ཀྲུང་དབྱང་དམག་ཨུས་དྲག་ཆས་ཉེན་རྟོག་དཔུང་སྡེར་དར་ཆ་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 01-11


        ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་དམག་ཨུད་ནས་དྲག་ཆས་ཉེན་རྟོག་དཔུང་སྡེར་དར་ཆ་སྤྲོད་པའི་མཛད་སྒོ་སྤྱི་ཚེས་10ཉིན་པེ་ཅིང་བརྒྱད་གཅིག་ཁང་ཆེན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དཔུང་སྡེར་དར་ཆ་སྤྲད་གནང་བ་མ་ཟད་བཀའ་སློབ་གནང་།
        སྔ་དྲོ་ཆུ་ཚོད་10པའི་ཐོག་དར་ཆ་སྤྲོད་པའི་མཛད་སྒོ་འགོ་འཚུགས་པ་དང་། དཔོན་དམག་རྣམས་རུ་བསྟར་གྲལ་འགྲིག་པོ་བསྒྲིགས་ནས། ཚོགས་ར་ཡོངས་སུ་སྐད་གསང་མཐོན་པོས་རྒྱལ་གླུ་བཏང་ཡོད་པ་རེད། གཟབ་སྦྲེང་སྲུང་དམག་གིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་དར་ཆ་སྲུང་ཡོད་པ་དང་། གོམ་སྟབས་འགྲིག་པོས་ཀྲུའུ་ཞིའི་སྟེགས་བུའི་མདུན་དུ་བསྐྱོད་ཡོད་པ་རེད། ཞི་ཅིན་ཕིང་གིས་གཟབ་ནན་ངང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དམག་སྤྱི་ཝང་ཉིང་དང་། ཆབ་སྲིད་ཨུ་ཡོན་ཀྲུའུ་ཧྲེང་ལིན་རྣམ་གཉིས་ལ་དར་ཆ་སྤྲད་གནང་བ་དང་། ཝང་ཉིང་དང་། ཀྲུའུ་ཧྲེང་ལིན་རྣམ་གཉིས་ཀྱིས་སྙིང་སྟོབས་ཆེར་སྐྱེད་ངང་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། ཞི་ཅིན་ཕིང་གི་ཕྱག་ནས་དྲག་ཆས་ཉེན་རྟོག་དཔུང་སྡེའི་དར་ཆ་བཞེས་ཤིང་། དར་ཆ་བཟུང་ནས་གུས་སྟབས་ཀྱིས་ལངས་ཡོད་པ་རེད། དཔོན་དམག་ཡོངས་ནས་དྲག་ཆས་ཉེན་རྟོག་དཔུང་སྡེའི་དར་ཆར་བརྗིད་ཉམས་ལྡན་པའི་གུས་འདུད་ཞུས། 

        དར་ཆ་སྤྲོད་པའི་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་བཀའ་སློབ་གནང་། ཁོང་གིས། ཏང་ཀྲུང་དབྱང་ནས་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགོ་ཁྲིད་བཀོད་འདོམས་སྒྲིག་གཞི་ལེགས་སྒྲིག་བྱས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་དྲག་ཆས་ཉེན་རྟོག་དཔུང་སྡེར་གཅིག་གྱུར་འགོ་ཁྲིད་བྱེད་རྒྱུ་དང་། ཀྲུང་དབྱང་དམག་ཨུད་ཀྱིས་དྲག་ཆས་ཉེན་རྟོག་དཔུང་སྡེར་འགོ་ཁྲིད་བྱེད་པའི་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་སྒྲིག་གཞི་ལག་བསྟར་བྱེད་རྒྱུའི་གཏན་འབེབས་བྱས་ཡོད། དེ་ནི་ཏང་ཀྲུང་དབྱང་གིས་ཏང་གིས་རྒྱལ་ཡོངས་དྲག་ཆས་སྟོབས་ཤུགས་ལ་བལྟོས་མེད་འགོ་ཁྲིད་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་ལམ་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པའི་གལ་ཆེའི་ཆབ་སྲིད་ཀྱི་གཏན་འབེབས་ཤིག་ཡིན་པས། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་རྒྱུ་བཅས་ཀྱི་ཐད་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་ཅེས་བསྟན།

