གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་རྒྱང་སྒྲོག་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༡ཚེས་༡༢ཉིན།

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར། རླབས་ཆེན་ལས་དོན་ཡོངས་འགྲུབ་བྱེད་དགོས་ན་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་བརྟེན་དགོས་པ་དང་། ཏང་ལ་ངེས་པར་དུ་དགེ་མཚན་གསར་པ་དང་མཛད་རྗེས་གསར་པ་ཡོད་དགོས། ཏང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཡང་བསྐྱར་སྟ་གོན་བྱས་ཏེ་ཡང་བསྐྱར་ལམ་ལ་ཆས་པ་དང་། ནམ་ཡང་ལམ་དུ་ཡོད་པའི་ཆོད་སེམས་བཅངས་ནས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་ཟབ་སྤེལ་བྱས་ཏེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་རྣམ་པ་གསར་པ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
        ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་ཟབ་སྤེལ་བྱེད་ན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་པར་དམིགས་པ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པར་དམིགས་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ཕྱོགས་ཡོངས་ནས་སྤེལ་བ། ལམ་ལུགས་འཛུགས་སྐྲུན་དེའི་ཁྲོད་དུ་ཁྱབ་པར་བྱེད་པ། རུལ་སུངས་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། རྒྱུན་འཁྱོངས་ཀྱི་ཁྲོད་ནས་ཟབ་སྤེལ་དང་ཟབ་སྤེལ་གྱི་ཁྲོད་ནས་འཕེལ་རྒྱས་སུ་བཏང་སྟེ། ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་རྩ་བ་ནས་ཇེ་ལེགས་སུ་གཏོང་བ་དང་། ཏང་གི་གསར་གཏོད་ནུས་ཤུགས་དང་ཆིག་སྒྲིལ་ནུས་ཤུགས། འཐབ་འཛིང་ནུས་ཤུགས་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་གཅོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་ཁག་ཐེག་འདོན་སྤྲོད་བྱ་དགོས།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལིས་ཀྲན་ཧྲུའུ་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་ནི། རླབས་ཆེན་འཐབ་རྩོད་དང་རླབས་ཆེན་ལས་དོན་ལ་ཁྲིད་སྟོན་བྱས་ཏེ། མཇུག་མཐར་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པའི་རྩ་བའི་ཁག་ཐེག་ཡིན་པས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་ན། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་ན། ཆེས་གལ་ཆེ་བ་ནི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན་པས། ང་ཚོས་བབ་བསྟུན་མདུན་སྐྱོད་ཀྱིས་ཏང་གི་དུས་ཡུན་རིང་བོའི་སྲིད་འཛིན་ནུས་ཤུགས་འཛུགས་སྐྲུན་དང་། སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གཙོ་ཐིག་འདི་དམ་པོར་བཟུང་ནས། རྩ་ལག་མཉམ་བཅོས་ཀྱི་ཕྱོགས་བསྡུས་ཕན་ནུས་ཐོན་པར་བྱས་ཏེ། ཏང་འདི་ཉིད་དུས་ནམ་ཡང་དུས་རབས་ཀྱི་སྔོན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱིས་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་པ། རང་སྟེང་ནས་གསར་བརྗེ་བྱེད་ཕོད་པ། ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ཐེག་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་དུ་འགྱུར་བར་ཁག་ཐེག་བྱ་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། ང་ཚོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་པ་མི་འདང་བའི་གནད་དོན་འདི་ལ་དམ་དུ་དམིགས་ནས། ང་ཚོའི་ཏང་གི་ལོ་རྒྱུས་སྟེང་གི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་རྒྱུན་འཁྱོངས་དང་དར་སྤེལ་བྱས་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆོས་ཉིད་ལ་ངོས་འཛིན་ཟབ་མོ་བྱས་ཤིང་། ཉམས་མྱོང་གསར་པ་གསར་སྐྲུན་བྱས་པས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་ཕན་འབྲས་མངོན་གསལ་ཐོབ། གྲུབ་འབྲས་ནི་ཐོབ་དཀའ་བ་དང་ཉམས་མྱོང་ནི་རྩ་ཆེ་བས། ང་ཚོས་ཡུན་རིང་བོར་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་ཟབ་སྤེལ་བྱེད་དགོས། གཅིག་ནི་བསམ་བློའི་ཏང་འཛུགས་དང་ལམ་ལུགས་ཏང་འཛུགས་གཉིས་གཅིག་གྱུར་བྱེད་དགོས། གཉིས་ནི་འགན་འཁྲིའི་ཁྲིས་སྟོན་དང་གནད་དོན་ཁྲིད་ཕྱོགས་གཉིས་གཅིག་གྱུར་བྱེད་དགོས། གསུམ་ནི་གནད་འགག་གི་ཉུང་ཤོས་འཛིན་པ་དང་མང་ཆེ་ཤོས་ལ་དོ་དམ་བྱེད་པ་གཉིས་གཅིག་གྱུར་བྱེད་དགོས། བཞི་ནི་དབང་ཆ་ལག་བསྟར་བྱེད་པ་དང་ཁག་ཁུར་འགན་ལེན་བྱེད་པ་གཉིས་གཅིག་གྱུར་བྱེད་དགོས། ལྔ་ནི་དོ་དམ་ནན་མོ་བྱེད་པ་དང་ཐུགས་ཁུར་ཡིད་ཆེས་བྱེད་པ་གཉིས་གཅིག་གྱུར་བྱེད་དགོས། དྲུག་ནི་ཏང་ནང་གི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་གཉིས་གཅིག་གྱུར་བྱ་དགོས།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་དང་གཡོ་འགུལ་སྤུ་ཙམ་ཡང་མེད་པར་བྱེད་དགོས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱས་ཏེ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་བྱེད་དགོས། སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། སྒྲིག་ཁྲིམས་དམ་པོས་ཏང་ཡོངས་ལ་དོ་དམ་དང་ཏང་ཡོངས་བཅོས་སྐྱོང་བྱེད་དགོས། རྩ་ལག་མཉམ་བཅོས་ཟབ་སྤེལ་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་དགོས།
        ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་འགྲེངས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་རྒྱས་བཤད་ཟབ་མོ་བྱས་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་པའི་ཉམས་མྱོང་གལ་ཆེན་སྔར་ལས་སྤྱི་སྡོམ་བྱས་ཡོད་ལ། ཏང་གི་མདུན་དུ་ལྷགས་པའི་ཉེན་ཁ་དང་འགྲན་རྩོད་ལ་དབྱེ་ཞིབ་ཟབ་མོ་བྱས་ཡོད་པ་དང་། དེང་སྐབས་ཀྱི་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་བཏོན་ཡོད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དེར་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པར་བྱེད་པ། བསམ་བློའི་གོ་རྟོགས་གཅིག་གྱུར་བྱེད་པ། འགན་ལེན་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། བྱ་བ་དངོས་དང་འགན་ནུས་ལ་ཟུང་སྦྲེལ་དམ་པོས་ཆབ་སྲིད་ཀྱི་ལངས་གནས་དང་ཆབ་སྲིད་ཀྱི་ནུས་པ་ཇེ་མཐོར་བཏང་སྟེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་རང་བཞིན་དང་གསར་གཏོད་རང་བཞིན། ཕན་ནུས་རང་བཞིན་བཅས་དངོས་སུ་ཇེ་དྲག་ཏུ་གཏང་དགོས།།



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1