གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ཀྱེ་ཕུར་མཆོག་གསུམ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༡ཚེས་༠༢ཉིན།

༄༅།། 2017ལོའི་སྡོམ།

  ཀྱེ་ཕུར་མཆོག་གསུམ། 

        ང་ནི་དགེ་རྒན་ཞིག་ཡིན།བོད་སྐད་ཡིག་གི་ལས་དབང་སྐྱོང་བའི་དགེ་རྒན་ཕལ་བ་ཞིག་ཡིན།ཡང་ན་གཞི་རིམ་འབྲོག་ཐང་གི་སློབ་གྲྭ་ཞིག་ན་སྤྱང་གྲུང་འཛོམས་པའི་བྱིས་པ་དག་གི་གདོང་གི་དཀར་ནག་དང་བརྩོན་སེམས་ཀྱི་རྟ་ཕོའི་བང་ཁ་འཚོ་བའི་ལས་བཟོ་པ་དཀྱུས་མ་ཞིག་ཡིན། 

        ངས་ནམ་ཡང་ཉལ་འདང་ལག་པ་བྲང་འདང་བྱ་དགོས་པ་ནི་རང་གི་ལྟོ་འདུན་དང་ཁ་རྒྱབ་ཁོ་ན་མ་ཡིན་པར་རང་གི་ཕྲག་ལ་བབས་པའི་སློབ་གསོའི་འོས་འགན་དེ་རེད།“སློབ་གསོ་ནི་ལྷ་བདུད་གཉིས་ཀྱི་སོ་མཚམས་སུ་གནས་ཤིང་།སློབ་གསོ་ལེགས་ན་མི་ལྷ་རུ་བཞེངས་ཐུབ་ལ།སློབ་གསོ་ཉེས་ན་མི་བདུད་དུ་གཏོང་ངེས”ཞེས་པའི་ཚིག་དུམ་འདིར་གཞི་བཅོལ་ཏེ་གླེང་འདོད་པ་ནི་སློབ་གསོའི་ལས་རྐང་ན་མི་ཚེ་འོད་སྣང་དུ་སྦར་བཞིན་པའི་མིའི་རིགས་ཀྱི་བླ་སྲོག་བཟོ་སྐྲུན་པ་སྟེ། དགེ་རྒན་དག་ཡིན།སྤྱིར་ན་དགེ་བའི་ལམ་སྣ་འདྲེན་པའམ་རང་གི་ལུས་ངག་གི་ལེགས་པའི་དཀར་རྩི་ཡང་དག་པའི་སྒོ་ནས་ཕྱི་རབས་པར་བསྒོ་མཁན་ཞིག་ལ་ད་གཟོད་དགེ་རྒན་ཞེས་འབོད་ཆོག་པར་སྙམ་སྟེ། དགེ་རྒན་ནི་སློབ་མའི་སེམས་ནང་གི་བྱང་ཆུབ་སེམས་དཔའ་དེ་ཡིན།དེས་ན་དགེ་རྒན་ནི་བྲིས་ལ་མཁས་ཤིང་བཤད་ལ་བྱང་པ་ཞིག་ཡིན་དགོས་པའི་མི་ཚད་བསམ་གཞིག་གི་ནམ་མཁའ་ཡངས་ཤིང་དཔེ་ཀློག་གི་མཁྱེན་དཔྱོད་མངའ་བ།ཐབས་བཀོད་ཀྱི་འཕྲུལ་མཛངས་དང་ལྷག་བསམ་གྱི་གངས་རི་མཐོ་བ་ཞིག་ཀྱང་ཡིན་དགོས་པ་འདྲ།དེ་བས་ང་ཚོས་ཚུར་འཁོར་ཏེ་རང་སྟེང་ལ་མཛུབ་མོ་རེ་བཙུགས་ན།ང་ཚོས་རང་རང་གི་ལས་འགན་དེའི་བརྒྱ་ཆའི་སུམ་ཅུ་ཙམ་ཡང་འགྲུབ་ཡོད་མེད་དོགས་པ་ཟ་བའི་གནས་སོ། ། མི་རིགས་ཤིག་གམ་ས་གནས་ཤིག་གི་སློབ་གསོ་འཕེལ་དགོས་ན་མི་རིགས་དེ་དང་ས་གནས་དེའི་དགེ་རྒན་གྱི་དཔུང་སྡེ་དང་ཐད་ཀར་དུ་འབྲེལ་ཡོད་པ་མིན་ནམ།དེ་བས་ཡིག་ངོ་ཆོད་ཚད་དགེ་རྒན་དང་སློབ་སྒྲུབ་ཀྱི་ཁ་ཕྱོགས་འཛིན་པ་ཁོ་ནར་གྱུར་པ་འདིས་ང་ཚོར་མངོན་ལྐོག་གང་རུང་གི་ཉེན་བརྡ་ཞིག་ཀྱང་གཏོང་གིན་ཡོད་པ་འདྲ།
