༄༅།། མགོན་པོ།

ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་ཚགས་པར། སྤེལ་དུས། 01-16


སྲིད་འདིར་བྱོན་པ་ཐོག་མའི་ལེའུ།
        རང་དོན་ལ་རང་མཁས། སྡེ་དོན་ལ་དཔོན་མཁས། ཞེས་པ་ལྟར། མི་ཡུལ་གྱི་ལུང་པར་རིང་ལ་ཐུང་བའི་མི་ཚེ་འདི་སྐྱེལ་དུས། རང་གི་ལས་སུ་བབས་པའི་ལམ་བུ་དེར་ཀྱག་ཀྱོག་དང་དཀའ་ཚེགས་ཇི་འདྲ་ཆེ་རུང་། སྤོབས་པས་བགྲོད་ཅིང་ནན་གྱིས་འཇུག་ཤེས་པ་དགོས་ཏེ། མི་སུ་ཡིན་རུང་རང་ཉིད་ཀྱི་སང་ཉིན་ནི་ག་འདྲ་ཞིག་ཡིན་པ་ཚོར་མི་ནུས་ལ། དེ་བས་ཀྱང་མི་ཚེ་ནི་དེ་འདྲའི་གེགས་མེད་བདེ་ལྡན་ཞིག་མིན་པར། ལན་རེར་སྡུག་གི་བུ་ཡུག་རྒོད་ཅིང་། སྐབས་རེར་སྐྱིད་པའི་དཔལ་ཡང་འཆར་ངེས་པས། ང་ཚོ་སུ་ཡང་སྐྱིད་ཀྱི་མགོ་བོ་མི་མཐོ་བ་དང་སྡུག་གི་མགོ་བོ་མི་དམའ་བ་ཞིག་དགོས། འདི་ལ་དཔེ་ལེགས་པོ་ཞིག་ཡོད་པ་ནི་སྐུ་ཞབས་མགོན་པོའི་ངོ་མཚར་བའི་མི་ཚེ་རེད་དེ། ཁོ་བོ་ནི། 1953ལོར་རྔ་བ་ཁུལ་ཧུང་ཡོན་རྫོང་ཟངས་དཀར་སྨད་མའི་འབྲོག་ཁྱིམ་དབུལ་བོ་ཞིག་ཏུ་སྐྱེས་ཤིང་། མིང་སྲིང་བརྒྱད་ཡོད་པའི་གཉིས་པ་དེ་ཡིན། ལོ་ན་ཆུང་དུས་ནས་སློབ་སྦྱོང་གི་བསྐལ་བ་བྱུང་སྟེ་ཤེས་རིག་གི་གནས་སུ་འཇུག་པར་བྱས། དེ་དུས་ཁོ་བོ་བྱིས་པ་གཞན་དག་དང་མི་འདྲ་བར། སློབ་གསེང་གི་དུས་སུ་ཕ་མར་བུད་ཤིང་འཐུ་བ་སོགས་ཀྱི་རོགས་བྱས་ཏེ་གོམས་གཤིས་སུ་འཇགས་པར་བྱས་ཡོད།
ལས་ཀྱིས་བསྐོས་པ་སྡུག་གི་ལེའུ།
