༄༅།། ཆར་བའི་ཁྲོད་ཀྱི་འཆར་སྒོ།

རིན་ཆེན་སྒྲོལ་མ།​ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-10


པེ་ཅིན། རིན་ཆེན་སྒྲོལ་མ།

        ང་རང་ཆར་བ་འབབ་པའི་ངང་ཚུལ་ལ་བལྟ་བར་ཤིན་ཏུ་དགའ། དེ་ནི་ང་ལ་མཚོན་ན་ཡིད་ཀྱི་དང་བ་འདྲེན་པའི་གློག་བརྙན་ཡག་པོ་ཞིག་ལ་ལོངས་སུ་སྤྱོད་པ་དང་འདྲ་པོ་འདུག རྒྱུ་མཚན་གང་ཡིན་ཞེ་ན། ཤག་ཤག་ཏུ་འབབ་པའི་ཆར་བའི་ཀློང་ནས་ངས་གཏིང་བརྗེད་དུ་གྱུར་དང་འགྱུར་བཞིན་པའི་ཕྱིར་དྲན་གྱི་ལེའུ་མོད་པོ་ཞིག་ཡིད་ལ་ཅིག་ཅར་དུ་དྲན་པར་འགྱུར་བས་ཡིན། དེ་ནི་ང་རང་ཆུང་དུས་སུ་ཆར་བ་དྲག་པོའི་ཁྲོད་ནས་ཟོག་ལུག་འཚོས་མྱོང་བ་དང་། ངའི་བྱིས་དུས་ཀྱི་རྐང་རྗེས་མང་པོ་ཞིག་ཆར་ཆུའི་ཁྲོད་དཔར་བས་ཡིན་ནམ་སྙམ། རྒྱུ་རྐྱེན་གང་ཡིན་མི་ཤེས་མོད། ང་རང་སློབ་གྲྭར་སོང་བའི་ཉིན་དེ་ནས་བཟུང་། ང་རང་ཆར་བའི་ནང་དུ་མ་སོང་བར་ཡུན་རིང་འགོར་སོང་། ཡང་ན་ལོ་འདི་འགར་ངའི་ཕ་ཡུལ་དུ་ཆར་བ་འབབ་རྒྱུ་ཤིན་ཏུ་ཉུང་།
        དེ་རིང་སྔ་དྲོར། གློ་བུར་དུ་ནམ་མཁའ་རུ་སྤྲིན་འཁྲིགས་ཤིང་། གློག་དམར་འཁྱུག འབྲུག་སྒྲ་ལྡིར་ཏེ་ཆར་བ་ཆེན་པོ་ཞིག་འབབ་པའི་སྟ་གོན་བྱེད། ཁོ་བོའི་སེམས་ལ་དེ་རིང་ཆར་བ་འབབ་པའི་ངང་ཚུལ་དེ་ལོངས་སུ་སྤྱོད་ཆོག་སྙམ་པའི་མོད་ལ་སྤྲོ་བ་ལ་ནི་ངང་གིས་འཕེལ་བས། མྱུར་དུ་ཁ་ལག་སྟབས་བདེ་ཞིག་མཆོད་རྗེས་དྲ་མ་ཕྱེ་སྟེ་ཆར་བ་འབབ་པའི་རྣམ་པ་ལ་ཅེར་ནས་བསྡད།
