སི་ཁྲོན་དཀར་མཛེས་རོང་བྲག་རྫོང་གི་ཤང་གཉིས་ཀྱི་གཞུང་ལམ་ཞིབ་བཤེར་རྩིས་ལེན་ཤར་གཏོང་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ།  སྤེལ་དུས། 01-05


རོང་བྲག་རྫོང་གི་ཤང་ལམ་གསར་རྙིང་བསྡུར་བ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འཕྲིན། ཉེ་ཆར། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་གིས་ལས་གཞི་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་བཙུགས་ནས་སོག་པོ་ཤང་གི་གཞུང་ལམ་དང་དགེ་བཤེས་ཙ་ཤང་ནས་མདའ་མདོ་ཤང་བར་ཀྱི་གཞུང་ལམ་ལས་འགྲུབ་ཞིབ་བཤེར་རྩིས་ལེན་བྱས།
རོང་བྲག་རྫོང་གི་འགོ་ཁྲིད་གཞུང་ལམ་ཞིབ་བཤེར་རྩིས་ལེན་ཡུལ་དངོས་སུ་སླེབས་པ།
          རོང་བྲག་རྫོང་གིས་ཕྱོགས་བསྡུས་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་བཙུགས། རྫོང་ཨུའི་རྒྱུན་ཨུ་ཙིང་ཀོན་ཞིའུ་དང་། རྫོང་ཨུའི་རྒྱུན་ཨུ། སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཧྲི་ཅེ། རྫོང་མི་དམངས་འཐུས་ཚོགས་དང་རྫོང་ཆབ་སྲིད་གྲོས་མོལ་གྱི་འབྲེལ་ཡོད་འགོ་ཁྲིད། རྫོང་འཕེལ་སྒྱུར་ཨུ་ལྷན།   ནོར་སྲིད། རྩིས་བཤེར། འགྲིམ་འགྲུལ་ཅུས། འབྲེལ་ཡོད་ཤང་གྲོང་ཁག་དང་ཇུས་འགོད། ཨར་ལས་སྡེ་ཚན། ལྟ་ཞིབ་དོ་དམ་སོགས་སྡེ་ཚན་གྱི་འགན་འཁུར་བ་ཞིབ་བཤེར་རྩིས་ལེན་དུ་ཞུགས།
ཕྱོགས་བསྡུས་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་ཡུལ་དངོས་སུ་ཨར་ལས་ཕྱོགས་ཀྱི་ལས་གྲྭའི་སྤུས་ཚད་སྙན་ཞུ་ལ་ཉན་པ།
          ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་ཡུལ་དངོས་སུ་ཤང་གཉིས་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་སྤུས་ཀར་ལྟ་ཞིབ་དང་། བཟོ་སྐྲུན་རྩིས་སྤྲོད་ཞིབ་བཤེར་ཚོགས་འདུ་བསྡུས་ནས། དངོས་བདག་དང་ཨར་ལས་སྡེ་ཚན། ལྟ་སྐུལ་དོ་དམ། ཇུས་འགོད་སོགས་འཛུགས་སྐྲུན་ནང་ཞུགས་པའི་སྡེ་ཚན་ཁག་གི་ལས་ཀའི་སྙན་ཞུ་ལ་ཉན། ཨར་ལས་ལྟ་སྐུལ་དོ་དམ། ཨར་ལས་སྡེ་ཚན། ཞིབ་དཔྱད་ཚད་ལེན་སོགས་ཀྱི་འབྲེལ་ཡོད་ལས་གྲྭའི་དཔྱད་ཡིག་སོགས་ལ་ལྟ་ཞིབ་བྱས་ཏེ། ལས་གྲྭར་ཕྱོགས་བསྡུས་ཀྱིས་ཞིབ་དཔྱད་རྩིས་ལེན་བྱས། ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་ལས་གྲྭའི་དངོས་གཟུགས་ཀྱི་སྤུས་ཚད་དང་ཕྱི་དབྱིབས་སོགས་ཀྱི་ཐད་ལ་གདེང་འཇོག་ཆེན་པོ་གནང་། ཤང་གཉིས་ཀྱི་གཞུང་ལམ་ཡོངས་སུ་འཆར་འགོད་ཀྱི་བླང་བྱའི་ཚད་གཞི་དང་མཐུན་པ་དང་། རྩིས་སྤྲོད་ཞིབ་བཤེར་རྩིས་ལེན་གྱི་ཆ་རྐྱེན་དང་མཐུན། རྩིས་སྤྲོད་དང་བེད་སྤྱོད་བྱ་རྒྱུ་མོས་མཐུན་བྱུང་། དུས་མཚུངས་སུ་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་རྗེས་ཕྱོགས་ཀྱི་གཞུང་ལམ་དོ་དམ་དང་བདག་སྐྱོང་ཐད་དགེ་མཚན་ལྡན་པའི་བསམ་འཆར་བཏོན།
རོང་བྲག་རྫོང་ཤང་གི་གཞུང་ལམ།
          ཤེས་རྟོགས་བྱུང་བར་གཞིགས་ན། ཤང་གི་གཞུང་ལམ་གཉིས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་51ཡོད། ལེགས་འགྲུབ་བྱུང་བར་ཁྱོན་མ་དངུལ་སྒོར་ཁྲི་9100བཏང་། དེའི་ཁྲོད་དུ་སོག་པོ་ཤང་གི་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་2.73ཡོད་པར་མ་དངུལ་སྒོར་ཁྲི་1100ལྷག་བཏང་། དགེ་བཤེས་ཙ་ནས་མདའ་མདོ་ཤང་བར་གྱི་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་48.19ཡོད་པར་མ་དངུལ་སྒོར་ཁྲི་8000ལྷག་ཙམ་བཏང་། ལམ་གྱི་རྨང་གཞིའི་ཞེང་ཚད་ལ་སྨི་7དང་། ལམ་ངོས་ཀྱི་ཞེང་ཚད་ལ་སྨི་6ཡོད། གཡས་གཡོན་གྱི་ལམ་མཐའི་ཞེང་ཚད་ལ་སྨི་0.5ཡོད། གཞུང་ལམ་གྱི་རིམ་པ་4པ་དང་ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་20ཡིན།   
གསར་དུ་བསྐྲུན་པའི་རོང་བྲག་རྫོང་སོག་པོ་ཤང་གི་གཞུང་ལམ།
          ལས་གྲྭ་དེ་2017ལོའི་ཟླ་3པར་ལས་འགོ་ཚུགས།  ལོ་དེའི་ཟླ་6པར་རོང་བྲག་རྫོང་དུ་ལོ་ངོ་60ནང་མ་བྱུང་པའི་ཆུ་ལོག་ཆེན་པོ་བྱུང་བས།   ཨར་ལས་འཛུགས་བསྐྲུན་གྱི་འཕེལ་རིམ་ལ་བཀག་འགོག་ཆེན་པོ་ཐེབས།   འོན་ཀྱང་བཟོ་སྐྲུན་ནང་ཞུགས་པའི་སྡེ་ཚན་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་2017ལོའི་ཟླ་12པའི་མགོར་ལས་གྲྭ་ཡོངས་སུ་ལེགས་འགྲུབ་བྱུང་།   གཞུང་ལམ་འདིས་ཤང་གྲོང་བཞི་དང་སྲིད་འཛིན་གྲོང་ཚོ་45ཡི་ཞིང་འབྲོག་མང་ཚོགས་ཁྲི་གཉིས་ལྷག་གི་བགྲོད་ལམ་གྱི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱུང་བ་མ་ཟད།    སོག་པོ་གནའ་བོའི་མཁར་ཚོགས་སོགས་མཛེས་ལྗོངས་ཁུལ་དུ་ཤར་གཏོང་ཐུབ་པས།   ལམ་རྒྱུད་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་།   ལམ་རྒྱུད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་རྨང་གཞི་ཡག་པོ་བཏིང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1