        སློབ་ཆེན་མཐར་ཕྱིན་པ་ནས་བསླབ་དེབ་མ་ཡིན་པའི་དེབ་གཅིག་ཀྱང་ཉོས་མ་མྱོང་བའི་དགེ་རྒན་ག་ཙམ་ཡོད། སློབ་ཆེན་མཐར་ཕྱིན་པ་ནས་རང་གི་ལས་གནས་དང་འབྲེལ་བ། རང་གི་ཆེད་ལས་དང་འབྲེལ་བ།རང་གི་ལས་ཐོབ་དང་འབྲེལ་བའི་ཚིག་དུམ་གཅིག་ཀྱང་བྲིས་མ་མྱོང་བར་གཞན་གྱི་ལྷག་འཕྲོ་དང་ཚིག་ཟུར་བཅོས་ཏེ་ཡོང་བའི་དགེ་རྒན་ག་ཙམ་ཡོད། སློབ་ཐུན་སྐར་མ་བཞི་བཅུ་ངག་འཁྱལ་དང་ཁོང་ཁྲོ། ཞེ་སྡང་།རྫུན་བཟོ།བརྣབ་སེམས།གནོད་སེམས་ཀྱིས་གཏོང་མཁན་དག་ལ་དགེ་རྒན་ཞེས་པའི་མཚན་སྙན་བསྩལ་ཆོག་གམ་སྙམ་པའི་དོགས་འདྲི་ཞིག་ཀྱང་ཞོར་ལ་ཐོན་ཡོང་།རང་ཉིད་ཀྱང་ནང་དུ་འདུས་པའི་སེམས་ཁྲལ་འདི་དག་སྙིང་གི་གསེང་ལ་རྒྱ་ཁབ་ལྟར་ཟུག་ཡོང་བ་ནི་ང་ཚོས་ཅིས་ཀྱང་དོ་སྣང་བྱ་དགོས་པའི་གནས་སོ་ཞེས་རང་དང་གློ་བ་ཉེ་ཞིང་ལས་རིགས་གཅིག་པའི་ཆོལ་གསུམ་དགེ་རྒན་ཡོངས་ལ་སེམས་གཏམ་དུ་ཕུལ་བ་ལགས་ན་ཁོང་ཁྲོའི་ཆར་སྤྲིན་མི་འཁྲིགས་པར་གུ་ཡངས་དང་དཔྱོད་ཤེས་ཀྱི་གཤོག་ཟུང་ཅུང་ཙམ་རྐྱོང་དང་ཧ་ཅང་གསལ་པོར་རྟོགས་ཡོང་ངེས།
        ང་ཚོའི་སྐད་དུ་སློབ་སྐབས་གཅིག་ཅེས་འབོད་པའི་ཟླ་ངོ་བཞི་ཕར་འདས་ལ་ཉེ་བའི་སྐབས་འདིར་ང་ཚོས་ཅིས་ཀྱང་རང་གི་གྲུབ་འབྲས་ལ་སྡོམ་རྩིས་ཤིག་བྱ་འོས། དེ་བས་ངས་ཀྱང་རང་གི་ལས་འགན་དང་གྲུབ་འབྲས་དག་ལ་ཚང་རྩིས་རགས་ཙམ་བྱས་ཏེ་ཁྱེད་ཚོར་རྩིས་སྤྲོད་བྱ་ངེས། 
        སློབ་སྐབས་འདིར་ང་ལ་མཚོན་ན་དོན་བྱ་གསུམ་གྱི་འགན་འཁྲི་སེམས་ཀྱི་གཉའ་བར་ཁུར་ཏེ་བསྐྱོད་པ་ཡིན།དེ་ལས་དང་པོ་ནི་རང་གི་སློབ་ཁྲིད་ཀྱི་ལས་འགན་རེད།སློབ་ཁྲིད་ནི་གཙོ་བོ་བསླབ་དེབ་ཀྱི་ཤེས་བྱ་དག དག་པ་རྣམ་གསུམ་གྱིས་སློབ་མའི་རྒྱུད་ལ་འཇོག་རྒྱུ་དེ་ཡིན་མོད། སློབ་མའི་རྒྱུད་དག་ཅིང་བསླབ་བྱའི་ཆོས་དག་ཀྱང་དགེ་རྒན་རང་གི་ངག་དག་མིན་ནི་ད་དུང་བསམ་གཞིག་བྱ་དགོས་པའི་གནད་དུ་ངེས་སོ། །ཡིན་ཡང་རང་ནུས་ཀྱིས་གཡོ་སྒྱུ་ཁྲམ་གསུམ་གྱི་ཕྱི་གོས་བཤུས་ཏེ་རང་གི་རྒྱུད་ཀྱི་ཤེས་བྱ་ཐོར་རེ་ལོང་ངེ་བ་དེ་སློབ་མའི་རྣ་རྩར་ལྷག་བསམ་གྱིས་བླུགས་ཚར་བ་ནི་རང་ལ་མཚོན་ན་གྲུབ་འབྲས་ཤིག་ཀྱང་ག་ལ་མིན།ཡིན་ཡང་སློབ་མ་དག་གི་ཤེས་ཚད་རྒྱ་མར་འཇལ་བའི་བློ་ཡང་ཕྲན་ལ་མེད་པ་ནི་ཅུང་ཙམ་ཕངས་པའི་གནས་ཡིན་པས། སླད་མར་སྔར་ལས་ཤུགས་བསྣན་དེ་རང་རྒྱུད་ཀྱི་ཉོན་མོངས་ཀྱི་ས་བོན་རེ་རེ་དཔེ་ཀློག་གི་ནུས་པ་དང་ཉམས་ཞིབ་ཀྱི་འོད་ཀྱིས་སེལ་འདོད་པའི་ཀུན་སློང་ཡིད་ལ་བཅངས་ཡོད།
        ལས་ཀ་གཉིས་པ་ནི་སློབ་རའི་རིག་གནས་འཚོ་བ་དར་རྒྱས་དང་སློབ་མའི་དགའ་ཕྱོགས་དང་འཇོན་ནུས་སྔོག་འདོན་ལ་དམིགས་ནས་སྐབས་བཞི་བའི“གསེར་སྨྱུག་གི་འཁྱུག་འགྲོས”ཞེས་པའི་ལྷུག་རྩོམ་འགྲན་སྡུར་དང་སྐབས་གསུམ་པའི“ངག་གི་ཟིལ་ཤུགས”ཞེས་པའི་གྱེར་འདོན་དགོང་ཚོགས་ཆེན་མོ་དེ་སློབ་གྲྭའི་མགོ་ཁྲིད་དང་བློས་ཐུབ་ཀྱི་གྲོགས་པོ་གྲོགས་མོ་དག་གི་ལྷག་བསམ་ལས་བདེ་བླག་ངང་ལེགས་འགྲུབ་བྱུང་སྟེ་སློབ་བུ་ཚོའི་རྔུལ་ཆུ་དང་འབད་བརྩོན་དོན་མེད་དུ་འཕྲོ་བརླག་ཏུ་མ་བཏང་བར་སློབ་རའི་སྣང་ཚུལ་ལ་སྒྱུ་རྩལ་གྱི་དུ་སྤྲིན་ཞིག་ལྷོད་བག་གིས་འཁྱིལ་དུ་བཅུག་ཡོད་སྙམ་པའི་ང་རྒྱལ་ཞིག་ཀྱང་ཞོར་ལ་སྐྱེས་ཡོད། གྲུབ་འབྲས་ཟེར་བ་དེ་ཟླ་བ་ཡར་ངོ་དང་འདྲ་སྟེ། ཆ་ཡིས་བསགས་རྒྱུ་ཞིག་ལས་མེ་ལྟར་འབར་ཏེ་ཆུ་ལྟར་བཞུར་རྒྱུ་ཤིན་ཏུ་ཁག་སྟེ། ངག་རྒྱུན་དུའང་སྡོང་པོ་འདེབས་འཛུགས་བྱ་བར་ལོ་བཅུས་ཆོག་ཀྱང་མི་སྣ་གསོ་སྐྱོང་བྱ་བར་ལོ་བརྒྱ་དགོས་ཞེས་པས་ཀྱང་ར་སྤྲོད་ཡང་དག་བྱས་ཡོད་པ་མིན་ནམ།
        ལས་ཀ་གསུམ་པ་ནི་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་དང་རྩོམ་འབྲིའི་ནུས་པ་ཇེ་མཐོར་གཏོང་སླད་སློབ་གྲྭའི་དུས་དེབ《རྨ་ལུ་མ》དཔར་ཐེངས་གཉིས་པ་དང《གོམ་སྒྲ》ཚགས་པར་གྱི་སྤྱིའི་འདོན་ཐེངས་དྲུག་པ་དང་བདུན་པ་བཅས་རང་ཉིད་ཀྱི་དཀའ་ཚེགས་དང་རྔུལ་ཆུའི་རིན་དོད་དུ་མི་ཡུལ་ལ་བསྟར་