གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

ཞི་བདེ་ཉི་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༢ཚེས་༢༢ཉིན།

༄༅།། ཁྱོད་ཡོད་པས་ང་ཧ་ཅང་དྭངས།

ཞི་བདེ་ཉི་མ།




བུ་ཆུང་ལགས། དགུན་ཁའི་ཞོགས་པ་འདིར།
ཁྱོད་གང་ལ་འགྲོ་བཞིན་ཡོད།
ཉི་ཟེར་འཁྱུག་བའི་གངས་འདབས་འདིར།
སད་སྔ་བའི་བྱེའུ་ཆུང་དེ་ཁྱོད་རང་ཨེ་ཡིན།
ཁྱོས་སུ་ཞིག་གི་མངགས་བཅོལ་གང་ཞིག་ཁྱེར་ནས།
སྤང་ཐང་འདིར་ཁེར་རྐྱང་ངང་།
སྤྲོ་སྐྱིད་ཅི་ཞིག་འཚོལ་བཞིན་ཡོད།

བུ་ཆུང་། ད་ནི་དགུན་ཁ་ཐོན་བྱུང་།
སྟོན་མཇུག་གིས་བསྐྱུར་བའི་ཡུལ་གྱར་གྱི་རླུང་བུ་འདི་ནི།
དབྱངས་མེད་པའི་དུས་ཚིགས་འདིས།
ཁྱོད་དང་འུ་གཉིས་ཁོ་ནར་བཞག་པའི་གནས་ཚང་ག་ལ་ཡིན།

རླུང་བུའི་ཁོང་གསེང་མྱུལ་བའི་རི་བྱེའུ་དེ་དག་དང་།
སྒོ་ཁྱིའི་ཟུག་སྐད་ཁྲོད་རྒྱང་དུ་འཐེན་པའི།
ཁྱོད་ཀྱི་ངལ་དུབ་མེད་པའི་རྒྱབ་གཟུགས་ཆུང་ཆུང་དེ།
འུ་ཅག་གི་སྤང་ཐང་འདིའི།
མདང་དགོང་རྨིས་མ་ཚར་བའི་རྨི་ལམ་གྱི་ཁ་དོག་ཨེ་རེད།

བུ་ཆུང་། རླུང་བུའི་རྒྱུ་ཕྱོགས་དེ་ནི།
ཁྱོའི་འཛུམ་མདངས་ཀྱི་ཁ་ཕྱོགས་ཡིན།
ད་ལོ་ཕ་ཡུལ་ལ་ཁ་བ་མེད་ནའང་།
ཁྱོད་ཀྱི་རྒྱབ་དུ་གཡའ་དག་པའི་སེམས་པ་ཞིག་ཡོད།
དེ་ནི་མེས་པོས་ང་དང་ཁྱོད་ལ་བཞག་པའི།
སྐལ་བའི་གངས་རི་དཀར་པོ་དེ་རེད།
བུ་ཆུང་། ཞོགས་པ་འདིར།
གནའ་སྔ་མོ་ཟེར་བའི་བྱིས་སྒྲུང་དེ།
ངས་ཁྱོད་ལ་འཆད་འདོད་མེད།
ཁྱོའི་འུར་ལྕག་གི་སྣེ་མོར་རྗི་གཞས་ཆུང་ཆུང་ཞིག་འཁོར་དུས།
བར་སྣང་གི་སྤྲིན་དཀར་ཁྲོད་འཚོ་བའི་རྒོད་པོ་དག་གིས།
ཁྱོད་ལ་སྙིང་ཉེ་བའི་གཤོགས་འགྱུར་ངོམ་སྲིད་།
དེ་དུས་ཁྱོད་ལ་ལུ་གུ་ཡོད་ལ། གཏམ་རྒྱུད་ཡོད།
ད་དུང་སང་ལོའི་ཕ་གཞིས་འདིར།
གཡུ་སྦྲང་ཞིག་གིས་འཁྱེར་བའི་མེ་ཏོག་གི་རྩེད་ཆས་ཤིག་ཀྱང་ཡོད།

