གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༢ཚེས་༢༨ཉིན།

༄༅།།རྩིས་འགྲོ་མེད་པའི་མ་རྐང་འཛིན་དབང་གི་འཚོང་བཤུག

དང་པོ། གན་རྒྱ་འཇོག་སྐབས་ཁྲིམས་རྩ་རང་འདེམས་ཀྱི་མཐུན་རྐྱེན་མ་ཚང་ན་རྩིས་འགྲོ་མེད་པར་ངོས་འཛིན་བྱ་རྒྱུ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ》གྱི་“དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ལ་གཤམ་འཁོད་ཆ་རྐྱེན་དགོས་པ་སྟེ།
(གཅིག)བྱ་སྤྱོད་སྤེལ་མཁན་ལ་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་བབ་དང་མཐུན་པ་ཡོད་པ་དང་།
(གཉིས)བསམ་དོན་ཇི་བཞིན་མཚོན་ཐུབ་པ།
(གསུམ)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་བཙན་འདོམས་རང་བཞིན་གྱི་གཏན་འབེབས་དང་མ་འགལ་ཞིང་། སྤྱི་སྲོལ་ལུགས་བཟང་དང་ཡང་རྒྱབ་འགལ་མ་སོང་བ་བྱ་དགོས།
        དམངས་དོན་ཁྲིམས་འབྲེལ་བྱ་སྤྱོད་གང་ཞིག་རྩིས་འགྲོ་ཡོད་དགོས་ཚེ་གོང་གི་ཆ་རྐྱེན་གསུམ་ཀ་ཚང་དགོས་པ་ཡིན། ཡང་གལ་སྲིད་དཔང་རྟགས་སྟོན་ནས《རྐང་དབང་འཚོང་བཤུག་གན་རྒྱའི》ཕྱོགས་གཅིག་གི་འདོད་དོན་ངོ་མ་མ་ཡིན་པར་གན་རྒྱ་འཇོག་སྐབས་མགོ་སྐོར་བསླུ་བྲིད་དང་བཙན་པོ་དབང་ཡོད་ལྟ་བུའི་གནས་ཚུལ་ཡོད་པ་ར་སྤྲོད་ཐུབ་ཚེ།《རྐང་དབང་འཚོང་བཤུག་གན་རྒྱ》དེ་དང་རྐང་དབང་འཚོང་བཤུག་གི་བྱ་སྤྱོད་བཅས་རྟག་ཏུ་རྩིས་འགྲོ་མེད་པར་ཆགས་འགྲོ།
གཉིས་པ། རྐང་དབང་གི་ངོ་བོའི་ཆ་ནས་བལྟས་ན་རྒྱལ་ཁབ་ལ་དབང་བ་ཡིན་སྟབས། འཚོང་བཤུག་བྱེད་སྐབས“དགོས་ངེས”ཞེས་པའི་གཏན་འབེབས་དང་མ་འཚམ་ན་རྩིས་འགྲོ་མེད་པར་ངོས་འཛིན་བྱ་རྒྱུ།《ཁེ་ལས་ཀྱི་རྒྱལ་ཁོངས་མ་རྩ་ལྟ་སྐུལ་དོ་དམ་བྱེད་ཕྱོགས་སྐོར་གྱི་གནས་སྐབས་སྲོལ་ཡིག》གི་དོན་ཚན་བཅུ་གསུམ་པར“རྒྱལ་ཁོངས་མ་རྩ་ལྟ་སྐུལ་དོ་དམ་བྱེད་མཁན་སྒྲིག་གཞིའི་འགན་འཁྲི་གཙོ་བོ་ནི།(གཅིག)《ཀུང་སིའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་ནས་མ་དངུལ་འདོན་མཁན་ཁེ་ལས་ཀྱིས་མ་དངུལ་འདོན་འགན་བསྒྲུབ་པ་དང་བདག་དབང་ཅན་གྱི་ཁེ་ཕན་སྲུང་སྐྱོབ་......རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁོངས་མ་རྩ་ལྟ་སྐུལ་དོ་དམ་བྱེད་མཁན་སྒྲིག་གཞིས་གོང་གསལ་གཏན་འབེབས་ཀྱི་འགན་འཁྲི་ཕུད། ཁེ་ལས་ཀྱི་རྒྱལ་ཁོངས་མ་རྩ་ལྟ་སྐུལ་དོ་དམ་བྱེད་ཕྱོགས་སྐོར་གྱི་སྒྲིག་སྲོལ་ལམ་ལུགས་བཟོ་ཆོག”ཞེས་པའི་གཏན་འབེབས་དང་། 《ཁེ་ལས་ཀྱི་རྒྱལ་ཁོངས་བདག་དབང་འཚོང་བཤུག་དོ་དམ་བྱེད་ཕྱོགས་སྐོར་གྱི་གནས་སྐབས་བྱ་ཐབས》ཀྱི་དོན་ཚན་བཞི་བར“ཁེ་ལས་ཀྱི་རྒྱལ་ཁོངས་བདག་དབང་འཚོང་བཤུག་ནི་ཁྲིམས་ལྟར་བཙུགས་པའི་བདག་དབང་ཉོ་ཚོང་སྒྲིག་གཞིའི་ནང་དུ་མངོན་གསལ་སྤེལ་དགོས་ཤིང་། ས་ཁུལ་དང་། ལས་རིགས། མ་དངུལ་འདོན་མཁན་ནམ་ཡང་ན་གོང་འོག་འབྲེལ་བ་བཅས་ཀྱིས་ཚོད་བཟུང་བྱ་མི་ནུས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་ལོགས་སུ་གཏན་འབེབས་བྱས་རིགས་གཏན་འབེབས་དེ་ཉིད་དང་བསྟུན་རྒྱུ”དང་། དོན་ཚན་ལྔ་བར“ཁེ་ལས་ཀྱི་རྒྱལ་ཁོངས་བདག་དབང་འཚོང་བཤུག་བྱེད་ཐབས་ནི། ཧབ་འཚོང་དང་། འོས་སྐུལ་འོས་དཔོད། གྲོས་མཐུན་འཚོང་བཤུག དེ་བཞིན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་བྱས་པའི་བྱ་ཐབས་གཞན་དག་བཅས་སྤྱོད་ཆོག”ཅེས་པའི་གཏན་འབེབས་བཅས་ལ་གཞིགས་ན། རྒྱལ་ཁོངས་བདག་དབང་གི་ངོ་བོ་ལྡན་པའི་རྐང་དབང་འཚོང་བཤུག་བྱེད་སྐབས། བདག་དབང་ཉོ་ཚོང་སྒྲིག་གཞིའི་ནང་དུ་མངོན་གསལ་དུ་འཚོང་བཤུག་བྱ་དགོས།
གསུམ་པ། རྐང་དབང་འཚོང་བཤུག་དེ《ཀུང་སིའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དོན་ཚན་དོན་གཉིས་པའི་གཏན་འབེབས་ལས་འགལ་ན་རྩིས་འགྲོ་མེད་པར་ངོས་འཛིན་བྱ་རྒྱུ།《ཀུང་སིའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དོན་ཚན་དོན་གཉིས་པར “འགན་འཁྲི་ཚད་ཡོད་ཀུང་སིའི་མ་རྐང་འཇོག་མཁན་བར་ཕན་ཚུན་མ་རྐང་འཛིན་དབང་ཡོངས་རྫོགས་སམ་ཆ་ཤས་ནང་བཤུག་བྱས་ཆོག མ་རྐང་འཇོག་མཁན་གྱིས་མ་རྐང་འཇོག་མཁན་ཕུད་པའི་མི་སྣར་མ་རྐང་འཛིན་དབང་ནང་བཤུག་བྱེད་ན་མ་རྐང་འཇོག་མཁན་གཞན་དག་གི་ཕྱེད་ཀ་ལས་བརྒལ་བས་མོས་མཐུན་བྱ་དགོས། མ་རྐང་འཇོག་མཁན་གྱིས་རང་གི་མ་རྐང་འཛིན་དབང་ནང་བཤུག་བྱེད་དོན་སྐོར་ཡིག་ཐོག་ནས་མ་རྐང་འཇོག་མཁན་གཞན་དག་ལ་བརྡ་ཐོ་བཏང་ནས་མོས་མཐུན་ཐོབ་པ་བྱ་དགོས་ཤིང་། མ་རྐང་འཇོག་མཁན་གཞན་དག་གིས་ཡིག་ཐོག་གི་བརྡ་ཐོ་ལག་སོན་བྱུང་ཉིན་ནས་བཟུང་གི་ཉིན་སུམ་ཅུ་ལོངས་ཀྱང་ལན་མ་བཏབ་ན་ནང་བཤུག་བྱ་རྒྱུའི་མོས་མཐུན་ཡོད་པར་བརྩི་རྒྱུ། མ་རྐང་འཇོག་མཁན་གཞན་དག་གི་ཕྱེད་ཀ་ཡན་བརྒལ་བས་ནང་བཤུག་བྱེད་པར་མོས་མཐུན་མི་བྱེད་ན། མོས་མཐུན་མེད་མཁན་མ་རྐང་འཇོག་མཁན་གྱིས་ནང་བཤུག་བྱེད་པའི་མ་རྐང་འཛིན་དབང་དེ་ཉིད་ཉོ་དགོས་པ་དང་། མ་ཉོས་ན་ནང་བཤུག་བྱ་རྒྱུའི་མོས་མཐུན་ཡོད་པར་བརྩི་རྒྱུ།མ་རྐང་འཇོག་མཁན་གྱིས་མ་རྐང་འཛིན་དབང་ནང་བཤུག་བྱ་རྒྱུའི་མོས་མཐུན་བྱས་པ་ཡིན་ཕྱིན། ཆ་རྐྱེན་གཅིག་མཚུངས་ཡིན་ནའང་མ་རྐང་འཇོག་མཁན་གཞན་དག་ལ་སྔོན་ཐོབ་ཀྱི་ཉོ་དབང་ཡོད། མ་རྐང་འཇོག་མཁན་གཉིས་ཡན་གྱིས་སྔོན་ཐོབ་ཀྱི་ཉོ་དབང་སྤྱོད་རྒྱུའི་འདོད་ཚུལ་བཟུང་ན། རང་སོ་སོའི་ཉོ་བྱའི་བསྡུར་ཚད་གྲོས་མོལ་བྱས་ནས་གཏན་འཁེལ་བྱ་རྒྱུ་དང་། གྲོས་ཁ་མ་མཐུན་ན། ནང་བཤུག་བྱེད་སྐབས་རང་རང་སོ་སོའི་མ་དངུལ་འཇོག་གྲངས་ཀྱི་བསྡུར་ཚད་ལྟར་སྔོན་ཐོབ་ཀྱི་ཉོ་དབང་སྤྱོད་རྒྱུ།ཀུང་སིའི་སྒྲིག་ཡིག་ནང་མ་རྐང་འཛིན་དབང་ནང་བཤུག་བྱེད་པར་གཏན་འབེབས་ལོགས་སུ་ཡོད་ན་གཏན་འབེབས་དེ་ལྟར་བྱ་རྒྱུ།”ཞེས་གཏན་འབེབས་བྱས་ཡོད། འགན་འཁྲི་ཚད་ཡོས་ཀུང་སིས་མ་རྐང་འཛིན་དབང་འཚོང་བཤུག་བྱེད་སྐབས་གཏན་འབེབས་འདི་ཉིད་གཞིར་བཟུང་ནས་འཚོང་བཤུག་བྱ་དགོས་ཤིང་། ལྷག་པར་དུ་ཕྱི་ཕྱོགས་སུ་མ་རྐང་འཛིན་དབང་འཚོང་བཤུག་བྱེད་སྐབས་མ་རྐང་འཇོག་མཁན་གཞན་དག་གི་ཕྱེད་ཀ་ལས་བརྒལ་བས་མོས་མཐུན་བྱ་དགོས་པ་མ་ཟད། མ་རྐང་འཇོག་མཁན་གྱིས་མ་རྐང་འཛིན་དབང་ནང་བཤུག་བྱ་རྒྱུའི་མོས་མཐུན་བྱས་པ་ཡིན་ཕྱིན། ཆ་རྐྱེན་གཅིག་མཚུངས་ཡིན་ནའང་མ་རྐང་འཇོག་མཁན་གཞན་དག་ལ་སྔོན་ཐོབ་ཀྱི་ཉོ་དབང་ཡོད། དེ་ལས་ལྡོག་ཚེ།《མ་རྐང་འཛིན་དབང་ནང་བཤུག་གི་གྲོས་མཐུན་ཡི་གེ》དང་རྐང་དབང་འཚོང་བཤུག་གི་བྱ་སྤྱོད་བཅས་རྩིས་འགྲོ་མེད་པར་ངོས་འཛིན་བྱ་དགོས།།
(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས། )
  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1