        1966ལོར། མགོན་པོ་སློབ་ཆུང་གི་ལོ་རིམ་བཞི་བར་སླེབས་མོད། དུས་ཀྱི་འགྱུར་ལྡོག་ཞིག་སྟེ། རིག་གསར་གྱི་དུས་འགྱུར་གྱིས་ཁོ་བོའི་སློབ་སྦྱོང་གི་འཚོ་བ་མེད་པར་བཟོས་ནས། བུད་ཤིང་འཐུ་བ་དང་ཕྱུགས་འཚོ་བ་སོགས་ལུས་ཤུགས་ངལ་རྩོལ་ཚད་ལས་འདས་པ་ཞིག་མྱང་བར་བྱས་ཏེ། ཁོ་རང་རིམ་གྱིས་ཁྱིམ་གྱི་འཚོ་བའི་རྟེན་གཙོ་བོར་ཆགས། ཡིན་ཡང་། ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པ་ལྟར། 1981ལོར། ཁོ་བོར་ཐེག་པར་དཀའ་བའི་དོན་དེ། ཡ་ཐོད་ཀྱི་མིག་ཟུང་ལ་རྨས་ཤོར་བས་ཁྱིམ་རྒྱུ་ཁྱིམ་ནས་བཏོན། ཕྱི་རྒྱུ་སྒོ་ནས་ཕུད་དེ་སྨན་བཅོས་ཅི་ལྟར་བྱས་ཀྱང་ཕན་ཏིལ་འབྲུ་ཙམ་ཡང་མ་ཐོགས་པར། མཐར་འཇིག་རྟེན་གྱི་དཀར་ངོགས་མཐོང་མི་ནུས་པར་གྱུར། 
རང་གིས་བསྐྲུན་པའི་འབད་པའི་ལེའུ།
        མིག་གཉིས་ཀྱི་ནུས་པ་བོར་བའི་མགོན་པོས་ནི་འཇིག་རྟེན་གྱི་ཁམས་འདིར་རང་ཉིད་ཀྱི་མགོན་དུ་རང་ཉིད་གཅིག་པུ་ལས་མེད་པར་ངེས་ཤེས་རྙེད་དེ། ཁོ་བོ་རང་གི་དགའ་ཁ་འཁྱེར་ཕྱོགས་ལྟར། གླུ་དབྱངས་དང་རྩོམ་རིག་གི་ཕྱོགས་སུ་འབད་པས་ཞུགས་ཀྱང་། འབྲས་བུ་བློ་ཡིད་འཚིམ་པ་ཞིག་མ་བྱུང་སྟབས། རང་གི་ལམ་བུ་འདི་ནི་ངལ་བ་འབྲས་མེད་ཀྱི་དཔེ་ལས་མ་འདས་པར་སེམས་ཏེ། འཚོལ་སྙེག་གི་ལམ་བུ་གཞན་ཞིག་ཏུ་བུད།   
        དེ་ནས་ཁོ་བོས་སྟེགས་ལྒང་གཉིས་ཉོས་སྟེ་ཡོང་འབབ་རེག་ཐབས་བྱས། དགའ་འོས་པ་ཞིག་ལ། ཁོ་བས་གདམས་པའི་ལམ་བུ་འདིར་འབྲས་ལེགས་པོ་སྨིན་ཏེ། རང་གི་ལྟོ་རྒྱབ་ཀྱི་གནད་དོན་ཐག་གཅོད་བྱས། ཁོས་ཉིན་རེ་བཞིན་འཚོ་ཚིས་ཀྱི་དོན་དུ་འབད་ཀྱིན་པའི་སྐབས་ཤིག་ལ་ཁྲེང་ཏུའུ་གྲོང་ཁྱེར་ནེའུ་ཧྲི་ཁུའུ་ལོང་བའི་ཕུར་མཉེད་སྨན་ཁང་གིས་རྒྱལ་ཡོངས་ནས་ཕུར་མཉེད་སློབ་མ་བསྡུ་བའི་བརྡ་ཁྱབ་ཅིག་ཐོས་པ་ན་དེར་འགྲོ་བའི་མོས་པ་འགོག་མེད་ཅིག་སྐྱེས། ཆུང་དུས་ནས་ཤེས་རིག་ལ་དགའ་ཞེན་ཆེ་ཡང་སློབ་སྦྱོང