བུ་ཆུང་། ཞོགས་པ་འདིར།
དཔྱིད་ཀ་ལྟ་བུའི་ཨ་མའི་པགས་རྩག་གྱོན་དེ།
ཁྱོད་དྲོད་འཇམ་ངང་དགུན་ལྗོངས་གང་ཞིག་ལ་འགྲོ་བཞིན་ཡོད།
གཏམ་རྒྱུད་མང་པོའི་འུ་ཅག་གི་སྤང་ཐང་འདིར།
ཁ་ཆར་བུ་ཡུག་ཇི་ལྟར་འབབ་པ་ཁྱོད་ནས་རྟོག་མི་སྲིད།
ཁྱོད་ལ་ཨ་ཕའི་འུར་ལྕག་ཡོད་པས།
སྒང་གཤོང་འདིར་མཚན་མོ་སླེབས་པར་ཅི་ལ་སྐྲག
ཁོད་ཡངས་པའི་རྫི་གཞས་ཤིག་ཐོངས་དང་།
རུ་སྡེ་འདིའི་ཉིན་སྲིབ་དག་ནི།
ཁྱོད་དང་འུར་རྡོ་འཕུར་སྐྱོད་བྱ་ས་ཡིན།
ཁྱོད་དང་དུས་ཚིགས་ཀྱི་བློ་སྤོབས་བརྡར་ས་ཡིན།

བུ་ཆུང་། རི་སྒང་དུ་ལུག་ཁྱུས་ཉི་ཟེར་བཏུ་དུས།
ད་ལོའི་དགུན་ལྗོངས་འདི་ཇི་འདྲའི་དབུལ་ཞིང་།
བྱེའུ་ཆུང་དག་གི་གྲེ་འགྱུར་དེ་རླུང་བུ་གང་ཞིག་གིས་ཁྱེར་བ།
རྫི་བོ་སུ་ཞིག་གིས་ཀྱང་ཁྱོད་ལ་ལབ་གླེང་བྱེད་མི་སྲིད།
ཁ་བ་མེད་པའི་རི་སྒང་འདིར།
དཔྱིད་ཀ་དེ་ཅི་འདྲའི་རྒྱང་རིང་བའང་ཁྱོད་ནས་ག་ལ་ཤེས།

བུ་ཆུང་། ཉི་འོད་འོག་གི་ཚ་བོ་ཆུང་ཆུང་།
ལུག་ཁྱུ་སྤང་རྩྭར་སྙེག་པའི་རི་གཤམ་དུ།
ཁྱོད་ལ་རང་ཁྱིམ་ལྟ་བུའི་རྩེད་ར་ཆུང་ཆུང་ཞིག་ཡོད།
དེ་ནི་ཁྱོད་རང་བདེ་ཐང་གིས་འཚོ་བའི་འཇིག་རྟེན་དེ་ཡིན་ལ།
ད་དུང་། མེ་ཏོག་ལྟ་བུའི་བློ་ཁོག་དང་།
སྲོད་ཀྱི་དུས་སུ་ཡུལ་ལ་ལོག་ཁར།
ཕྱི་མིག་གིས་ཡང་ཡང་འཚོ་འདོད་པའི།
སེམས་འཛིན་གྱི་གཡང་ཁྱིམ་ཆུང་ཆུང་དེའང་ཡིན།
བུ་ཆུང་། རྨི་ལམ་མང་པའི་སྤང་ཐང་འདིར།
ང་རང་ནར་སོན་མེད་པའི་རྩེད་ར་ཆུང་ཆུང་དེ་ཡིན་ན་ཅི་མ་རུང་།

བུ་ཆུང་། ཁྱོད་ཀྱི་སྐར་ཆུང་ལྟ་བུའི་མིག་ཟུང་ལས།
ང་ལ་འོད་ཀྱིས་ཁྲུས་གསོལ་ཐེངས་ཤིག་བྱས་སོང་།
ད་ནི། ངས་ཀྱང་རི་བོ་འདིའི་པང་དུ།
ཁྱོད་དང་ལྷན་དུ་ཡིད་ཚིམ་པའི་རྫི་གཞས་ཤིག་གཏོང་འདོད།
གངས་རི་དང་སྤྲིན་དཀར་གྱི་ཁྲོད་དུ།
ཨ་མ་དང་དབྱར་ཀའི་པང་དུ།

བུ་ཆུང་། ཞོགས་པ་འདིར་ཁྱོད་ཡོད་པས།
ང་ནི་ཅི་འདྲའི་དྭངས་པ་ལ་ཨང་།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1