གཙོ་ངོས།>> ཞིབ་འཇུག>>ཆོས་ལུགས།

ཧྲེ་ཤུལ་བསྟན་པ་འབྲུག་གྲགས།​ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༡ཚེས་༠༥ཉིན།

༄༅།། རྗེ་མཉམ་མེད་བླ་མ་དང་ཁོང་གི་སློབ་གསོའི་བསམ་བློ།

རྗེ་མཉམ་མེད་བླ་མ་དང་ཁོང་གི་སློབ་གསོའི་བསམ་བློ། —— རྗེ་རིན་པོ་ཆེའི་རྣམ་ཐར་ལ་མཇལ་རྗེས།

ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི༢༠༡༥ལོའི་ལོ་རྒྱུས་ཆེད་ལས་ཞིབ་འཇུག་སློབ་མ། ཧྲེ་ཤུལ་བསྟན་པ་འབྲུག་གྲགས།

[གནད་བཏུས]རྩོམ་འདིར་རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྐུ་ཚེའི་བརྒྱུད་རིམ་དང་འབྲེལ་ཏེ་ཁོང་གི་སློབ་གསོའི་བསམ་བློ་དང་། དེས་དགོན་སྡེའི་སློབ་གསོར་ཐེབས་པའི་ཤུགས་རྐྱེན། ཐོན་པའི་ཕན་འབྲས་སོགས་རགས་ཙམ་བརྗོད་ཡོད།
[གནད་ཚིག] རྗེ་མཉམ་མེད་བླ་མ། དགོན་སྡེའི་སློབ་གསོ། རྒྱལ་བ་བྲུ་ཡི་རིང་ལུགས།
དང་པོ། རྗེ་རིན་པོ་ཆེ་སྐུ་འཁྲུངས་ཚུལ།
        རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ནི་སྤྱི་ལོ༡༣༥༦ལོར་རོང་ཆེན་བཞིའི་ཡ་གྱལ་མདོ་སྨད་ཤར་རྒྱལ་མོ་ཚ་བ་རོང་གི་ལིག་ཝེར་རབ་བརྟན་རྒྱལ་པོའི་རྒྱལ་ཁམས། རྒྱལ་རོང་སྐད་དུ་སྟུག་ཀྱོ་དང་བོད་སྤྱི་བའི་སྐད་དུ་ལུང་མདའ་རུ་སྐུ་འཁྲུངས། ཁོང་ནི་མི་ཚེ་ཐོས་བསམ་གྱིས་བསྐྱལ་ཞིང་བོད་ཀྱི་རིག་གནས་ལ་བྱས་རྗེས་བླ་ན་མཐོ་བའི་མཁས་ཆེན་ཞིག་ཡིན་ཙ་ན་རྒྱལ་བ་གཉིས་པ་ཞེས་པའི་མཚན་སྙན་བདག་གིར་བཞེས། དེ་བས་ལོ་རེ་རེའི་ལོ་སར་གྱི་ཚེས་ལྔའི་ཉིན་གཡུང་དྲུང་བོན་གྱི་བསྟན་པར་དད་པའི་སྐྱེ་བོ་ཡོད་དོ་ཅོག་གིས་ལོ་རྒྱུས་ཀྱི་སྐྱེ་བོ་ཁོང་ལ་རྗེས་དྲན་ཞུ་ཆེད་མཉམ་མེད་དུས་ཆེན་ཞེས་ཉིན་གསུམ་ལ་སེར་སྐྱ་ཕོ་མོ་མཐའ་དག་དགོན་པར་ཡོང་ནས་དུས་མཆོད་གཟབ་རྒྱས་ཤིག་སྤེལ་བཞིན་ཡོད། ཅིའི་ཕྱིར་ཚེ་ཚེ་རབས་རབས་སུ་ཁོང་ལ་འདི་འདྲའི་རྗེས་དྲན་གྱི་བྱེད་སྒོ་སྤེལ་བ་ཡིན་སྙམ་ན། མི་གང་མང་ཞིག་གི་སྣང་ངོར་དེ་ནི་བླ་མའམ་སྤྲུལ་སྐུ་ཡིན་པས་རེད་ཅེས་ཡེ་གདོད་མ་ཉིད་ནས་སྐྱོན་གྱི་དྲི་མས་མ་གོས་ཤིང་མ་སྦྱང་ན་ཡང་ཐམས་ཅད་མཁྱེན་ཐུབ་པའི་སངས་རྒྱས་གསོན་པོ་ཞིག་ལ་གོ་བ་ལེན་སྲིད་མོད། འོན་ཀྱང་། འགྲོ་བ་རང་མཐུན་ཆ་ལུགས་སུ་སྐུ་འཁྲུངས་ཤིང་ལོ་རྒྱུས་ཀྱི་གར་སྟེགས་སུ་བྱོན་མྱོང་བའི་སྐྱེས་བུ་ཁོང་གིས“དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། མཐའ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།”མཐར་མི་སོ་སོའི་སེམས་ནས་བརྗེད་མི་ཐུབ་པའི་སྐྱེས་བུ་ཞིག་ཏུ་གྱུར་པ་ལས། མ་བསླབ་ཀྱང་ཀུན་མཁྱེན་དུ་བུད་སོང་བ་ཞིག་སྲིད་མཐའ་ཙམ་མོ།། ཡང་ལ་ལས་བླ་མའམ་སྤྲུལ་སྐུ་ཞིག་ཡིན་ཕྱིར“བླ་སྤྲུལ་ཕལ་ཆེར་ཕྱུག་པོའི་ཁྱིམ་དུ་འཁྲུངས།། མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་དུ་སྐྱེ།།”ཞེས་པའི་ཉམས་མྱོང་གི་སྡོམ་ཚིག་བཞིན་མི་ཚང་ཕྱུག་པོ་དང་དཔོན་ཚང་དབང་ཆེན་གྱི་ཁྱིམ་རྒྱུད་དུ་འཁྲུངས་པ་ལོས་ཡིན་སྙམ་མཁན་ཡོད་སྲིད་མོད། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་དབུ་འཕངས་མཐོ་ནས་མཐོ་རུ་འདེགས་པའི་ངེས་དོན་གྱི་བླ་མ་ཁོང་ནི་ཕལ་བའི་ཁྱིམ་ཚང་དུ་མཚན་དཔེའི་མེ་ཏོག་བཞད་པ་ལས། ངོ་ཆེན་དཔོན་པོ་དང་རྒྱུ་ཆེན་ཕྱུག་པོ་ཡི་ཁྱིམ་དུ་མ་སྐྱེས་ཤིང་། བླ་ཆེན་སྤྲུལ་སྐུ་གང་གི་སྐུ་སྐྱེ་རུ་ངོས་མ་བཟུང་བའི་ཕལ་བ་ཕལ་བའི་མི་ཞིག་ཡིན། འོ་ན་སྤྱིར་བཏང་གི་མི་ཞིག་ཅིའི་ཕྱིར་དཔེ་དང་ཟླ་མེད་པའི་རླབས་པོ་ཆེའི་སྐྱེས་བུར་གྱུར་པ་ཡིན་སྙམ་ན། ཁྱིམ་གྱི་སློབ་གསོས་བསྐྱེད་ཅིང་བསྲིང་བའི་གྲུབ་འབྲས་འབའ་ཞིག་དང་རང་གི་རྣམ་དཔྱོད་ལས་གཞན་གང་ལ་ཡང་མ་དམིགས་སོ།།
གཉིས་པ། རྗེ་རིན་པོ་ཆེའི་གཞོན་དུས་ཀྱི་རྣམ་དཔྱོད་དང་ཕུགས་འདུན།