་གི་གོ་སྐབས་ཤོར་བའི་ཁོ་ལ་མཚོན་ན། དེ་ནི་རིན་ཆེན་གསེར་དངུལ་ལས་ཀྱང་རིན་ཐང་བྲལ་བས་དོགས་སྣང་ཅི་ཡང་མེད་པར་༡༩༨༩ལོའི་ཟླ་བཅུ་བར། ལོ་ན་རྒས་པའི་ཕ་མ་དང་བཟའ་མི་ཉེ་འབྲེལ་གྱི་རེ་བ་ཡིད་ལ་འཆང་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་པར་འགྲུབ་ཆེད་ལོང་བའི་ཚོགས་སྤྱི་ཞིག་ཏུ་ཞུགས་ནས་དམིགས་བསལ་སློབ་སྦྱོང་གི་མགོ་བརྩམས་པ་རེད།
        རང་ཉིད་ཀྱི་ཕུགས་བསམ་འགྲུབ་སླད་ལོ་གཉིས་ལ་བརྩོན་པ་ལྷོད་མེད་བྱས་ནས་ཕུར་མཉེད་ཀྱི་ལག་རྩལ་སྦྱང་ན་ཡང་ཆེད་ལས་ཀྱི་ཚད་ཐིག་ཏུ་བསླེབ་དགོས་ན་ད་དུང་མུ་མཐུད་དུ་འབད་པ་ལྡབ་འགྱུར་བྱེད་དགོས་པས། སློབ་མཐར་ཕྱིན་རྗེས་སློབ་གྲྭའི་གདན་ཞུས་ལྟར་ཕྱིར་སློབ་གྲྭར་སོང་ནས་དགེ་རྒན་བྱས་ཏེ། རང་ཉིད་ཀྱི་འཚོ་བ་འོད་དང་ལྡན་པར་བཟོས། 
ལོང་ཡིག་གསར་རྩོམ་གྱི་ལམ་བུ།
        སློབ་མགོ་གསར་བ་ཚུགས་པ་ན། སློབ་མ་ལྔ་ཡོད་པ་ལས་གཅིག་གིས་མ་གཏོགས་རྒྱ་སྐད་མི་ཤེས་པས། ཁོ་ཚོར་སློབ་སྦྱོང་བྱེད་པར་དཀའ་ངལ་ཆེན་པོ་ཡོད་པར་དམིགས་ཏེ། ལས་མཐུན་ལོང་བ་རྣམས་ཀྱི་ཆེད་དུ<<བོད་ཀྱི་ལོང་ཡིག>>ཅིག་རྩོམ་སྒྲིག་བྱེད་པའི་དམ་བཅའ་བཞག་པ་རེད། ཁོ་བོས་ནམ་རྒྱུན། ང་རང་བོད་ཀྱི་ལུའུ་དབྱི་སི•པུའུ་ལེ་ཨར་བྱེད་དགོས་ཞེས། རང་ལ་སྐུལ་མ་དང་དམ་བཅའ་བརྟན་པོ་བཞག་སྟེ། རང་གི་ཕ་ཡུལ་དུ་ལོག  རྒྱུ་མཚན། བོད་ཀྱི་ལོང་ཡིག་རྩོམ་སྒྲིག་བྱེད་པ་ནི། ལོང་བ་གྲངས་མེད་ཅིག་གི་ལས་དབང་ལ་ཁ་ལོ་བསྒྱུར་བྱེད་ཅིག་དང་ལོང་བ་གྲངས་མེད་ཅིག་གིས་རང་ཁ་རང་གསོ་བྱེད་ཐབས་ཀྱི་བློ་གྲོས་ཤིག་གོ།
