གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

ནུབ་རླུང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཟླ་ཟེར། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༡ཚེས་༠༢ཉིན།

༄༅།། འཇའ་ཚོན།


ནུབ་རླུང་། (འབའ་རྫོང)


དགུན་གྱི་མཚན་མོ་རབ་རིབ།།
ཁ་བའི་སྡང་སྡིག་རྒོད་པ།།
ཕྱི་ཡི་སྤང་གཞོང་ཡངས་པོར།།
རླུང་བུ་བརྩེ་མེད་གཡུགས་འགྲོ།
གོམ་སྒྲ་རྒྱང་དུ་བཀྱེད་པས།།
མི་སེམས་འཁྱག་ལ་སྦྱར་བྱུང་།།
རྣ་བ་བླགས་ཏེ་ཉན་ན།།
སླར་ཡང་རླུང་སྒྲ་ཐོས་ཡོང་།།
དུས་ལ་འགྱུར་བ་ཡོད་ཀྱང་།།
ནམ་ཟླའི་དྲོ་གྲང་མ་འགྱུར།།
མཚན་མོའི་ཁེར་ལབ་ཤབ་ཤུབ།།
རྨི་ལམ་ནང་ལ་འཁོར་ཡོང་།།
ཟླ་བ་དྲན་པས་ཡིན་ནམ།།
སྐར་མའི་ཁོང་འདར་བརྒྱབ་ཡོང་།།
རྣམ་ཤེས་གཤོག་ཐོགས་མིན་ཡང་།།
སྒེའུ་ཁུང་ནང་ནས་འཕུར་འགྲོ།།
ལོ་ཟླའི་གཙང་བོ་བཞུར་སོང་།།
ལང་ཚོའི་གླུ་དབྱངས་རྫོགས་སོང་།།
ང་རང་མཚན་སྨག་ཀློང་ནས།།
མཚོ་ལ་འཐིམ་པ་འདྲ་བ།།
ས་མཐའི་ལ་མོ་མ་བརྒལ།།
རྒུན་ཆང་ཧུབ་ཀྱིས་མ་འཐུང་།།
དཀར་འཇམ་ཤོག་བུའི་ལྟེབས་སུ།།
མེ་ཏོག་རྐང་གཅིག་བཏབ་ཡོད།།
བཞད་པ་འཕྱིས་པའི་མེ་ཏོག།
གཙང་བོས་བསྐྱུར་ཏེ་བཞུར་བ།།
གཙང་ཆུར་ལེ་ལན་མི་བདའ།།
ཆོས་ཉིད་ཡིན་འགྲོ་བསམ་སོང་།།
འཇའ་ཚོན་མིག་ལ་མཛེས་ཀྱང་།།
ལག་པས་འཛིན་ཐབས་མེད་འགྲོ།
ང་དང་འཇའ་ཡི་རི་མོ།།
གཏམ་རྒྱུད་ཅིག་དང་འདྲ་བ།།
ལ་མོ་ཆེ་ཡང་ཆུང་ཡང་།།
རྐང་པས་བརྒལ་ན་དཀའ་བ།།
ལམ་ཡང་གྱ་མ་གྱུ་ཞིག།
ཡོད་ཀྱང་མེད་པ་འདྲ་འདུག།
ཚོར་བ་རླུང་ལ་ཡན་པ།།
བརླན་གཤེར་ཕོར་བ་གང་རེད།།
མཚམས་སྤྲིན་དམར་སེར་དེ་ཡང་།།
འཇའ་ཡི་རི་མོར་འཁྲུལ་ཆོག།
ཆུང་བས་གཉོར་དགོས་མེད་བྱུང་།།
སེམས་པ་སྟེང་འགྱུ་འོག་འགྱུ།།
ང་ཡི་གོས་ཆེན་ཐེར་མའི།།
རི་མོ་ནོག་ན་མི་བསམ།།
ཆར་བ་ཟམ་ཟིམ་བབས་པ།།
ཁྱེད་ཀྱི་གྲོགས་སུ་ཉར་ན།།
འཇའ་ཚོན་དཀར་དམར་སེར་གསུམ།།
ཇི་ལྟར་བཀྲ་ཡང་ཆོག་པ།།           

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1