༄༅།། གཏུག་བཤེར་གྱོད་དོན་གང་དག་དམངས་རྩོད་གཏུག་བཤེར་ཡིན།

ཚེ་བརྟན་སྒྲོལ་མས་སྒྲིག་སྒྱུར་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-22


གྱོད་དཔེ།
        བུ་མོ་ཆོས་སྒྲོན་དམའ་འབྲིང་ལས་སློབ་མཐར་ཕྱིན་རྗེས་རྫོང་མཁར་གྱི་ཡིག་གཏག་བསྐྱར་དཔར་ཁང་ཞིག་ཏུ་ཡིག་གཏག་པའི་ལས་ཀ་ལས་བཞིན་ཡོད། ཡིག་གཏག་བསྐྱར་དཔར་ཁང་དེ་རྫོང་མི་དམངས་ཁྲིམས་ཁང་གི་ཉེ་འགྲམ་དུ་ཡོད་པས་དེའི་ནང་དུ་ཡོང་མཁན་མགྲོན་པོ་མང་ཆེ་བ་ཁྲིམས་ཁང་དུ་གཏུག་བཤེར་བྱེད་དུ་འགྲོ་མཁན་རྐྱང་རྐྱང་ཡིན་པས། ལ་ལས་ཐོབ་ཐང་ལག་འཁྱེར་བསྐྱར་དཔར་བྱེད་པ་དང་། ལ་ལས་ཁྲིམས་སྦྱོར་སྙན་ཞུ་དང་རྩོད་ལན་ཞུ་ཚིག་དཔར་བཞིན་ཡོད།
ཆོས་སྒྲོན་གྱིས་གཏུག་བཤེར་གྱི་བྱ་བ་གཏན་ནས་མི་ཤེས་པའི་གཏུག་བཤེར་བྱེད་པ་ནི་ཡ་ང་བའི་ལས་དོན་ཞིག་ཡིན་པར་འདོད། འོན་ཀྱང་དུས་ཡུན་རིང་པོ་འགོར་རྗེས་ཁོ་མོའང་ལས་ཀ་དེར་རིམ་བཞིན་གོམས་པར་གྱུར། ཁྲིམས་རོགས་པ་འགའ་དུས་རྒྱུན་ཡིག་གཏག་ཁང་དུ་དཔྱད་གཞིའི་ཡིག་ཆ་ཡིག་གཏག་དང་བསྐྱར་དཔར་བྱེད་དུ་ཡོང་བཞིན་ཡོད་པས་ཆོས་སྒྲོན་ཁོ་ཚོ་དང་ཅུང་ཆ་རྒྱུས་ཡོད་པར་གྱུར། ཉིན་དེར་ཡིག་གཏག་ཁང་ནང་གི་ལས་ཀ་ཅུང་ཉུང་སྟབས་ཁོ་མོས་ཁྲིམས་རོགས་པ་ཞིག་ལ་ཁྱེད་ཚོས་གཞན་ལ་གཏུག་བཤེར་ཐད་ཀྱི་རོགས་རམ་གང་འདྲ་བྱེད་བཞིན་ཡོད་ཅེས་དྲིས་པ་ན། ཁྲིམས་རོགས་པས་མོ་ལ། གཏུག་བཤེར་སྐོར་ཡོད་ཚད་ཚང་མ་ང་ཚོས་གཞན་གྱིས་ཚབ་བྱས་ནས་དམངས་དོན་ཐད་ཀྱི་གཏུག་བཤེར་བྱེད་པ་ཅུང་མང་། གཞན་ད་དུང་སྲིད་འཛིན་དང་ཉེས་དོན་ཐད་ཀྱི་གཏུག་བཤེར་ཀྱང་ཡོད་ཟེར། བུ་མོ་ཆོས་སྒྲོན་གྱི་སེམས་ལ་གཏུག་བཤེར་ལ་རིགས་འདི་འདྲ་མང་པོ་ཞིག་ཡོད་དམ་སྙམ་ནས་ཡང་བསྐྱར། དེས་ན། དམངས་རྩོད་གཏུག་བཤེར་ནི་ཅི་འདྲ་ཞིག་ཡིན་ཞེས་དྲིས། ཁྲིམས་རོགས་པས་ཁོ་མོ་གནད་འདིར་སྤྲོ་སྣང་ཡོད་པ་མཐོང་ནས་དེར་རིམ་བཞིན་གསལ་འགྲེལ་བྱས།
ཁྲིམས་རོགས་པའི་དཔྱད་བརྗོད།