        ཡུད་ཙམ་འགོར་རྗེས། ཁང་པའི་ཀླད་དུ་ཐྲིག་ཐྲིག་གི་སྒྲ་མང་པོ་བསྟུད་མར་གྲགས་པ་དང་བསྟུན་ཆར་བ་བབས་བྱུང་། ཆར་རྡོག་རེ་རེ་ནི་མདེའུ་རེ་རེའི་ཟོལ་གྱིས་ནམ་མཁའ་ནས་མར་བབས་ཏེ་བསྟུད་མར་ས་སྟེང་ལ་ཕོག་པ་དང་། སྐད་ཅིག་ཙམ་ལ་ས་སྟེང་ལ་བུ་ག་མང་པོ་བརྟོལ། ངའི་ཡིད་ལ་བྱེད་པོ་སུ་ཞིག་གིས་ནམ་མཁའ་ནས་ཟོ་བ་ཆེན་པོ་ཞིག་ལག་ཏུ་བཟུང་སྟེ་མར་ཆུ་འབྱོ་བཞིན་འདུག་ཨང་སྙམ། མཚམས་མེད་དུ་འབབ་བཞིན་པའི་ཆར་བས་ས་སྟེང་ཧྲིལ་པོ་བརླན་པར་བཏང་བ་དང་། ས་སྟེང་ལ་ཆུ་ཤུར་མང་དུ་བཟོས་པ་ལས་ཆུ་ཤུར་རེ་རེ་ལས་ཆར་ཆུ་ཉུང་ངུ་རེ་བཞུར་ཏེ་མཐར་ཆུ་ཤུར་ཆེན་པོ་ཞིག་ཏུ་ཆུ་སྣ་ཕྱོགས་གཅིག་ལ་འདྲེས་ཏེ་ཕྱི་ཕྱོགས་སུ་བཞུར།
        སྐབས་འདིར། ངའི་ཡིད་ལ་བྱིས་དུས་ཀྱི་འདས་དོན་མང་པོ་ཞིག་ཤར་བྱུང་། སྣབས་ཀྱང་བདག་མི་ཐུབ་པའི་དུས་སུ་ཟོག་ལུག་གི་རྗེས་ནས་ལྭ་བ་ཧྲིལ་པོ་ཆར་གྱིས་བངས་ཀྱང་ཨམ་གཙིགས་བསྡམས་ཏེ་རང་ཉིད་ནི་རྒྱལ་ཁ་ལ་རེ་བའི་འཐབ་མོ་བ་ཞིག་དང་འདྲ་བར་དཔའ་གདེང་སྐྱེས་མྱོང་བ་དང་། ཕ་མ་གཉིས་ཀྱི་ཁར་མ་ཉན་པར་ཆར་ལྭ་མ་ཁྱེར་བས་ཆར་ཆུས་བངས་དུས་འགྱོད་གདུང་ཡང་སྐྱེས་མྱོང་། ཡང་མཚམས་མཚམས་སུ་ཆུ་ལོག་བྱུང་སྟེ་འགྲོ་ལམ་བཀག་པའི་དུས་ལའང་ཁེལ་མྱོང་། དེ་ལྟར་དྲན་བཞིན་དྲན་བཞིན་དུ། སོ་སོའི་རྨི་ལམ་དང་འཚོ་གནས་ཀྱི་དོད་དུ་བྲལ་ནས་ཡུན་རིང་ཕྱིན་ཅིང་ད་ལྟ་རང་རང་ས་ན་འཚོ་ཚིས་ཀྱི་དོན་དུ་འདུར་གྱིན་པའི་ཆུང་དུས་ཀྱི་རྫི་རོགས་དེ་ཚོ་ཡང་དྲན་བྱུང་། དུས་དང་བསྐལ་བས་བར་ཐག་རི་ཆུ་སྟོང་ཕྲག་གིས་ཆོད་པའི་བརྩེ་ལྡན་གྱི་ཆུང་གྲོགས་དེ་ཚོ་དྲན་བྱུང་། ད་ནི་སེམས་ཁུར་དང་གནོན་ཤུགས་ཅི་ཡང་མེད་པའི་བྱིས་དུས་ཀྱི་ལོ་ཟླ་དེ་དག་ལ་ཡིད་སྨོན་གཏིང་ནས་འཆོར་ཞིང་ཚུལ་འཆོས་དང་གཡོ་སྒྱུ་བྲལ་བའི་ལོ་ཟླ་དེ་དག་ནི་ཅི་འདྲའི་ཡིད་དུ་འོང་ཞིང་མཛེས་སྡུག་ལྡན་པ་ཞིག་རེད་ཨང་སྙམ།