        ཞི་ཅིན་ཕིང་གིས། དྲག་ཆས་ཉེན་རྟོག་དཔུང་སྡེ་ནི་ཏང་གིས་འགོ་ཁྲིད་བྱེད་པའི་མི་དམངས་དྲག་ཆས་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་སྲུང་སྐྱོབ་བྱེད་པའི་ཐད་འགན་འཁྲི་ཆེན་པོ་ཁུར་ཡོད་པ་དང་། ཆབ་སྲིད་བདེ་འཇགས་དང་ལྷག་པར་དུ་སྲིད་དབང་བདེ་འཇགས་དང་། ལམ་ལུགས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་ཆེན་པོ་ལྡན་ཡོད། སེམས་ཐག་གཙང་བཅད་ཀྱིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་བལྟོས་མེད་འགོ་ཁྲིད་རྒྱུན་འཁྱོངས། སེམས་ཐག་གཙང་བཅད་ཀྱིས་ཏང་གི་བཀའ་ལ་ཉན་པ། ཆབ་སྲིད་འདུ་ཤེས་དང་། ཁྱོན་ཡོངས་འདུ་ཤེས། སྲོག་ཤིང་འདུ་ཤེས། མིག་དཔེའི་འདུ་ཤེས་བཅས་ཆེ་རུ་གཏོང་བ་བཅས་བྱས་ནས། ཇི་སྲིད་བར་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་ཡིན་པའི་སྲུང་དམག་བྱེད་དགོས། གོང་འཕེལ་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་ཡོངས་རྒྱལ་ཁབ་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ནུས་མང་གཞི་གཅིག་དང་། བརྟན་སྲུང་ནུས་ལྡན་གྱི་འཐབ་ཇུས་བླང་བྱ་ལྟར། དམག་ཡོངས་ཀྱི་མཉམ་འབྲེལ་དམག་འཐབ་མ་ལག་ནང་གང་མགྱོགས་མཉམ་བསྲེས་བྱེད་པ་དང་། དམག་དཔུང་དང་ས་ཁུལ་མཐུན་སྦྱོར་མཉམ་འགུལ་གྱི་རྣམ་པ་གསར་པ་གང་མགྱོགས་སྐྲུན་པ། སྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་དང་ལས་ཆོད་མཐོ་རུ་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་སྟོབས་ཆེའི་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་འཛུགས་སྐྱོང་བྱེད་དགོས། དམག་སྦྱོང་བྱས་ཏེ་དམག་འཐབ་གྲ་སྒྲིག་བྱེད་རྒྱུའི་ཐད་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྔ་བར་ཕྱི་གསུམ་དུ་དོགས་ཟོན་ཆེར་སྐྱེད་བྱེད་པ། དངོས་འཐབ་ཅན་གྱི་དམག་དོན་སྦྱོར་བརྡར་དམ་འཛིན་ཤུགས་ཆེ་བྱེད་པ། སྲུང་བྱ་དང་གློ་བུར་གནད་དོན་ཐག་གཅོད། འཇིག་རྒོལ་བརྟན་སྲུང་སོགས་ལས་དོན་ཁག་ཡག་པོ་བྱེད་པ་བཅས་བྱས་ནས། ཏང་དང་མི་དམངས་ཀྱིས་སྤྲད་པའི་དུས་རབས་གསར་པའི་ལས་འགན་སེམས་ཐག་གཙང་བཅད་ཀྱིས་ལེགས་སྒྲུབ་བྱེད་དགོས། ཁྲིམས་ལྟར་ནན་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་རྒྱུ་དང་དམག་དཔུང་བཅོས་སྐྱོང་ནན་པོ་བྱེད་རྒྱུའི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། གཟི་བརྗིད་སྲོལ་རྒྱུན་དང་ཀུན་སྤྱོད་བཟང་པོ་དར་སྤེལ་གཏོང་བ། སྤྱོད་བཟང་སྒྲིག་ནན་དང་། རུལ་འགོག་ངན་གཅོད། ཆབ་སྲིད་སྐྱེ་ཁམས་དྭངས་གཙང་ཡོང་བ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ། དྲང་ནུས་ཆེན་པོ་གཅིག་སྒྲིལ་ཐུབ་པ་བཅས་བྱས་ནས། དྲག་ཆས་ཉེན་རྟོག་དཔུང་སྡེའི་གཟི་བརྗིད་ལོ་རྒྱུས་ཐོག་དུས་རབས་ཀྱི་ལེའུ་གསར་པ་འབྲི་དགོས་ཞེས་ནན་གྱིས་བསྟན། 
        ཀྲུའུ་ཧྲེང་ལིན་གྱིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཚབ་ཞུས་ནས་གསུངས་བཤད་གནང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་སློབ་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་ཞུ་རྒྱུ་དང་། སེམས་ཐག་གཙང་བཅད་ཀྱིས་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་བརྩི་སྲུང་ཞུས་ནས། དམག་སྦྱོང་བྱས་ནས་དམག་འཐབ་གྲ་སྒྲིག་བྱེད་པའི་ཐོག་ནུས་ཤུགས་གཅིག་སྡུད་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་འགན་འཁྲི་ལག་བསྟར་བྱས་ནས། ཏང་དང་མི་དམངས་ཀྱི་མངགས་བཅོལ་ཆུད་ཟོས་རྩ་བ་ནས་མི་གཏོང་བའི་རྣམ་པ་བསྟན། 
        དེ་རྗེས། ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཧྲི་ཤོག་རྒན་པ་ཡན་གྱི་སྡེ་ཚན་གྱི་འགོ་ཁྲིད་གཙོ་བོ་དང་མཇལ་འཕྲད་གནང་མ་ཟད་ཚང་མ་དང་ལྷན་བཞུགས་སྐུ་པར་བསྐྱོན་གནང་། 
        དར་ཆ་སྤྲོད་པའི་མཛད་སྒོའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་ཀྲུང་དབྱང་དམག་ཨུད་ནས་དྲག་ཆས་ཉེན་རྟོག་དཔུང་སྡེར་དར་ཆ་སྤྲོད་རྒྱུའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་དར་ཆ་སྤྲོད་པའི་མཛད་སྒོ་གཙོ་སྐྱོང་གནང་། 
        སྡེ་ཚན་ཆེ་ཁག་དང་། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཁག་གི་འགོ་ཁྲིད་དང་དཔུང་སྡེའི་དཔོན་དམག་དར་ཆ་སྤྲོད་པའི་མཛད་སྒོར་ཞུགས། །





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1