        གཡུང་དྲུང་རྒྱལ་དུ་བཏགས་པའི་བྱིས་པ་ཁོ་ནི་མི་ལོ་བཅུའི་བར་དུ་ཆུང་བྱིས་དུས་ཀྱི་རྩེད་མོར་གཡེང་ནས་དུས་མ་འདའ་བར་ཕ་དྲིན་པོ་ཆེས་བྱམས་བརྩེའི་གཉོར་སྐྱོང་དང་ཡང་དག་གི་མཛུབ་སྟོན་འོག སྐབས་དེའི་སློབ་གསོའི་སྒྲིག་གཞི་ལྟར་བོན་གྱི་གཞི་མ་འབྲི་ཀློག་འདོན་གསུམ་ནས་བརྩམས་ཏེ་མོ་རྩིས་གཏོ་དཔྱད་སོགས་རྒྱུའི་བོན་ལ་སྦྱང་བ་གནད་སྨིན་མཛད་ནས་སྐབས་དེའི་སློབ་གཉེར་གྱི་ལས་ལ་འཇུག་པའི་ལས་དང་པོ་བས་གང་ཞིག་བསྒྲུབ་དགོས་པ་དག་བསྒྲུབས་ནས་གྲུབ་སྟེ།“ཅི་ཞིག་ཡབ་ཀྱིས་ཡི་གེ་སློབ་ཏུ་བཅུག་སྟེ་ཀློག་ལ་མཁས་པར་བྱུང་། ཆུང་ནས་བློ་རྩལ་ཤེས་རབ་དང་ལྡན་ཞིང་རྒྱུའི་བོན་བཞི་ལ་མཁས་པར་སྦྱངས་སོ།།”①ཞེས་གསུངས་ཡོད་པས། སྐབས་དེར་བོད་བྱིངས་ཀྱི་སྤྱི་ཚོགས་སུ་ཀླུ་རྒྱལ་ལྟ་བུའི་རྒྱུའི་བོན་བཞི་ལ་མཁས་པའི་ཨ་ཕ་འབའ་ཞིག་ཡོད་མེད་མ་ངེས་ན་ཡང་། ཀླུ་རྒྱལ་གྱིས་སློབ་གསོ་ཞེས་པའི་དམིགས་གཏད་ཡུལ་སྐྱེ་བོ་སོ་སོའི་མི་ཚེ་དེ་ཤེས་རབ་ཀྱིས་ཟིན་དགོས་པ་ཙམ་དུ་མ་ཟད། བྱིས་དུས་ཀྱི་སློབ་གསོ་ནི་ཐམས་ཅད་ཀྱི་རྩ་བ་ཡིན་པའི་གནས་ལུགས་ཡིད་ལ་བརྣགས་ནས་རིག་གནས་ཡོན་ཏན་སློབ་པ་དང་སྒོ་གསུམ་ལེགས་ལམ་དུ་འཇུག་པར་བྱེད་པའི་འགན་འཕྲག་ཏུ་དཀྲིས་པ་ནི“གནའ་སྔ་མོའི་དུས་སུ་ཡ་ཧུ་དཱ་པ་རྣམས་ལ་སློབ་དཔོན་དང་དགེ་རྒན་ཞེས་འབོད་ཚུལ་མེད་ལ། དེ་མཚུངས་ཀྱི་དམིགས་སུ་བྱ་བའི་ལས་ཀྱང་ཡོད་པ་མ་ཡིན། བུ་ཕྲུག་དག་ལ་རིག་གནས་ཡོན་ཏན་སློབ་པའི་ལས་ནི་ཕ་མ་འབའ་ཞིག་གིས་བྱེད་པ་རེད”② ཅེས་པའི་གནས་ལུགས་དང་། དུས་རབས་བཅུ་དགུ་བར་བྱོན་པའི་འཇར་མན་གྱི་སྐད་གྲགས་ཅན་གྱི་སློབ་གསོ་པ་ཁར་ཝེ་ཐིས“བྱིས་པ་སྐྱེས་ནས་ལོ་ལྔ་དྲུག་བར་གྱི་སློབ་གསོ་ནི་བྱིས་པ་འཇོན་ཐང་ཅན་དུ་འགྱུར་བའི་གཞི་རྩ་ཡིན་པས། སློབ་གསོའི་ཐབས་ལམ་མ་འཕྱུགས་ན་ཕུལ་བྱུང་གི་མི་སྣར་མི་འགྱུར་གྲང”③ཞེས་པའི་སློབ་གསོའི་སྡོམ་ཚིག་དང་ཆུ་ལ་ཆུ་བཞག་ཏུ་སོང་ཞིང་། གཡུང་དྲུང་རྒྱལ་ཡང་དེ་ལྟའི་ཡང་དག་པའི་སློབ་གསོའི་མཐུན་རྐྱེན་འོག་ནར་སོན་པ་ཡིན་པས་རྗེས་སོར་གཡུང་དྲུང་བོན་གྱི་ལོ་རྒྱུས་སུ་མ་གླེང་ཐབས་མེད་ཀྱི་མི་སྣ་ཞིག་ཏུ་གྱུར་པ་རེད།
ཁྱད་པར་དགུང་ལོ་བཅུ་ཡི་སྟེང་གཡུང་དྲུང་རྒྱལ་དུ་བཏགས་པའི་བྱིས་པ་དེར་ཤེས་རབ་རྒྱལ་མཚན་ཞེས་སུས་ཀྱང་འབོད་མ་མྱོང་བའི་མཚན་ཞིག་གསོལ་ཡོད། དེ་ནི་གཡུང་དྲུང་རྒྱལ་ལ་མཚོན་ན་མི་ཚེའི་བརྒྱུད་རིམ་དུ་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཞིག་ཡིན་ཏེ། ཐོག་མའི་ཁྱིམ་གྱི་སློབ་གསོ་ལས་རབ་ཏུ་འགོང་ནས་དགོན་པའི་སློབ་གསོ་མྱོང་བའི་གོམ་པ་དང་པོ་སྤོས་པ་ཡིན། ལར་ཐོག་མའི་ཁྱིམ་ཚང་སློབ་གསོ་ཚུལ་བཞིན་མ་བརྒྱུད་པའི་བྱིས་པ་ཞིག་ལ་མཚོན་ན་ལོ་བཅུ་ཡི་སྟེང་དགོན་པའི་སློབ་གསོ་མྱོང་དུ་འཇུག་པ་ནི་ཅུང་ཆ་མ་ཚང་བའི་སློབ་གསོ་ཞིག་གམ་ཡང་ན་འབྱུང་མི་སྲིད་པའི་དོན་དག་ཅིག་ཡིན་མོད། འོན་ཀྱང་། གཡུང་དྲུང་རྒྱལ་ལ་མཚོན་ན་དེ་ནི་རང་ག་བ་ཞིག་ལས་སེམས་ལ་མི་ཤོང་བའི་དོན་དག་ཅིག་ཡེ་ནས་མིན། ཤེས་རབ་རྒྱལ་མཚན་གྱིས་དགུང་ལོ་བཅུ་ནས་བཅོ་བརྒྱད་བར་གྱི་མི་ལོ་ཧྲིལ་བོ་བརྒྱད་ཀྱི་རིང་དགོན་པའི་སློབ་གསོའི་ཐོག་མའི་རྨང་གཞིར་གྱུར་པ་རབ་བྱུང་གི་སྡོམ་པ་ཞུས་ནས་བསྟན་པའི་གཞི་མ་འདུལ་ཁྲིམས་མིག་འབྲས་བཞིན་དུ་སྲུང། སྲུང་བ་ཙམ་དུ་མ་ཟད་སྐབས་དེར་ཕྱྭ་བླ་གཡུང་དྲུང་རྒྱལ་མཚན་སོགས་སྨད་ཕྱོགས་ཀྱི་བླ་ཆེན་སྐྱེ་མཆོག་རྣམས་ནས“མཚན་ཉིད་སྲིད་པའི་མཛོད་ཕུག་དང་འགྲོ་མགོན་ས་ལམ་ཚད་མ་དང་། སྲིད་རྒྱལ་སྤོམ་ར་དམུ་བདུད་སོགས། ལུང་དང་རྗེས་གནང་མ་ལུས་གསན།”④ ཞེས་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་ཟབ་དགུ་མནོས་པ་ནས་ཤེས་རབ་འཚོལ་བའི་ལམ་ལ་ཞུགས་པ་རེད།།
གསུམ་པ། རྗེ་མཉམ་མེད་བླ་མའི་ཤེས་རབ་འཚོལ་བའི་དམིགས་འབེན།
        གང་ལྟར་ཆུང་བྱིས་པའི་དུས་ནས་བཟུང་ལྷག་པའི་ལྷག་པ་འཚོལ་རྒྱུ་དང་བཟང་བོའི་བཟང་བོར་བསྙེག་རྒྱུར་གོམས་ལོབས་སུ་སོང་བའི་ཤེས་རབ་རྒྱལ་མཚན་གྱིས། གང་ན་མཁས་པ་ཡོད་ན་དེའི་ཞབས་ལ་གཏུགས་ནས་མན་ངག་གི་བདུད་རྩི་འཐུང་འདོད་ཀྱི་འདུན་པ་གཡག་ལྟོག་གི་རྩྭ་ཟ་བ་བཞིན་འགོག་ཐབས་མེད་པས། དགུང་ལོ་བཅོ་བརྒྱད་ཐོག་རིག་གནས་ཀྱི་ཞིང་ས་གཤིན་པོ་དབུས་གཙང་དག་པའི་ཞིང་དུ་ཤེས་རབ་འཚོལ་བའི་ལམ་ལ་ཞུགས་ཤིང་། སྒང་དྲུག་གི་ནང་ཚན་ཚ་བ་སྒང་དུ་གཡས་རུའི་སྟོན་པ་མཁས་གྲུབ་རིན་ཆེན་བློ་གྲོས⑤ཀྱི་ཞབས་པད་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་མི་ལོ་བཅུ་གསུམ་གྱི་རིང་དུ་བསྟེན་ནས་མདོ་སྔགས་རྫོགས་གསུམ། གབ་མཛོད་ས་གསུམ། ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་གི“ཁྱད་པར་ཅན་གྱི་གསང་དོན་ལྡེ་མིག་ཐམས་ཅད་རྗེ་མཉམ་མེད་ཆེན་པོའི་ཕྱག་ཏུ་གཏད”⑥ ནས་ཆུ་མགོ་གངས་ལ་གཏུགས་པ་བཞིན་བོན་རྙིང་མའི་དབུ་ཆེན་རིག་འཛིན་རྣམས་ཀྱི་ཐུགས་དམ་རྒྱུད་འཛིན་དུ་གྱུར།