ཐུབ་པ་བྱུང་བས་ཤིན་ཏུ་དགའ་ལ་ལས་ཀ་དེ་དག་གི་ཞོར་དུ་རང་གི་དགའ་མོས་ཀྱི་ལྟག་ཆུ་ཆད་དུ་མ་བཅུག་པར་སྙན་རྩོམ་དང་ལྷུག་རྩོམ་འབོལ་རྩོམ་ལྟ་བུ་མང་དུ་བྲིས་ཤིང་།དེ་ལས་སྐོར་ཞིག་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་ཤོག་སྟེང་དུ་བཀོད་ནས་མཁྱེན་དཔྱོད་ཡངས་པའི་ཀློག་མཁན་དག་གི་བགོ་སྐལ་དུ་བཀྲམ་ཐུབ་པ་བྱུང་བ་འདི་ཡང་ཤིན་ཏུ་དགའ་འོས་པའི་གྲུབ་འབྲས་ཤིག་ཏུ་བརྩིས་ཡོད་ལ། རང་གི་ཀུན་རྟོག་གི་ནམ་མཁའ་ནས་སྦྲང་ཆར་ལྟར་བབས་ཏེ་བརྩོན་སེམས་ཀྱི་སྤང་ཐང་ནས་མེ་ཏོག་བཞིན་བཞད་པའི་སྦྱོར་བ་དག་ལ་རྟ་འདང་དང་མཛོ་འདང་བཞག་མྱོང་བའི་རྩོམ་སྒྲིག་པ་ཚོར་ཡང་ཁ་མིན་སེམས་ནས་གུས་འདུད་དང་བཀའ་དྲིན་གྲངས་མེད་ཞུ། 
        ད་དུང་དགེ་རྒན་ཞིག་གི་མ་མཐའི་ཆ་རྐྱེན་ནི་དཔེ་ཀློག་གི་ལས་ལ་འཇུག་རྒྱུ་དེ་ཡིན་པས། རང་གིས་ཀྱང་ལས་འགན་ནམ་དགའ་ཕྱོགས་དེ་གཞིར་བཟུང་སྟེ་རང་གི་ཆེད་ལས་དང་ལས་ཀར་འབྲེལ་བའི་དཔེ་དེབ་འགའ་ཤས་ཤིག་ཀྱང་སེམས་ཀྱིས་བཀླགས་ཐུབ་པ་བྱུང་བས་ཅུང་ཙམ་དགའ་ཡོད། 
        ང་ཚོས་ལས་ཀ་གང་དང་གང་ཞིག་བསྒྲུབ་ཀྱང་ཐོག་མའི་འཆར་གཞི་དང་བར་གྱི་གོ་རིམ།མཐའ་མའི་སྤྱི་སྡོམ་ནི་མ་མཐའི་ཆ་རྐྱེན་ཙམ་དུ་ཟད་དེ། གནའ་མིའི་ངག་རྒྱུན་དུའང་ལས་དང་བྱ་བ་གང་ཞིག་བསྒྲུབ་ཀྱང་ཐོག་མའི་དབུ་ཁྱུད་དང་མཐའ་མའི་རྫོགས་ཚིག་དགོད་རྒྱུ་ཤིན་ཏུ་གལ་འགངས་ཆེ་བའི་གནས་སུ་འཁུམས་རབས་བཤད། 
        དེ་ལས་ཀྱང་ད་ནི་རེས་སྐྱིད་རེས་སྡུག་དང་གྲུབ་འབྲས་ཡོད་ལ་མེད་པའི་ཉིས་སྟོང་བཅུ་བདུན་པའི་ལོ་འདིར་དོན་འགྲུབ་པའི་རྫོགས་ཚིག་བཀོད་དེ་གཡང་ལོ་འདིར་ཆོལ་གསུམ་ཡུལ་གྱི་ཆབ་དཔལ་རིག་གསུམ་གྱི་རྒྱུ་བ་ཡར་རྒྱས་དང་སྐད་དང་ཡི་གེའི་རླུང་རྟ་ཡར་དར་ཡིན་པ་གཞི་བྱས་ཏེ། ཉིས་སྟོང་བཅོ་བརྒྱད་ལོའི་ཕྱྭ་གཡང་དཀར་པོ་བོད་པའི་གཡང་ཁྱིམ་ལ་སེམས་ཀྱིས་བསུ་ཐུབ་པའི་བཀྲ་ཤིས་ལྷ་དར་ལྷག་བསམ་རྣམ་དག་གི་ལག་པས་མཐོ་རུ་འདེགས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1