        《 དམངས་རྩོད་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།》དོན་ཚན་གསུམ་པར། མི་དམངས་ཁྲིམས་ཁང་གིས་སྤྱི་དམངས་བར་དང་། ཁྲིམས་མིའི་བར། རྩ་འཛུགས་གཞན་དག་བར་བཅས་དང་དེ་བཞིན་དེ་དག་ཕན་ཚུན་བར་རྒྱུ་དངོས་ཀྱི་འབྲེལ་བ་དང་གཉེན་ཚན་གྱི་འབྲེལ་བའི་རྐྱེན་ལས་དམངས་རྩོད་གཏུག་བཤེར་བྱ་རིགས་བདག་སྤྲོད་བྱེད་སྐབས་བཅའ་ཁྲིམས་འདིར་འཁོད་གཏན་འབེབས་དག་སྤྱད་འཐུས་ཞེས་གཏན་འཁེལ་བྱས་ཡོད། དོན་ཚན་འདིའི་ནང་དམངས་རྩོད་གཏུག་བཤེར་སྤྱད་འཐུས་ཀྱི་ཁྱབ་ཁོངས་ཞིབ་ཏུ་བཤད་ཡོད་ཅིང་། གསལ་པོར་བཤད་ན་གོང་གི་ཆ་རྐྱེན་དང་མཐུན་པའི་གཏུག་བཤེར་ཚང་མ་དམངས་རྩོད་གཏུག་བཤེར་ཡིན། སྤྱི་དམངས་བར་དང་། ཁྲིམས་མིའི་བར། རྩ་འཛུགས་གཞན་དག་བར་བཅས་དང་དེ་བཞིན་དེ་དག་ཕན་ཚུན་བར་རྒྱུ་དངོས་ཀྱི་འབྲེལ་བ་དང་གཉེན་ཚན་གྱི་འབྲེལ་བའི་རྐྱེན་ལས་གཏུག་བཤེར་བྱ་རིགས་བྱེ་བྲག་དུ་དབྱེ་ན།
        1.རྒྱུ་དངོས་འབྲེལ་བའི་གྱོད་དོན་ནི་རང་རྒྱལ་གྱི་《དམངས་ཁྲིམས་སྤྱི་སྲོལ།》དང་དམངས་དོན་བཅའ་ཁྲིམས་སོ་སོའི་ནང་ལེགས་སྒྲིག་བྱེད་པའི་འདྲ་མཉམ་གྱི་བྱེད་པོའི་བར་རྒྱུ་དངོས་ཀྱི་བདག་དབང་དང་། རྒྱུ་དངོས་འཁོར་རྒྱུག རྒྱུ་དངོས་བགོ་བཤའ་དང་ཤུལ་འཛིན་ལ་སོགས་པའི་ཐད་རྩོད་གླེང་བྱུང་ནས་ཁྲིམས་ཁང་དུ་ཞུ་སྦྱོར་བྱས་པའི་གྱོད་དོན་ལ་ཟེར། དམངས་རྩོད་གཏུག་བཤེར་ཁྲོད་ཀྱི་གྱོད་དོན་མང་ཆེ་བ་རིགས་འདིའི་ཁོངས་སུ་གཏོགས།
        2.གཉེན་ཚན་གྱི་འབྲེལ་བའི་གྱོད་དོན་ནི་རང་རྒྱལ་གྱི་《 དམངས་ཁྲིམས་སྤྱི་སྲོལ།》དང་དམངས་དོན་བཅའ་ཁྲིམས་སོ་སོའི་ནང་ལེགས་སྒྲིག་བྱེད་པའི་འདྲ་མཉམ་གྱི་བྱེད་པོའི་བར་བྱུང་བའི་མི་ལུས་ཀྱི་ཁེ་དབང་དང་མིའི་ཐོབ་ཐང་གི་ཁེ་དབང་སྐོར་གྱི་རྩོད་གླེང་སྟེ། དཔེར་ན། མིའི་ཚེ་སྲོག་དང་བདེ་ཐང་གི་ཁེ་དབང་། རུས་མིང་གི་བདག་དབང་། མིང་གྲགས་ཐོབ་དབང་དང་གཟི་བརྗིད་ཀྱི་མཚན་སྙན་ཐོབ་དབང་། གསུང་རྩོམ་གྱི་བདག་དབང་། ཆེད་ཁེ་བདག་དབང་ལ་སོགས་པའི་ཐད་རྩོད་གླེང་བྱུང་ནས་ཁྲིམས་ཁང་དུ་ཞུ་སྦྱོར་བྱས་པའི་གྱོད་དོན་ཚང་མ་གཉེན་ཚན་འབྲེལ་བའི་ཐད་ཀྱི་དམངས་རྩོད་གཏུག་བཤེར་ཡིན།
        3.ངལ་རྩོལ་རྩོད་གླེང་སྐོར་གྱི་གྱོད་དོན། ངལ་རྩོལ་པ་དང་མི་བཀོལ་མཁན་སྡེ་ཚན་བར་དུ་མི་བཀོལ་མཁན་སྡེ་ཚན་གྱིས་ངལ་རྩོལ་པ་ཕྱིར་ཕུད་པ་དང་། མིང་བསུབ་པ། ལས་གནས་ནས་ཕྱིར་སློག་པའམ་ཡང་ངལ་རྩོལ་པས་ལས་ཁུར་དགོངས་ཞུ་དང་། རང་འགུལ་དུ་ལས་གནས་ནས་བྲལ་བ། དེ་མིན་ངལ་རྩོལ་ཐོབ་ཆ་བཅས་ཀྱི་ཕྱོགས་ལ་རྩོད་གླེང་འདུམ་གཅོད་བྱས་རྗེས། ཕྱོགས་གཅིག་གམ་ཕྱོགས་གཉིས་ཀ་འདུམ་གཅོད་བཅད་ཁྲ་དེར་འཐད་པ་མིན་ན། འདུམ་གཅོད་བཅད་ཁྲ་འབྱོར་ཉིན་ནས་ཉིན་15ཡི་ནང་ཚུན་དུ་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱ་ཆོག འདི་ལས་ངལ་རྩོལ་རྩོད་གླེང་སྐོར་གྱི་གྱོད་དོན་ཁ་ཤས་དམངས་རྩོད་གཏུག་བཤེར་གྱི་ཁོངས་སུ་གཏོགས་པ་ཤེས་ཐུབ།
        སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དམངས་རྩོད་གཏུག་བཤེར་ནི་བྱུང་གྲངས་ཆེས་མང་ཞིང་དེར་འབྲེལ་གྱི་མི་འབོར་ཡང་མང་ལ། དེ་དང་མཉམ་དུ་ཁྲིམས་ཁང་ལ་མཚོན་ན་ཡང་ལས་བྲེལ་ཆེ་ཤོས་ཀྱི་རྒྱུན་མཐོང་གི་གྱོད་དོན་ཞིག་ཡིན། དེ་བས་དམངས་རྩོད་གཏུག་བཤེར་གྱི་ཁྱབ་ཁོངས་ཤེས་ཚེ་གཏུག་བཤེར་གང་དག་དམངས་རྩོད་གཏུག་བཤེར་ཡིན་པ་དང་དེ་ཇི་ལྟར་ཐག་གཅོད་བྱེད་དགོས་ཚུལ་ཤེས་ཐུབ།
གཞི་འཛིན་སའི་བཅའ་ཁྲིམས།
        《 དམངས་རྩོད་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།》དོན་ཚན་གསུམ་པ། མི་དམངས་ཁྲིམས་ཁང་གིས་སྤྱི་དམངས་བར་དང་། ཁྲིམས་མིའི་བར། རྩ་འཛུགས་གཞན་དག་བར་བཅས་དང་དེ་བཞིན་དེ་དག་ཕན་ཚུན་བར་རྒྱུ་དངོས་ཀྱི་འབྲེལ་བ་དང་གཉེན་ཚན་གྱི་འབྲེལ་བའི་རྐྱེན་ལས་དམངས་རྩོད་གཏུག་བཤེར་བྱས་རིགས་བདག་སྤྲོད་བྱེད་སྐབས་བཅའ་ཁྲིམས་འདིར་འཁོད་གཏན་འབེབས་དག་སྤྱད་འཐུས། །  


རྩོམ་ཡིག་སྔོན་མ།
༄༅།། རླུང་རྟའི་སྐོར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1