དམ་པ་རྣམས་ཀྱི་ཚུལ་ནི་ཇི་ལྟར་མཁས་པར་གྱུར་པ་དེ་ཙམ་གྱིས་ངོམས་པ་མེད་པ་བཞིན་རྗེ་རིན་པོ་ཆེས་རང་གི་རིག་གཞུང་ལ་མཁས་པ་ཙམ་དུ་མ་ཟད་གཞན་གྱི་གཞུང་ལུགས་ཀུན་ལ་སྒྲོ་འདོག་གཅོད་ཕྱིར་དགུང་ལོ་སོ་གཅིག་ཏུ་ས་སྐྱའི་མདོ་ཕྱོགས་ཀྱི་བསྟན་འཛིན་གཡག་རོང་གཉིས་ཀྱི་ཡ་གྱལ་རོང་སྟོན་སྨྲ་བའི་སེང་གེའི་ཞབས་ལ་གཏུགས་ནས“ཚད་མ་རྣམ་འགྲེལ་ལ་སོགས་བསྟན་བཅོས་མང་དུ་གསན་ཞིང་། ལུགས་དེ་ལ་བརྟེན་ནས་ཆོས་ལ་མཁས་པར་མཛད”⑦པ་དང“སྙེ་ཐང་བདེ་བ་ཅན་དང་། འབྲས་ཡུལ་སྐྱེད་ཚལ་དང་། ར་བ་སྟོད་དང་། ན་ལེནྡྲ”⑧ སོགས་བན་ཕྱོགས་ཀྱི་རྩོད་གྲྭ་ཆེ་གྲས་སུ་རྩོད་སྐོར་ལ་ཕེབས་ནས་རྩོད་གྲྭ་ཀུན་ལ་དམ་བཅའ་མཛད་ཅིང“འཛམ་གླིང་མཁས་མང་གཙུག་རྒྱན་མཉམ་མེད་པ”⑨ ཞེས་པའི་མཚན་གྱི་སྙན་པ་འབར། དེ་ནས་དབེན་ས་ཁར་ཕེབས་ནས་བྲུ་ཡི་གདུང་འཛིན་ཡེ་གཞོན་གཉིས་ཀྱིས་ཞུ་བ་ཕུལ་བ་བཞིན་བྲུ་ཡི་རྒྱལ་ཐེབས་མཛད་དེ་དབུ་རྩེ་དཀར་དམར་དང་གཡས་རུ་མཁར་སྣ་སོགས་སུ་དགུང་ལོ་ལྔ་བཅུ་ལྷག་གི་རིང་ལ་མཁས་པའི་སར་འགྲིམ་ཐུགས་བཅུད་བཞེས་ནས་དཀྱེལ་པོ་ཆེར་འགྱུར་བའི་བརྒྱུད་རིམ་འབའ་ཞིག་ལ་འབད་པ་ལྷུར་ལེན་བྱས་པའོ། །
བཞི་བ། རྗེ་མཉམ་མེད་བླ་མའི་སློབ་གསོའི་མིག་རྒྱང་།
༡. སྨན་རི་དགོན་པ་འདེབས་དོན།
        དགོན་པ་ནི་བྱམས་བརྩེ་དང་ཤེས་རབ་ཀྱི་མཛེས་པ་སྲོག་ཏུ་བཟུང་ཞིང་འཁོར་བར་རྒྱབ་ཀྱིས་ཕྱོགས་པའི་མི་སྣ་འཇོན་ཐང་ཅན་འཚར་ལོངས་འབྱུང་སའི་གཞི་ས་གལ་ཆེན་དང་། ནང་བསམ་བློའི་མཛེས་སྡུག་གཙོར་བྱས་པའི་སངས་རྒྱས་བསྟན་པ་མུ་ནས་མུ་རུ་གནས་སའི་ཞིང་ས་གཤིན་པོ་ཡིན་པ་ལྟར། ང་ཚོའི་མིག་ཟུང་གཙང་ཐོབ་རྒྱལ་ཕྱོགས་སུ་བལྟས་ནས་རྒྱལ་བ་བྲུ་ཡི་རིང་ལུགས་ཀྱི་ཤེས་རིག་གི་འབྱུང་ཁུངས་འཚོལ་སྐབས། གཡག་ཆེན་ཕུག་ཏུ་ལྷོད་ཅིག་གེར་ཆགས་པའི་བཀྲ་ཤིས་སྨན་རི་དགོན⑩ནི་རྒྱལ་བ་བྲུ་ཡི་ཤེས་རིག་གི་མཚོན་བྱེད་གཙོ་བོ་ཡིན་ལ། དགོན་པ་དེས་བྲུ་ཡི་ཐུན་མིན་གྱི་ཤེས་རིག་མ་ཉམས་རྒྱུད་འཛིན་གནང་ནས་ད་ལྟའི བར་མི་ལོ་ཧྲིལ་བོ་དྲུག་བརྒྱ་བཅུ་གཉིས་འགོར་ཡོད། དེ་ནི་ཁོང་གི་དགོན་སྡེའི་སློབ་གསོའི་ཡང་དག་རང་བཞིན་གྱི་མཇུག་འབྲས་ལས་དེ་ལྟར་མིན་ན་རྒྱ་ཆེའི་རྒྱུན་རིང་ཞིག་འབྱུང་མི་སྲིད། དེའི་གཞི་རྩ་ཡང་མཐར་གཏུགས་ན་བྲུ་རྗེ་བླ་མ་གཡུང་དྲུང་གིས་སྤྱི་ལོ༡༠༧༢ལོར་ཕྱག་བཏབ་པའི་གཡས་རུ་དབེན་སའི་དགོན་པ་དང་དགོན་པ་དེར་བྱོན་པའི་གཡས་རུའི་སྟོན་པ་བཅོ་བརྒྱད་སོགས་གཞན་དྲིང་མི་འཇོག་པའི་སྐྱེས་ཆེན་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་བྱུང་ཞིང་། ཁོང་རྣམ་པས་མཛད་པའི་འཕྲིན་ལས་སམ་ཐུགས་སྐྱེད་རྣམ་དག་གི་སྨོན་ལམ་ལ་ངེས་པར་འབྲེལ་ཡོད། འོན་ཀྱང་། སྤྱི་ལོ༡༣༨༦ལོར་གཡུང་དྲུང་བོན་གྱི་ལོ་རྒྱུས་སུ་གནམ་དུ་མི་ཤོང་བའི་གོད་ཆག་ཡ་ང་བ་ཞིག་བྱུང་བ་ནི་གཡས་རུ་དབེན་ས་ཁ་ཆུ་ལོག་གིས་ནུབ་ཅིང་། མཐར་ལོ་ངོ་སུམ་བརྒྱ་བཅུ་བཞི་ལས་མ་གནས་པར་དམིགས་མེད་དབྱིངས་སུ་ཐིམ་པར་གྱུར་ནས་རྒྱལ་བ་བྲུའི་ཤེས་རིག་གི་གསེར་གྱི་དུས་རབས་རེ་ཞིག་རྒུད་པའི་ཕྱོགས་སུ་ཕྱིན། ཡིན་ན་ཡང་། ༡༤༠༥ལོར་རྗེ་རིན་པོ་ཆེས་མ་འོངས་གཡུང་དྲུང་བོན་གྱི་བསྟན་པའི་འཕེལ་རྒྱས་དང་རྒྱལ་བ་བྲུ་ཚང་གི་འདུལ་ཁྲིམས་སྐྱོང་ཚུལ། སློབ་གཉེར་བྱ་སྲོལ་གྱི་རྗེས་འཛིན་དུ་དམིགས་གཏད་ནས་གཙང་གི་ཐོབ་རྒྱལ་གྱི་གཡག་ཆེན་ཕུག་ཏུ་བྲུ་ཡི་ཁྱིམ་ཚང་གིས་མཐུན་རྐྱེན་མཛད་པ་ལ་བརྟེན་ནས། ཕྱིས་ཀྱི་རྩ་བའི་གྲྭ་ས་རུ་བསྔགས་པའི་བཤད་སྒྲུབ་ཟུང་འབྲེལ་གྱི་དགོན་གནས་ཁྱད་པར་ཅན་བཀྲ་ཤིས་སྨན་རི་དགོན་པ་གསར་འདེབས་མཛད་པ་ལ་བརྟེན་ནས། གཡས་རུ་དབེན་སའི་ཤེས་རབ་ཀྱི་འོད་སྣང་སླར་ཡང་དབུས་གཙང་ཙམ་ལས་རིང་དུ་བརྒལ་ཏེ་མདོ་དབུས་ཁམས་གསུམ་དུ་མཆེད་པའི་དབུ་ཚུགས་པ་རེད། བཀྲ་ཤིས་སྨན་རི་དགོན་ཟེར་བའི་དབེན་ཞིང་ཁུ་སུམ་པོའི་གནའ་བོའི་དགོན་པ་དེས་དགོན་པ་ཞེས་པའི་དོན་ངོ་མའི་གནས་ལུགས་སྲུང་འཛིན་བྱས་ནས་ཡོད་ལ། གྲོང་ལས་རྒྱང་གྲགས་གཅིག་གིས་ཆོད་པའི་མཚམས་ཞེས་འདུལ་བར་གསུངས་ཤིང