། ལྗོངས་སྐོར་ཡོང་སྒོ་སྒོར་དུང་ཕྱུར2.26ལོན་ཡོད།
        རྒྱུས་ལོན་པ་ལྟར་ན། ཁྲོ་ཆུ་རྫོང་གིས་སྒོ་སྔར་བས་ཡངས་པོར་ཕྱེས་ཏེ། མུ་མཐུད་དུ་སྟོན་དུས་ལྗོངས་སྐོར་གྱི་སྙན་གྲགས་ཕྱོགས་བཅུར་ཁྱབ་པར་བྱས་ཏེ་དབྱར་དགུན་སྟོན་དཔྱིད་དུས་ཚིགས་བཞི་བོས་ལྗོངས་སྐོར་གྱི་རྟགས་མ་ཁྱད་པར་བ་ཞིག་བཟོ་རྒྱུ་དང་། ལྗོངས་སྐོར་ལས་རིགས་ལ་བརྟེན་ནས་ཕྱུག་པོར་གྱུར་བའི་མི་གྲངས་ཇི་ལྟར་མང་ན། ཁྲོ་ཆུའི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་པར་གདོན་མི་ཟའོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1