        ལོང་ཡིག་རྩོམ་སྒྲིག་དང་དཔལ་འབྱོར་ཆ་རྐྱེན་ལ་ཕན་པའི་ཁོར་ཡུག་ཅིག་བསྐྲུན་ཆེད་རྔ་བ་ཁུལ་གྱི་འབར་ཁམས་སུ་ལས་སྒོ་གསར་གཏོད་ཀྱི་གནས་གཞི་གཏན་ལ་འཁེལ་བ་དང་། བཟའ་མི་གཉེན་ཉེ་རྣམས་ཀྱིས་རོགས་རམ་འོག་ཕུར་མཉེད་སྨན་བཅོས་ཁང་གཉེར་བ་རེད། དང་ཐོག་ཕྱོགས་གང་ཐད་ནས་དཀའ་ངལ་མང་པོར་འཕྲད་ཀྱང་སེམས་ཤུགས་ཅི་འདྲ་ཆེ་ན་མདུན་ལམ་ཡང་དེ་ལྟར་ཆེ་བ་ཞེས་པའི་གདམས་ངག་ཡིད་ལ་འཆང་ནས་ཕུར་མཉེད་ཀྱི་ལས་དོན་ལ་ཤི་འཐམ་རོ་འཐམ་བྱས་པར་མ་ཟད་གྲུབ་འབྲས་ཀྱང་ངེས་ཅན་ཐོན།
        ཁོ་བོས་ཕུར་མཉེད་ཀྱི་ལག་རྩལ་ཕྱོགས་ཀུན་ནས་ཡར་རྒྱས་སུ་འགྲོ་བཞིན་པའི་སྐབས། ལས་ཀྱི་བཀོད་སྒྲིག་ཅིག་གམ་བསོད་ནམས་ཀྱི་བགོ་སྐལ་ཞིག་གིས་ཀུན་མཚོ་ཟེར་བའི་འབྲོག་མོ་དྭངས་མ་ཞིག་དང་འཕྲད་དེ་བདེ་སྐྱིད་ཀྱི་ཁྱིམ་གཞིས་བསྐྱངས། དེ་ནས་ཕུར་མཉེད་ཀྱི་ཡོང་འབབ་ངེས་གཏན་ཡོད་པ་དང་ཆུང་མའི་རྒྱབ་སྐྱོར་འོག་ཏུ་བོད་ཀྱི་ལོང་ཡིག་གསར་རྩོམ་བྱེད་པ་དེ་ལའང་ཕན་མི་དམན་པ་ཐོགས  ཁོ་བོར་བོད་ཡིག་གི་རྨང་གཞི་ལེགས་པོ་མེད་ན་ཡང་གཞན་པའི་རོགས་རམ་དང་རང་གི་འབད་པ་ཟུང་འབྲེལ་གྱིས་བོད་ཀྱི་ལོང་ཡིག་རྩོམ་སྒྲིག་སྟེ་རང་གི་ཐོག་མའི་དམ་བཅར་གཏན་དུ་འཐབ། ལོང་ཡིག་རྩོམ་པར་ཆེས་ཆེ་བའི་དཀའ་ངལ་ནི་ཡིད་འཛིན་གྱི་ནུས་པ་ཡོད་མེད་འདི་ཡིན་པས་ཡིད་འཛིན་གྱི་ནུས་པ་ལ་སྦྱོང་བརྡར་ཡང་ཡང་བྱས། འདི་ལྟར་ལོ་ངོ་བཅུ་ཕྲག་ལྷག་གི་རིང་དུ་འབད་བརྩོན་བྱས་མཐར། ཐོག་མའི་མ་ཟིན་ཡིད་ངོར་གྲུབ་མཚམས་སུ་ཇི་ལྟར་བྱས་ནས་ཤོག་ངོས་སུ་ཕབ་དགོས་པའི་གནད་དོན་དེ་མདུན་དུ་ལྷག  