་ལུང་དང་མ་འགལ་བའི་དགོན་པ་ཚད་ལྡན་ཞིག་ཡིན། དགོན་པ་ནི་མཚམས་སྒྲུབ་སྦྱོང་དང་སྒོམ་ཉམས་ལེན་གཙོར་བྱེད་སའི་བསྟི་གནས་ཡིན་པས་དེ་ལ་ལྷིང་འཇགས་ཀྱི་ཁོར་ཡུག་དང་བག་ཕེབས་ཀྱི་སེམས་ཁམས་སྙོམས་པོ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེན་ཞིག་ཏུ་ངེས་ཤིང་། རྗེ་མཉམ་མེད་བླ་མས་ཐུགས་དགོངས་སུ་དེ་ལྟར་འཁྲུངས་ནས་འདུ་ཁང་གཅིག་དང་གྲྭ་ཤག་དྲུག་ཅུ། ཁང་ཚན་བཅུ་གཉིས་ལས་གྲུབ་པའི་མི་ཆེ་མི་ཆུང་གི་དགོན་པ་ཞིག་གསར་བཞེངས་མཛད་པ་རེད། ཁོང་གི་མཛད་འཕྲིན་དང་སྙན་གྲགས་སོགས་གང་ལ་བསམ་རུང་གཡས་རུ་དབེན་སའི་དོ་ཟླ་འོས་པའི་དགོན་ཆེན་ཞིག་བཞེངས་རྒྱུ་ནི་དཀའ་བའི་གནས་ཤིག་མིན་ན་ཡང་ཁོང་གི་ཞལ་སྔ་ནས“ང་རང་སྡེ་པ་ལུགས་སུ་མི་བྱེད། བདེ་བདེ་སྐྱིད་སྐྱིད་འདྲ་བ་ཁོ་ན་མི་འོང་། བྱ་བྲལ་གྱི་འཆད་ཉན་ཡིན་པས། སློབ་གཉེར་བ་ཁོ་ན་གཅིག་ལ་གཉིས་པ་ཙམ་གྱི་ཁང་ཆུང་ཙམ་གྱིས་ཆོག་གསུངས། གཞིས་ཀ་རིན་སྤུངས་པ་ལྟ་བུ་ཡོན་བདག་བྱེད་པར་འདུག་ཀྱང་མི་དགོས” ཞེས་པ་ལས་སྨན་རི་དགོན་འདེབས་དོན་ནི་ཆེ་ཆེ་རྫིག་རྫིག་མ་ཡིན་པར་འདོད་ཆུང་ཆོག་ཤེས་དང་གཉོམ་ཆུང་ཚུལ་མཐུན་གྱི་གྲྭ་པ་འདུལ་འཛིན་པ། ཤེས་བྱ་ཡོན་ཏན་གྱིས་ཕྱུག་པའི་གྲྭ་པ་བློ་དཀྱེལ་ཅན་སྐྱེད་སྲིང་བྱེད་སའི་བསྟི་གནས་ཤིག་ཡིན་པ་རྟོགས་ཐུབ།
        ལར་གྲུབ་མཐའ་ཞིག་ཡུན་རིང་དུ་གནས་དང་མི་གནས་ཀྱི་གནད་དམ་པ་ནི་གྲུབ་མཐའ་དེའི་གཞུང་ལུགས་ཀྱི་གཏིང་ཟབ་ཚད་དང་ཉམས་སུ་ལེན་བདེ་མིན་ནི་རྩ་བའི་རྩ་བ་ཡིན། འོན་ཀྱང་། དེ་ཁྱབ་གདལ་དུ་གཏོང་བར་རྗེས་འཇུག་བུ་སློབ་ཀྱི་མང་ཉུང་དང་བཟུང་བའི་གནས་གཞིའི་ཁྱབ་རྒྱ་ནི་ཧ་ཅང་གལ་ཆེན་རེད་འདོད། རྒྱུ་མཚན་ནི་གང་ཞིག་ཁྱེད་ཀྱི་གྲུབ་མཐའི་གཞུང་ལུགས་གཏིང་ཟབ་ཅིང་ཉམས་སུ་ལེན་བདེ་ན་ཡང་ཉམས་སུ་ལེན་མཁན་གྱི་སྐྱེས་བུ་ཉུང་ཞིང་མེད་ན་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་གྲུབ་མཐའ་དེ་མུ་མཐུད་དུ་གནས་ཤིང་དར་བའི་རེ་བ་མེད། གྲུབ་མཐའ་ཡང་རིག་གནས་ཤིག་ཡིན་ཙ་ན་སྐྱེས་བུའི་བློ་སྦྱོང་དང་འབད་བརྩོན་ལ་མ་འབྲེལ་བར་རང་རྐྱ་འཕེར་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བ་ཞིག་མེད་དོ།། དེ་ལྟར་ཡིན་པས་རྗེ་མཉམ་མེད་བླ་མས་གཤེན་རབ་རིག་གནས་སྦྱོང་སར་འོས་ཤིང་འཚམ་པའི་གནས་གཞི་གལ་ཆེན་སྨན་རི་དགོན་པ་བཏབས་ནས་སློབ་མའི་འཁོར་ཚོགས་བསྐྱངས། ཁོང་གི་ཐུགས་དགོངས་ལ་དགོན་པའི་རིག་གནས་དར་དང་མི་དར་གྱི་རྩ་བ་ནི་གྲྭ་པ་བློ་མིག་ཅན་དང་ཁ་གོང་སྐྱེད་སྲིང་བྱས་ནས་སོ་སོས་རང་རང་ས་ནས་བསྟན་པ་སྤེལ་བ་ལས། ཐམས་ཅད་དགོན་པ་གཅིག་ཏུ་འཚོགས་ནས་རྒས་སོང་བ་དང་དཔེ་ཁྲིད་མི་སྐྱོང་གི་ལས་ཀ་མ་སྤེལ་ན་མི་འགྲིག་པའི་དགོངས་ཚུལ་བཏོན་པས། གདན་ས་སྨན་རི་ནས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་རྗེས་རང་རང་ཡུལ་ནས་རྒྱ་བསྐྱེད་དགོས་པའི་བླང་བྱ་འདོན་གྱིན་ཡོད། ལྷག་པར་རྗེས་འཇུག་བུ་སློབ་དག་ལ་ལྷ་ཁང་བརྗིད་པོ་དང་གསས་ཁང་མཚར་བོ་བཞེངས་ནས་སངས་རྒྱས་བསྟན་པ་འཛིན་རྒྱུ་མིན་ལ། རྒྱུ་དང་འབྱོར་བས་ཕྱུག་ཅིང་དཔའ་དང་དཔུང་གི་སྟོབས་ལ་བརྟེན་ནས་འཛིན་རྒྱུ་དེ་བས་མིན་པས། དགོན་པ་དེ་ནས་བསླབ་པ་མཐར་སོན་གྱི་གྲྭ་པ་རྣམས་ནི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་དགོན་སྡེ་སོ་སོའི་ཀ་བ་དང་གདུང་མའི་ཚུལ་གྱི་གྲྭ་བཙུན་ཤ་སྟག་ཡིན་དགོས་པ་ལས་སྨན་རི་ཙམ་ནས་མི་ཚེ་རྫོགས་སོང་ན་མི་འགྲིག་ཚུལ་ནི་རྗེ་རིན་པོ་ཆེས“བསྟན་པ་ལ་ཨེ་ཕན་བསམ་ན་འཆད་ཉན་དགོས་པ་ཡིན། ཕྱོགས་ཕྱོགས་ཀུན་ནས་འཆད་ཉན་ལ་འབད་དགོས” ཞེས་ཡང་ཡང་གདམས་པ་ཡིན། དེ་བས་མི་ལོ་དྲུག་བརྒྱའི་བརྒྱུད་རིམ་དུ་རྒྱལ་བ་སྨན་རི་བའི་བྱིན་རླབས་ཤུགས་རྐྱེན་ལས་བྱུང་བའི་གྲྭ་པ་ཁ་གོང་ཅན་ག་ཙམ་ཡོད་པ་རྩིས་ཀྱིས་མི་ལང་ན་ཡང་། ད་ལྟའི་བར་གཡུང་དྲུང་བོན་གྱི་བསྟན་པ་དར་ཕྱར་དུང་འབུད་ཀྱི་མཛད་འཕྲིན་བསྐྱངས་ཀྱིན་པའི་མི་སྣ་ཡོད་ཚད་རྒྱལ་བ་སྨན་རི་བའི་ཐུགས་རྗེའི་ཐུ་འོག་ནས་ནར་མ་སོན་པ་གཅིག་ཀྱང་མེད་ཅེས་བཤད་ཆོག་གོ།
༢. འདུལ་བའི་བཅས་ཁྲིམས་དང་དགོན་པའི་དོ་དམ་སྒྲིག་གཞི།