        དྲན་པ་མང་པོ་ཞིག་གི་སྣེ་ནས། ང་རང་དབང་མེད་དུ་ཆར་བའི་ཁྲོད་དུ་བརྒྱུགས་ཏེ་ཆར་ནང་ནས་འགྲེང་ན་འདོད་བྱུང་། དེ་ནི་ཡུལ་མི་ཚོས་གཞས་པ་གྲགས་ཅན་ཞིག་མཐོང་ཙ་ན་བརྒྱུགས་ཏེ་དེའི་གམ་ལ་བཅར་བ་དང་འདྲ་པོ་འདུག ང་རང་ཚམ་ཚོམ་མེད་པར་ཤག་ཤག་ཏུ་འབབ་བཞིན་པའི་ཆར་བའི་ཁྲོད་བརྒྱུགས་ཏེ་འགྲེང་ཙ་ན། ཨ་མ་བརྒྱུགས་ཡོང་སྟེ་སྐད་མཐོན་པོས་ཁྱོད་རང་སྨྱོས་ཡོད་དམ་ཟེར། ཨ་མས་ཁོ་བོའི་སེམས་ཁམས་རྟོགས་མི་སྲིད་སྙམ། ཨ་མ་ལགས་ཀྱིས་ངས་ཚོར་བ་འདི་འདྲ་ཞིག་མ་མྱངས་པར་ཡུན་རིང་འགོར་ཡོད་པ་ཅི་ལ་ཚོར། ཆར་ནང་དུ་འགྲེང་ནས་ཡུད་ཙམ་འགོར་རྗེས་ཆར་བས་ངའི་ལུས་ཧྲིལ་པོ་བརླན་པར་བྱས། ཆུའི་ཐིགས་པ་རེ་རེ་ངའི་མཁུར་མགོ་བརྒྱུད་དེ་ས་རུ་ཟགས། ངས་ཇི་ལྟར་བཙལ་ཀྱང་བྱིས་དུས་ཀྱི་སྣང་བ་དེ་རྙེད་མ་བྱུང་། ད་ནི་ཡོད་ཚད་དུས་ཚོད་ཅེས་པའི་གཤེད་མ་དེས་བསུབས་སོང་བ་རྨང་ནས་ཚོར། ཆར་ཆུའི་ཁྲོད་ནས། ངས་འདི་ལྟར་འདོད་དེ། གལ་ཏེ། དཔེ་སྲིད་ན། ཆུང་ནས་འགྲོགས་ཤིང་དེས་པའི་ན་ཟླ་དེ་ཚོ་དང་མཉམ་དུ་ཡང་བསྐྱར་བྱིས་དུས་ཀྱི་འཚོ་བ་ཐེངས་གཅིག་རོལ་ན་བསམ། བོར་སྟོར་བྱུང་བའི་ཕྱིར་དྲན་གྱི་ལེའུ་མང་པོ་བསྐྱར་དུ་འཁྲབ་ན་བསམ། སུ་ལའང་ཁ་ཡ་མི་བྱེད་པའི་རང་ཉིད་གཙང་མ་དེ་བཙལ་ན་འདོད། ངས་འདི་ལྟར་འདོད་དུས། ཉི་འོད་དང་གློག་འོད་དང་འདྲ་བར་ངའི་གདོང་ལ་ཕོག་འདུག ཉི་འོད་ཀྱིས་ངའི་བསམ་གཞིག་རྨང་ནས་བསྒུལ་བར་མ་ཟད། ཉི་མ་ཁོ་རང་ངའི་བྱ་སྤྱོད་འདི་ལ་ཁོང་དགོད་གཏིང་ནས་འཆོར་བཞིན་པ་འདྲ་བས། ང་རང་འཐད་མི་འཐད་ངང་ཕྱིར་ཁྱིམ་དུ་འཛུལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1