དེ་ནས་ཅི་བྱ་གཏོལ་མེད་དུ་སྡོད་པའི་སྐབས་ཤིག་ལ་ལོང་བའི་རྩིས་འཁོར་མཉེན་ཆས་ཞེས་པ་ཞིག་པེ་ཅིང་ན་ཉོ་རྒྱུ་འདུག་པའི་གཏམ་བཟང་ཐོས་པས་སེམས་ལ་སྔར་མེད་ཀྱི་སྤྲོ་བ་ཞིག་རྒྱས་ནས་མཉེས་ཆས་དེ་ཉོ་ཐབས་བྱས། མཉེས་ཆས་ལག་ཏུ་སོན་རྗེས་ཁུལ་མི་དམངས་དངུལ་ཁང་གིས་རྩིས་འཁོར་རྙིང་པ་ཞིག་ཀྱང་ཞལ་འདེབས་ཀྱི་ཚུལ་དུ་ཁོ་ལ་ཕུལ། ཡིན་ཡང་། ཕྱིའི་ཆ་རྐྱེན་འཛོམས་ན་ཡང་རྩིས་འཁོར་ནི་ཁོ་ལ་མཚོན་ན་ཡང་ཆ་མེད་རྒྱུས་མེད་ཅིག་ཡིན་སྟབས་རྩིས་འཁོར་སྤྱོད་སྟངས་སོགས་ལ་སློབ་སྦྱོང་མི་བྱེད་ག་མེད་བྱུང་སྟེ། ཟླ་གཅིག་ཙམ་གྱི་རིང་སྦྱངས་མཐར་རྒྱུན་ལྡན་གྱི་མི་ལྟར་ཡི་གེ་གཏགས་ཤིང་རྩོམ་སྒྲིག་བྱས་ནས་ཉར་ཐུབ་པར་གྱུར། དེ་ནས་ཁོ་བས་རང་གི་བློ་ངོའི་ཡི་གེ་དག་གཏགས་ཏེ་ཕར་ཆེར་གཏགས་ཚར་རན་དུས་སུ། ལས་དམན་པ་ཞིག་ལ། རྩིས་འཁོར་ལ་བསྐྱར་གསོ་དཀའ་བའི་གནད་དོན་ཞིག་བྱུང་བས་ལོ་ངོ་གཅིག་རིང་གི་འབད་པའི་འབྲས་བུ་གར་སོང་ཆ་མེད་དུ་གྱུར། དེ་ནས་ཆུང་མར་བསགས་དངུལ་ཡོད་པ་ལས་རྩིས་འཁོར་གསར་བ་ཞིག་ཉོས་ནས་ཡང་བསྐྱར་ལས་ཀ་བསྒྲུབ་མགོ་བརྩམ།
        བོད་ཀྱི་ལོང་ཡིག་གསར་རྩོམ་གྱི་ལོ་ངོ་ཉི་ཤུ་ལྷག་གི་བརྒྱུད་རིམ་ཁྲོད་དུ་རང་གི་འབད་པས་གཙོ་བྱས་ཏེ། བོད་ཀྱི་ན་གཞོན་ཤེས་ཡོན་པ་མང་པོའི་རོགས་རམ་དང་རྒྱབ་སྐྱོར་འོག་ནས་བོད་ཀྱི་ཆེས་ཐོག་མའི་ལོང་ཡིག་ལེགས་པར་གྲུབ། བོད་ཀྱི་ལོང་ཡིག་གསར་རྩོམ་གནང་བ་འདིས་མིག་ཤེས་ཀྱི་ནུས་པ་ཤོར་བའི་བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་གི་ཚེ་སྲོག་ལ་བཀྲག་མདངས་དང་གསོན་ཤུགས་བསྩལ་བ་ཡིན་པས། བསྐལ་པ་མ་འཇིག་བར་དུ་དགེ་བའི་ལྷག་བསམ་དཀར་པོ་གནས་པར་འགྱུར་རོ།།
ལོང་ཡིག་བརྒྱུད་སྤེལ་གྱི་ལས་རྐང་།