        སངས་རྒྱས་ཀྱི་བསྟན་པ་དར་དང་མི་དར་དགེ་འདུན་པའི་སྡེ་ལ་རག་ལས་ཤིང་། དེ་ཡང་དགོན་པའི་སློབ་གསོའི་ལམ་ལུགས་དང་སྒྲིག་གཞི་ཡག་བཙོག་གི་རྗེས་སུ་འགྲོ་ལྡོག་བྱེད་ཀྱིན་ཡོད་པ་རེད། དགོན་པའི་སློབ་གསོའི་ལམ་ལུགས་དང་སྒྲིག་གཞི་ཇི་ལྟར་ཡག་ན་དེ་ལྟར་འཕེལ་རྒྱས་སུ་འགྲོ་ལ་ཅི་ཙམ་བཙོག་ན་དེ་བཞིན་སངས་རྒྱས་ཀྱི་བསྟན་པའི་འཕང་དམའ་ནས་དམའ་རུ་འགྲོ་བ་ཡིན། ལམ་ལུགས་དང་སྒྲིག་གཞི་ཟེར་བ་ནི་དགོན་པར་མི་ཅི་ལྟར་གསོ་སྐྱོང་བྱེད་པའི་ཐབས་ཤེས་ལ་ཟེར་བ་ཡིན་གྱི། དགོན་པའི་ནང་དུ་ལམ་ལུགས་དང་སྒྲིག་གཞི་ཙམ་པོ་ཡོད་རུང་དེ་ནི་དུས་དང་མཐུན་པའི་སློབ་གསོའི་མ་ལག་ཆ་ཚང་ཞིག་དང་མི་གཞིའི་སྟེང་གི་སྐྱོན་ཆ་གསོ་བྱེད་ཀྱི་རིག་གནས་ཤིག་ལ་འགྱུར་ཐུབ་ཀྱིན་མེད་པའི་གནད་ལ་ཐུག་ཡོད། དེ་བས་དགོན་སྡེའི་སློབ་གསོའི་དོ་དམ་སྒྲིག་གཞི་ནི་མདོ་འདུལ་བའི་བཅས་ཁྲིམས་གཞི་རྩ་བྱས་པའི་སློབ་གསོའི་ལམ་ལུགས་ཤིག་ཡིན་པས། སངས་རྒྱས་བསྟན་པ་ཇི་སྲིད་འཚོ་བའི་བར་དུ་གནས་དགོས་ན་ཤེས་རབ་ཅན་འདུ་སའི་དགོན་པའི་དོ་དམ་སྒྲིག་གཞི་མི་གཤིས་ཅན་དང་སློབ་གསོའི་ལམ་ལུགས་སམ་འདུལ་བའི་བཅས་མཚམས་དོན་འཁྱོལ་ཡོང་བར་བྱེད་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་པས། རྗེ་རིན་པོ་ཆེས་འདུལ་གཞུང་རྒྱས་བསྡུས་གཉིས་ཀྱི་འགྲེལ་བ། འདུལ་བའི་གསོ་སྦྱོང་། འདུལ་བའི་ལས་ཆོག་སོགས་བསྟན་བཅོས་མཛད་ནས་གཙང་དགོན་སྡེ་ལ་སྤངས་ལམ་རྣམ་དག་གི་བཅའ་གཞི་མང་དུ་མཛད་ནས་ནར་མའི་ཀུན་ཏུ་སྤྱོད་པ་སྟེ“འགྲོ་འདུག་གི་ལུགས་ལའང་མཆོང་རྩལ་རྒྱུག་འགྲོ་ཟུར་འགྲོ་སོགས་མི་བྱེད། དཔེར་ན་བྱ་ངང་བའི་འགྲོ་ཚུལ་ལྟར་དགོས། གོམ་པ་ཆེ་ཆུང་རན་པར་བྱ་ལ་དལ་བུར་འགྲོ་བ་དང་། བཟའ་བཏུང་གི་ལུགས་ཀྱང་ཁྱི་ཕག་ལྟ་བུའི་འཆའ་སྒྲ། སྲིན་པོ་ལྟ་བུའི་འདྲུད་སྒྲ། ངང་བ་ལྟ་བུའི་ཟུར་མིག་ཧི་ཧི་ཧོ་ཧབ་ལངས་ཟ་ལྟ་བུ་མི་རུང་ལ། བག་ལྡན་གྱིས་ཆེ་ཆུང་ཅོ་ཀའི་སྒོ་ང་ཙམ་ཚད་དང་ལྡན་པར་ཟ་དགོས། ཉལ་དུས་ཀྱང་གན་རྐྱལ་ཁ་སྦུབ་རྐང་བརྐྱང་ལག་བརྐྱང་མི་རུང་ཞིང་གཞོགས་གཡས་ཕབ་ལ་སངས་རྒྱས་ཀྱི་གཟིམ་ཚུལ་བྱ་ནས་ཉལ་དགོས།” ཞེས་འགྲོ་འཆག་ཉལ་འདུག་ཀུན་ངན་པ་ལང་ཤོར་དུ་མ་སོང་བར་ཇི་སྲིད་འཚོ་བའི་བར་དུ་དམ་བཅས་པ་བཞིན་བྱེད་དགོས་པ་དང་། “ཚོགས་སུ་སྡོམ་པ་མ་བླངས་པར། གྲལ་ལ་འདུག་ས་མེད་པ་དང་། དེ་ཡང་གྲྭ་ཆས་ཆ་ཚང་ཞིག་མེད་ན་ཚོགས་ལ་འགྲོ་ས་མེད། སྐད་ཅོར་མཆོང་རྒྱུག་ལ་སོགས་པ། བཀག་སོགས་ཞིབ་ཕྲའི་བཅའ་ཁྲིམས་བཟོས” པ་སོགས་ཆུང་ས་ཕྲ་ས་ནས་ཞིབ་ཚགས་བཟོས་ནས་འདུལ་བའི་རིག་གནས་ལ་ཤུགས་སྣོན་བརྒྱབ་པ་དང་། སྡོམ་པ་བླངས་ནས་ཚོགས་གྲལ་དུ་ཞུགས་པ་ནི་དགོན་པའི་སློབ་གསོ་མྱང་བའི་མགོ་ཚུགས་པ་ཡིན་ལ་དེ་ནས་བཟུང་ན་ཚོད་དང་བློ་ཚོད་ལྟར་གང་ལ་གང་འཚམ་གྱི་ཤེས་རིག་ཡོན་ཏན་སྦྱོང་བའི་རྨང་བཏིངས་པ་ཡིན། རྗེ་མཉམ་མེད་བླ་མས་རིགས་མི་གཙོ་རུས་མི་གཙོ། ན་ཚོད་རྒན་གཞོན་ལ་ཡང་མི་ལྟ་བར་གཙོ་བོ་བསླབ་པ་རིན་པོ་ཆེ་གལ་གནད་དུ་འཛིན་པ་ཡིན་པས་གནའ་དེང་གང་དུ་རྒྱལ་བ་སྨན་རི་བའི་ལུགས་འཛིན་གྱི་འདུས་སྡེ་ཞིག་ཡིན་ཕྱིན་མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་གྱིས་ཕྱུག་པའི་ཤེས་རབ་ཅན་གྱི་སྐྱེ་བོ་ཤ་སྟག་བྱུང་དང་འབྱུང་གིན་འདུག མདོར་ན་འདི་དག་ཐམས་ཅད་རྗེ་བླ་མའི་ཐུགས་བསྐྱེད་སྨོན་ལམ་དང་སྨན་རི་དགོན་པའི་བྱིན་རླབས་ཤུགས་རྐྱེན་ལས་བྱུང་བའོ།།
༣. མཁན་རབས་ལམ་ལུགས་འཛུགས་དོན།
        སྤྱིར་མཁན་པོ་ཞེས་པའི་ཐ་སྙད་དེར་གོ་དོན་མི་འདྲ་བ་གཉིས་ཏེ། གཅིག་ནི་འདུལ་བའི་གཞུང་ནས་བཤད་པའི་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་གནང་མཁན་གྱི་མཁན་པོ་དང་། གཉིས་ནི་དགོན་པ་གྲྭ་ཚང་གི་སློབ་གཉེར་གྱི་དབུ་འཁྲིད་མཁན་ཏེ་གཞུང་ཆེན་ཁག་ལ་སྦྱངས་ནས་བསླབ་པ་མཐར་སོན་གྱི་དགེ་བའི་བཤེས་གཉེན་ལ་ཟེར་ཞིང་། དགོན་པར་མཚོན་ན་ལས་ཀྱི་སྣེ་མོ་དག་ལས་འདི་ནི་དགོན་པའི་དར་རྒུད་ལ་གཞི་ནས་འབྲེལ་བའི་ལས་ཚན་ཞིག་ཡིན། སྨན་རི་དགོན་པར་མཚོན་ན༡༤༡༥ལོར་རྗེ་རིན་པོ་ཆེས་ཁོང་གི་སློབ་མའི་གཙོ་བོ་མཁས་ཤིང་གྲུབ་པའི་བདག་ཉིད་རིན་ཆེན་རྒྱལ་མཚན་ལ“ང་ཡི་ཁྲིད་སྐྱོང་རྒྱལ་ཚབ་མཛོད།། འཆད་རྩོད་རྩོམ་པས་བོན་བསྟན་སྤེལ།། ཉིད་ཀྱི་རྗེས་འཛིན་དགོན་འདིའི་གྲྭ།། མཚན་ཉིད་རབ་འབྱམས་གང་ཡིན་ལ།། སྐྱེ་གནས་དབང་སེམས་སྐྱོན་མེད་བརྟག།། མཆོག་གསུམ་རྒྱ་མཚོར་མཆོད་འབུལ་དང་།། ལྷ་སྲུང་གསོལ་ལ་རྟགས་སྒྲིལ་གྱིས།། གང་བབ་ང་ཡི་གདན་སར་བསྐོས།།” ཞེས་རྒྱལ་ཚབ་བམ་སྨན་རིའི་ཁྲི་འཛིན་དུ་བསྐོས་པ་ནས་མཁན་པོ་དང་དཔོན་སློབ་གཅིག་ལྕོགས་ཀྱི་འགན་བཞེས་ནས་དཔེ་ཁྲིད་མི་སྐྱོང་གི་མཛད་པ་ལྷུར་ལེན་དགོས་པ་དང། གང་ཞིག་ཁྱེད་ཉིད་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་ཐུགས་རྒྱུད་ཕྱུག་པ་ཡིན་ན་སྨན་རིའི་གསེར་ཁྲིའི་བདག་པོར་བསྐོ་ཆོག་པས་རིགས་རུས་གདུང་རྒྱུད་ལ་འབྲེལ་བ་མེད་པས། དུས་ད་ལྟའི་བར་གཡུང་དྲུང་བོན་གྱི་ལོ་རྒྱུས་སུ་བསླབ་པ་གསུམ་གྱི་རྒྱུན་འཛིན་ནུས་པའི་སྐྱེས་བུ་ཤ་སྟག་བྱོན་པ་མ་ཟད་“ཨ་མའི་བུ་ལ་ཡོན་ཏན་ཡོད་ན”ཞེས་མཁས་བྱ་གསུམ་གྱི་ཚད་གཞིའི་རྩ་འཛིན་དུ་གྱུར་ཡོད།
        བསྟན་པ་ཕྱི་དར་གྱི་བོན་གྱི་དགོན་སྡེ་གྲགས་ཅན་མང་པོའི་ཁྲོད་བྲུ་ཞུ་སྤ་རྨེའུ་སོགས་གང་ལ་མཚོན་རུང་གདུང་རྒྱུད་ལམ་ལུགས་ཀྱིས་བཙུགས་ཤིང་སྐྱོང་བའི་དགོན་སྡེ་ཤ་སྟག་ཡིན་སྟབས་གནས་སྐབས་ཙམ་ལ་འཕེལ་རྒྱས་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར་ན་ཡང་། སོང་གིན་སོང་གིན་འཕེལ་མེད་རྒུད་པའི་ལམ་བུར་ཞུགས་པ་ནི་གདུང་རྒྱུད་ལམ་ལུགས་ཀྱི་ཡང་དག་མིན་པའི་སློབ་གསོའི་བསྐྱེད་འབྲས་ཡིན་པ་སྨོས་མེད་རེད། ཡིན་ན་ཡང་། བྲུ་ཚང་གིས་བཏབས་པའི་གཡས་རུ་དབེན་སའི་ལམ་ལུགས་ནི་དུས་ད་ལྟའི་བར་མ་ཉམས་པར་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ཀྱིས་དར་ཞིང་སྐྱོང་གིན་པ་ནི་སློབ་གསོའི་ལམ་ལུགས་ཁྱད་པར་ཅན་ཞིག་ལ་རག་ལས་ཡོད་པ་ཡིན། དེ་གང་ཞེ་ན་བྲུ་ཉི་མ་རྒྱལ་མཚན་གྱིས་དབེན་སའི་མཁན་པོའམ་གསེར་ཁྲིའི་བདག་པོ་བྲུ་ཡི་ཁྱིམ་ཚང་དང་མ་འབྲེལ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་རྗེ་བཙུན་གཡོར་མེ་ལ་གནང་ནས་རང་ཉིད་གཟུར་བ་ནི་བྲུ་ཡི་རིང་ལུགས་མཉམ་མེད་ཡུན་རིང་གནས་པའི་མཐུན་རྐྱེན་དཔེ་མེད་ཡིན། སྐབས་དེར་བྲུ་ཚང་གི་རྒྱུད་འཛིན་ཆད་ནས་སྟོང་ལ་ཉེ་བས་བྲུ་ཉི་མ་རྒྱལ་མཚན་གྱིས་སྡོམ་པ་ཕུལ་ནས་གདུང་རྒྱུད་སྤེལ་བའི་ལས་ལ་ཞུགས་ཤིང་དགོན་པའི་མཁན་པོ་ཟུར་ནས་བསྐོ་བའི་སྲོལ་བཏོད་པ་ཡིན། སྲོལ་དེ་བཏོད་པས་བྲུ་ཡི་ཁྱིམ་རྒྱུད་དུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མ་བྱོན་ན་ཡང་དེའི་ཚབ་ཏུ་དགོན་པ་དེ་ནས་མཁས་པའི་གོ་འཕང་བསྙེགས་པའི་སྐྱེས་བུ་ཞིག་གསེར་ཁྲིར་མངའ་གསོལ་བའི་ལམ་སྲོལ་ཆགས་ཤིང། དེ་བཞིན་བྲུ་ཡི་རྒྱལ་ཐེབས་རྣམས་ཀྱིས་ཀྱང་དབུ་རྩེ་དཀར་དམར་གྱི་མཁན་པོར་རྗེ་མཉམ་མེད་བླ་མ་བསྐོས་ནས་བསླབ་པ་གསུམ་གྱི་རྒྱུད་འཛིན་བྱེད་པར་བཅོལ་བ་རེད། དེ་བས་མཁན་རབས་ལམ་ལུགས་ནི་རྗེ་མཉམ་མེད་བླ་མའི་གོང་ནས་རྩ་བ་ཚུགས་ཤིང་མྱུ་གུ་འབུས་ན་ཡང་། རིགས་རུས་སོགས་གང་ལ་ཡང་མ་འབྲེལ་བའི་མཁན་རབས་ལམ་ལུགས་རྨ་མེད་ཀྱི་གཞུང་རྟ་ཆགས་ཤིང་ལོ་འབྲས་སྨིན་པ་ནི་རྗེ་རིན་པོ་ཆེ་ནས་ད་གཟོད་བྱུང་བས་འདུལ་བའི་རིག་གནས་ས་དར་རྡོ་དར་དང་། དགོན་པའི་སློབ་གསོའི་སྒྲིག་གཞི་ཚན་རིག་ཅན་དུ་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་ཡངས་པོ་ཕྱེ་བ་ཡིན། སྨན་རིའི་ཁྲི་འཛིན་ནམ་མཁན་པོར་བསྐོས་ཉིན་ནས་དགོངས་པ་བོན་དབྱིངས་སུ་གཤེགས་པའི་བར་ཐོག་མའི་ལས་འགན་གསུམ་དང་རྒྱུན་ཆགས་ཀྱི་བྱ་བ་གཅིགལ་འབད་འབད་དུང་དུང་བྱེད་དགོས། ཐོག་མའི་ལས་འགན་གསུམ་ནི་མཁན་པོར་བསྐོས་པ་ནས་ཆེས་ཐོག་མར་འགྲུབ་དགོས་པའི་ལས་ཀ་གལ་ཆེན་གསུམ་ཡིན། དེ་ནི་བླ་མའི་བཀའ་དྲིན་དྲན་ཞིང་རྗེས་འཇུག་དད་པའི་རྟེན་དུ་མཁན་པོ་གོང་མའི་སྐུ་གདུང་བཞེངས་པ་དང། གནས་སྐབས་སུ་ནད་གདོན་གྱི་རིགས་ལས་བསྲུང་ཞིང་མཐར་ཐུག་བྱང་ཆུབ་ཀྱི་རྐྱེན་དུ་བྱེད་ཆེད་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་པ་འཛུགས་རྒྱུ། བྱིན་རླབས་ཀྱི་ན་བུན་མ་ཡལ་ཞིང་ཁྲིད་པའི་རྒྱུན་མ་ཆད་པའི་དོད་དུ་སྨན་རིའི་དབང་ལུང་ཁྲིད་གསུམ་གྱི་མན་ངག་ཡོད་རྒུ་མནོད་དགོས་པ་བཅས་ཡིན། རྒྱུན་ཆགས་ཀྱི་བྱ་བ་གཅིག་པོ་ནི་གོང་གི་དེ་དག་གྲུབ་རྗེས་གླིང་གི་ཕྱིར་མི་འབུད་པར་སྐུ་ཚེ་ཧྲིལ་བོར“ཡར་ངོ་ཐམས་ཅད་ལ་འཆད་ཉན་དང་མར་ངོ་ཐམས་ཅད་ལ་ཉམས་ལེན” གྱིས་བཤད་སྒྲུབ་ཡ་མ་བྲལ་བའི་སྒོ་ནས་མཛད་སྤྱོད་ཀྱི་འཕྲོ་འདུ་དང་། གྲྭ་པ་གྲྭ་རྐྱང་གི་ལུགས་སྲོལ་སྐྱོང་རྒྱུ་ལས་ཚོང་ཁེ་བུ་ལོན་དང་ཨ་མཆོད་གྲོང་ཆོག་འགྲིམ་པའི་ལུགས་སྲོལ་གཞར་ཡང་མེད་དོ། །
