རྔ་བ་ཁུལ་གྱིས་ཆེས་ཐོག་མའི་རྒྱལ་ཡོངས་བོད་ཀྱི་རོལ་དབྱངས་མཐུན་ཚོགས་བཙུགས་པ།

མགོན་པོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-12


           ཤར་རྒྱལ་མོ་ཚ་བ་རོང་ནི་བོད་ཤར་ཕྱོགས་ཀྱི་རོང་ཆེན་དག་གི་སུལ་དང་ཆུ་ཆེན་རྣམས་ཀྱི་འགྲམ་དུ་ཆགས་ཡོད་ཅིང་། ས་རྒྱུས་ཀྱི་ཁྱད་ཆོས་ཁྱད་པར་བའི་དབང་གིས་ཡུལ་གྲུ་འདིའི་རིག་གནས་ལ་གཞན་དང་མི་མཚུངས་བའི་ཁྱད་ཆོས་བགྲེང་རྒྱུ་ཡོད། རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་དང་ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་ནི་གསོན་ཉམས་ལྡན་པའི་བོད་ཀྱི་གནའ་བོའི་རིག་གནས་ལ་དམ་པོར་འབྲེལ་ཡོད་ཅིང་། ལྷག་པར་དུ་སི་ཏི་ཆོས་འབྱུང་གི་དགོངས་བཞེད་ལྟར་ན། བོད་ཡིག་གི་སྦྱོར་ཀློག་ནི་སྐབས་དེ་དུས་བོད་སྐད་ཀྱི་སྒྲ་གདངས་གཞིར་བཟུང་ནས་གསར་གཏོད་བྱས་པ་ཞིག་ཡིན་ཞིང་། སྐད་ཀྱི་སྒྲ་གདངས་ལ་བརྟེན་ནས་མགོ་ཅན་དང་འདོགས་ཅན། སྔོན་འཇུག་དང་རྗེས་འཇུག་གི་རྣམ་གཞག་འདི་མཛད་ཡོད་པ་རེད། དེང་དུས་བོད་སྐད་ནང་དུ་སྦྱོར་ཀློག་མི་འདྲ་བའི་སྒྲ་གདངས་ཕལ་ཆེར་བརླགས་ཟིན་ནའང་། རྒྱལ་རོང་གི་ཡུལ་སྐད་ནང་དུ་ཆེས་ཐོག་མའི་སྒྲ་གདངས་དེ་དུ་དུང་མ་འགྱུར་སོར་བཞག་ཏུ་གནས་ཡོད་པ། ད་ལྟའི་རྒྱལ་རོང་ཡུལ་གྱི་གླུ་གཞས་རྙིང་བ་མང་པོ་ཞིག་ན་གསལ་བོ་འདུག དེ་ཕྱིར་རྒྱལ་རོང་བོད་ཀྱི་རོལ་དབྱངས་ལ་བོད་མི་རིགས་ཀྱི་རོལ་དབྱངས་ཀྱི་ཐུན་མུན་ཁྱད་ཆོས་མངོན་པར་གསལ་བ་མ་ཟད། ཡུལ་ལུང་རང་གི་ཡུལ་སྲོལ་གོམས་གཤིས་དང་འཚོ་བ་རོལ་སྟངས། སྐད་ཀྱི་སྒྲ་གདངས་སོགས་ཀྱི་ཁྱད་ཆོས་ཀྱང་གསལ་བོར་མཚོན་ཡོད།  
           ཉེ་ཆར། རྔ་བ་ཁུལ་གྱིས་ཆེས་ཐོག་མའི་རྒྱལ་རོང་བོད་ཀྱི་རོལ་དབྱངས་མཐུན་ཚོགས་བཙུགས་པ་མ་ཟད། ཐེངས་དང་པོའི་མཐུན་ཚོགས་ཀྱི་ཁོངས་མིའི་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས། ཚོགས་འདུར་བོད་ཀྱི་གླུ་བ་གྲགས་ཅན་ཨ་དུང་རྔ་བ་ཁུལ་རྒྱལ་རོང་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་ཤིང་། ཀུའོ་ཅན་ཞིན་དང་ཆོས་རྒྱལ། བློ་བཟང་དོན་འགྲུབ། པད་མ་སྒྲོལ་དཀར་སོགས་མི་དགུ་རྔ་བ་ཁུལ་རྒྱལ་རོང་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བདམས། ལྷ་སྨན་རྔ་བ་ཁུལ་རྒྱལ་རོང་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོར་བདམས་ཤིང་ཧོང་ཝེ་དང་སྐལ་བཟང་སྒྲོལ་མ། པད་མ་སོགས་མི་བརྒྱད་མཐུན་ཚོགས་ཀྱི་དྲུང་ཆེན་གཞོན་པར་བདམས་པ་དང་། དབྱངས་ཅན་དང་ཚེ་བསྟན། འཇམ་དབྱངས། དྲི་མེད་རྒྱལ་མཚོ་སོགས་མི་བཅུ་རྔ་བ་ཁུལ་རྒྱལ་རོང་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ལས་འཛིན་པར་བདམས། དེ་མིན་ཀྲུང་གོའི་གཞས་གདངས་རྩོམ་པ་པོ་གྲགས་ཅན་ལུའི་ཡོན་དང་རོལ་དབྱངས་ཀྱི་ཆེད་མཁས་པ། ཀྲུང་གོའི་སྒྱུ་རྩལ་ཞིབ་འཇུག་པ་གྲགས་ཅན། འབུམ་རམས་པའི་དགེ་རྒན་ཐེན་ཆིང་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། བོད་ཀྱི་རྩོམ་རིག་ཞིབ་འཇུག་ཁང་གི་ཀྲུའུ་རེན། འབུམ་རམས་པའི་དགེ་རྒན་འཇམ་དཔལ་རྒྱ་མཚོ་སོགས་རྒྱལ་ནང་གི་མཁས་དབང་ཆེན་མོ་རྣམས་ཆེད་དུ་རྔ་བ་ཁུལ་རྒྱལ་རོང་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་བློ་འདྲི་ཡུལ་དུ་གདན་ཞུས་བྱས་པ་མ་ཟད། གདན་ཞུས་ཡི་གེ་གནང་བ་རེད།
          རྒྱུས་ལོན་པ་ལྟར་ན། འབྲེལ་ཡོད་མི་སྣས་ལོ་ངོ་གཉིས་ཀྱི་རིང་ལ་འབད་བརྩོན་བྱས་མཐར། ད་གཟོད་རྔ་བ་ཁུལ་རྒྱལ་རོང་བོད་ཀྱི་རོལ་དབྱངས་མཐུན་ཚོགས་འདི་དངོས་སུ་ཚུགས་པ་ཡིན་ལ། དེའི་བོད་ཀྱི་རོལ་མོའི་རིག་གནས་སྔོག་འདོན་དང་རྒྱུད་འཛིན། དར་སྤེལ་གཏོང་བ་གཙོར་བཟུང་ནས། ལྷག་པར་དུ་རྒྱལ་རོང་ཡུལ་གྱི་བོད་གཞས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བ། རྒྱལ་རོང་བོད་གཞས་ཡིག་ཐོག་ཏུ་ཕབ་པ་དང་བསྡུ་སྒྲིག་བྱེད་པ་སོགས་དམིགས་ཡུལ་དུ་བཟུང་ནས། རྒྱལ་རོང་གི་བོད་གཞས་དེ་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་པ་དེ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1