        མདོར་ན་སྐུ་ཚེ་གང་བོར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་རྒྱལ་བ་སྨན་རི་བའི་རིང་ལུགས་ཇི་ལྟ་བ་འཛིན་སྐྱོང་སྤེལ་གསུམ་བྱས་ནས་འཆད་པ་རྒྱ་མཚོས་གདུལ་བྱ་སྨིན་ཞིང་གྲོལ་བར་བྱེད་པ་དང་། རྩོད་པ་རྒྱ་མཚོས་ཕ་རོལ་ཟིལ་གྱིས་གནོན་པ། རྩོམ་པ་རྒྱ་མཚོས་སྐལ་ལྡན་དང་བ་འདྲེན་པར་བྱས་ནས་རྒྱུ་འབྲས་བློ་མིག་ཅན་གྱི་འདུས་སྡེ་རྒྱུ་སྐར་གྲངས་ལྡན་བྱོན་པ་ནི་སྨན་རི་ཁྲི་འཛིན་ནམ་མཁན་རབས་ལམ་ལུགས་ཀྱི་མཐུ་དཔལ་ལས་བྱུང་བ་མ་ཟད། “ལ་ལ་ནི་ཐོས་བསམ་གྱི་བྱ་བ་ཁོ་ནས་དུས་འདས་ནས། རྩེ་གཅིག་ཏུ་སྒྲུབ་པ་མི་མཛད། ལ་ལ་ནི་ཐོས་བསམ་གྱི་བྱ་བ་བཤོལ་ནས། དབེན་པའི་གནས་སུ་སྒྲུབ་པ་ཁོ་ན་མཛད་པ། ལ་ལ་ནི་འཆད་པ་དང་རྩོད་པ་ལྷུར་བླངས་ནས། རྩོམ་པ་མི་མཛད་ན་འཆད་པ་གཙོ་བོ་མཛད” པའི་ཡ་མ་ཟུང་གི་སློབ་གསོར་བཅོས་སྒྱུར་བྱས་ནས“བོད་གངས་ཅན་ཁྲོད་འདིར། འཆད་རྩོད་རྩོམ་གསུམ་ཆ་མཉམ་པར་མཛད་པ་དང། བཤད་སྒྲུབ་གཉིས་ཀ་སྤེལ་བར་མཛད་པའི”ཐུན་མིན་སློབ་གསོའི་སྒྲིག་གཞི་གསར་འཛུགས་གནང་བའི་བྱས་འབྲས་འབའ་ཞིག་གོ།
༤. རྗེ་རིན་པོ་ཆེའི་སྐུ་ཚེ་ཡོན་ཏན་ལ་ཐིམ་ཚུལ།
        ཚེ་གང་སློབ་གསོ་ཟེར་བ་ནི་དེང་གི་བརྡ་ཆད་ཅིག་ཡིན་ན་ཡང་དེའི་དོན་དངོས་ཀྱི་ལག་ལེན་ནི་བོད་ཀྱི་དགོན་སྡེའི་ཁྲོད་དུ་གཙོ་རྒྱུགས་ཀྱི་བསམ་བློར་དུས་སྔ་ཙམ་ནས་ཆགས་ཡོད་པ་ནི། རྗེ་རིན་པོ་ཆེས་མཚོན་པའི་སྐྱེས་ཆེན་རྣམས་ཀྱི་རྣམ་ཐར་ལས་ངེས་ཤེས་གསལ་བོ་རྙེད་ཐུབ། རྗེ་རིན་པོ་ཆེས་ནི་ཆུང་བྱིས་པའི་དུས་ནས་སྐུ་ཚེ་ཞིང་གཞན་ལ་ཕྱོགས་པའི་བར་གྱི་དུས་དང་གནས་སྐབས་གང་དུ་ཡང་ཤེས་རབ་འཕེལ་བའི་ཐབས་དང་བཟང་བོའི་སྤྱོད་པ་ལྡན་པ་དམིགས་ཡུལ་དུ་བཞག་ནས“སྦྱངས་པའི་སྟོབས་ལས་ཤེས་བྱའི་དཀྱིལ་འཁོར་གསལ།། བརྩེ་བའི་སྟོབས་ཀྱིས་འགྲོ་ལ་མ་ལྟར་བྱམས།། དགེ་ལེགས་ཀུན་འབྱུང་ཡོན་ཏན་ཀུན་གྱི་གཏེར།།”དུ་འགྱུར་བར་བློ་ཕུགས་གཏད་ཅིང།“ཉིན་ལ་སློབ་མ་རྣམས་ལ་བོན་བཤད། མཚན་ལ་མི་མ་ཡིན་དང་ཀླུ་རྣམས་ལ་བོན་བསྟན” པ་སོགས་ཉིན་མཚན་ལྟོས་མེད་དུ་གདུལ་བྱ་རྒྱ་མཚོའི་དོན་ལ་འབད་མཐར། སྤྱི་ལོ༡༤༡༥ལོའི་དབྱར་ཟླ་ཐ་ཆུང་གི་ཚེས་བརྒྱད་ཉིན་དགུང་ལོ་དྲུག་ཅུ་བཞེས་པའི་རྗེ་རིན་པོ་ཆེས“ཡར་མེ་པ་ཆེན་པོ་ཡང་བོན་འཆད་པའི་ངང་ལ་གཤེགས་པ་ཡིན་པས། བདག་ཀྱང་དེ་ལྟ་བུ་བྱེད་པ་ཡིན” གསུངས་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་གཞི་རང་ངོ་སྤྲད་པ་ཅེར་མཐོང་བའི་ཁྲིད་ཀྱི་སྐབས་དགོངས་པ་བོན་དབྱིངས་སུ་བསྡུས། མཛད་སྤྱོད་དེ་ལས་ཚེ་གང་སློབ་གསོའི་ལྟ་བའམ“རིག་པ་ནངས་པར་འཆི་ཡང་བསླབ”པའི་ཤེས་རབ་འཚོལ་བའི་སྙིང་སྟོབས་རྨ་མེད་ཅིག་ཡོད་པ་མངོན་པར་མཚོན། ལར་སྐུ་ཚེ་རི་ཁྲོད་ནས་བསྐྱལ་བའི་དམ་པ་ནི་མང་དུ་ཡོད་ཀྱང་ཁོང་ལྟ་བུའི་རིས་མེད་གྲུབ་མཐའ་སྨྲ་ཞིང་སྐུ་ཚེ་ཐོས་བསམ་ལ་བསྟིམས་པ། དགོན་སྡེའི་འཛིན་སྐྱོང་ལ་ཐོག་མཐའ་ཀུན་ཏུ་ཐུགས་དགོངས་གཏོད་མཁན་གྱི་བླ་མ་ནི་ལོ་རྒྱུས་ཀྱི་ཧྲག་བར་ན་ཕྲ་མཐོང་ཆེ་ཤེལ་ཐོགས་ཏེ་བཙལ་ཀྱང་རྙེད་པར་དཀའ་བས་རྒྱལ་བ་གཉིས་པ་ཟེར་བ་ནི་དོན་ལ་གནས་པའི་བླ་དྭགས་ཅིག་གོ།
        དེ་ལྟར་སྐུ་ཚེ་ཤེས་རབ་ལ་ཐིམ་པའི་ཁོང་གི་སྐུ་ལུས་འོད་སྐུ་རུ་གྲོལ་ན་ཡང་གསུང་གི་མཛད་འཕྲིན་ཉི་ཟླའི་ཁྱབ་བོ་ཅོག་ཏུ་རྒྱས་ཤིང་ཆུ་མགོ་གངས་ལ་གཏུགས་སར་གྱུར་དོན་ནི། འདུལ་བའི་བཅས་ཁྲིམས་དོན་འཁྱོལ་བྱས་ནས་དགོན་སྡེའི་སློབ་གསོའི་སྒྲིག་གཞི་འཐུས་ཚང་དུ་བཏང་བ་དང། སྨན་རིའི་ཁྲི་འཛིན་ནམ་མཁན་ཆེན་ལམ་ལུགས་གསར་གཏོད་མཛད་ནས་ཤེས་རབ་ཅན་ལ་རྩི་མཐོང་མཛད་པ། གཤེགས་ཁ་མ་ཡང་བོན་འཆད་པའི་སྙིང་སྟོབས་སམ་ཚེ་གང་སློབ་གསོའི་དགོངས་བཅུད་སྐྱེ་བོ་སོ་སོའི་ཐུགས་སུ་སིམ་པ། རྒྱལ་བའི་བཀའ་གསུང་ལེགས་པར་བཀྲལ་བའི་བཀའ་བརྟེན་མང་པོ་གདུལ་བྱའི་ཚོགས་ལ་སྐྱེས་སུ་སྟབས་པ་སོགས་ཀྱི་ནུས་མཐུ་ཁོ་ནར་ཐུག་ཡོད་པས། ང་ཚོས་ཁོང་གི་མཛད་འཕྲིན་བསྐལ་བ་རྒྱ་མཚོའི་བར་དུ་བརྟན་ཞིང་སློབ་གསོའི་ཐུགས་དགོངས་ཉི་ཟླའི་བགྲོད་པ་མ་ཆད་ཀྱི་བར་དུ་དར་ཞིང་རྒྱས་པར་འབད་འབུངས་བྱ་རིགས་སོ།།

①《རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར》[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོའི་ཟླ༡༢པའི་པར་གཞི་དང་པོ། P༢༣.
② ཉི་གཞོན་གྱིས་སྒྲིག་སྒྱུར་བྱས།《ཡ་ཧུ་དཱ་པའི་སློབ་གསོའི་མན་ངག》[M].མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ༦པའི་པར་གཞི་དང་པོ། P༨.
③ ཁར་ཝེ་ཐིས་བརྩམས།《ཁར་ཝེ་ཐི་སློབ་གསོ》[M].ཀྲུང་གོ་སྐྱེས་མའི་དཔེ་སྐྲུན་ཁང་། ༢༠༡༢ལོའི་པར་གཞི་དང་པོ། P༡.
④ རྒྱལ་ཚབ་ཀུན་བཟང་བློ་གྲོས་ཀྱིས་མཛད།《རྒྱལ་ཚབ་ཀུན་བཟང་བློ་གྲོས་ཀྱི་གསུང་འབུམ།》དེབ་ལྔ་བ།[M].ཀན་སུའུ་མི་རིགས་དཔེ་སྐྲུན་ཁང། ༢༠༡༤ལོའི་པར་གཞི་དང་པོ། P༡༧༧.
⑤ ཁོང་ནི་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་མཐའ་མ་ཡིན་ལ། སྐབས་དེར་ཁོང་ངེས་མེད་རི་ཁྲོད་འགྲིམ་བཞིན་འདུག
⑥ སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས།《ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས》[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་པར་གཞི་དང་པོ། P༨༣༣.
⑦《རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར》[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོའི་པར་གཞི་དང་པོ། P༢༩.
⑧《རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར》[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོའི་པར་གཞི་དང་པོ། P༣༦.
⑨ རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་ཕུལ།
⑩ གཞིས་རྩེ་ས་ཁུལ་གྱི་རྣམ་གླིང་རྫོང་ཐོབ་རྒྱལ་ཞང་ནས་སྤྱི་ལེ༢༠ཙམ་གྱི་སར་ཡོད།
《རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར》[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོའི་པར་གཞི་དང་པོ། P༤༩.
《རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར》[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོའི་པར་གཞི་དང་པོ། P༤༩.
 ཞང་ཞུང་བློ་གྲོས་ཉི་མས་བསྒྲིཊ།《རྣམ་དག་སོ་ཐར་འདུལ་བའི་བོན་སྐོར》[M].ཡ་གླིང་གློག་རྡུལ་དཔེ་སྐྲུན་ཁང་། ༢༠༡༣ལོའི་པར་གཞི་དང་པོ།P༡༤༣
 སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས།《ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས》[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་པར་གཞི་དང་པོ། P༨༣༩.
སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས།《ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས》[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།༢༠༡༦ལོའི་པར་གཞི་དང་པོ། P༨༣༢.
  ཐོག་མའི་ལས་འགན་གསུམ་དང་རྒྱུན་ཆགས་ཀྱི་བྱ་བ་གཅིག་ཟེར་བ་ནི་སྨན་རིའི་ཁྲི་འཛིན་སོ་སོའི་རྣམ་ཐར་བཅས་ལ་གཞིགས་ནས་ཕྱོགས་སྡོམ་བྱས་པ་ཞིག་ཡིན་པས་འགྲིག་མིན་དཔྱད་པར་ཞུ།
《རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར》[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།༢༠༠༤ལོའི་པར་གཞི་དང་པོ། P༤༩.
《རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར》[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོའི་པར་གཞི་དང་པོ། P༥༣.
《རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར》[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོའི་པར་གཞི་དང་པོ། P༥༤.
 རྗེ་རིན་པོ་ཆེའི་བསྟོད་པ་སྐུ་གསུམ་ལྷུན་གྲུབ་ལས་དྲངས།
《རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར》[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོའི་པར་གཞི་དང་པོ། P༦༩.

《རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར》[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ P༦༢.

(2017ལོའི《བོད་ཀྱི་སློབ་གསོ།》དེབ་ལྔ་བ་ལས་བཤུས།)

39.7K

རྩོམ་ཡིག་སྔོན་མ།
༄༅།། དབྱར་ཁ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1