        ཁོ་བོས་རང་གི་འབད་པའི་འབྲས་སུ་སྨིན་པའི་ལོང་ཡིག་འདི། རང་ཉིད་ཁོ་ནས་ཤེས་པས་མ་མགུ་བར་བོད་ཀྱི་གཞོན་སྐྱེས་ལོང་བ་ཀུན་གྱིས་ངེས་ཤིང་བཀོལ་ནུས་པར་འགྱུར་བའི་སྨོན་པ་དང་ལྷག་བསམ་གྱིས་ཁོ་བོས་ལོང་ཡིག་སློབ་འཁྲིད་བྱེད་བཞིན་ཡོད་དེ། 2013ལོར་ཁོ་བོས་ཆེས་ཐོག་མའི་སློབ་མ་ལྔ་བསྡུ་ལེན་ནས་ལོང་ཡིག་སློབ་འཁྲིད་བྱས། སློབ་འཁྲིད་བྱ་དུས་ཁོ་བོས་ལོང་ཡིག་ལ་དངོས་སྤྱོད་ལོང་ཡིག་དང་ཆ་འཇུག་ལོང་ཡིག་གཉིས་ཡོད་པ་བསྒྲགས་ཏེ་སློབ་འཁྲིད་བྱེད་བཞིན་ཡོད།  ཁོ་བོས་དུས་ཡུན་ལོ་ངོ་གཉིས་རེ་ནས་སློབ་མ་རེ་འགའ་བསྡུ་ལེན་བྱས་ཏེ་ལོང་ཡིག་འདི་བོད་ཀྱི་ལོང་བ་ཀུན་གྱི་ཁམས་མོས་སུ་འགྲོ་ཅི་ནུས་བྱེད་བཞིན་ཡོད།
        ཁོ་བོས་བཤད་རྒྱུར། ལོང་ཡིག་སློབ་འཁྲིད་བྱེད་པ་ནི་སྤྱིར་བཏང་གི་སློབ་འཁྲིད་ལས་རྡབ་ཁྲི་ཕྲག་གིས་དཀའ་མི་རེད་ཟེར། དེ་ཡང་ལོས་ཡིན་ཏེ། ང་ཚོའི་སྤྱིར་བཏང་གི་མིའམ་རྒྱུན་ལྡན་གྱི་མིས་དབང་བོ་ཡོངས་སུ་ཚང་བའི་མིར་སློབ་འཁྲིད་བྱེད་པ་དེའང་དཀའ་སྡུག་གིས་ཀུན་ནས་གནར་ཡོང་བས། ལོང་བས་ལོང་བར་ལོང་ཡིག་འཁྲིད་རྒྱུ་འདི་སྨྲོས་ཅི་ལ་དགོས། དེ་མིན་ཁོ་བོས་བོད་ཀྱི་ལོང་བས་རང་གི་ལོང་ཡིག་གི་ལམ་ནས་རྒྱལ་ཁབ་ཀྱི་ཚད་ལྡན་ལག་རྟགས་སོགས་ལེན་པར་བརྩོན་བཞིན་ཡོད་ཟེར། དེ་བས་ང་ཚོས་རླབས་ཆེན་གྱི་སྐྱེས་བའི་ཁོང་གི་བྱས་རྗེས་དང་སྙིང་སྟོབས་ལ་རྗེས་སུ་ཡི་རིང་དང་ལྷག་བསམ་གཙང་མའི་ལས་གནས་འདིའི་ངོ་སོ་ཡར་ལ་བསྟོད་དོ། །
ལོང་བའི་ཐུན་མིན་གྱི་ཕུགས་འདུན།
        ཐོག་མིའི་ཀུན་སློང་ལ་བློ་བརྟན་ཞུམ་མེད་ཀྱིས་འཐབ་སྟེ། མཐར་འབྲས་བུ་ཕུན་སུམ་ཚོགས་པ་ལོན་པའི་ལོང་བ་མགོན་པོས། བོད་ཀྱི་ལོང་བ་དང་ལོང་ཡིག་ལ་ལས་དབང་གསར་བ་རེ་རེག་ཕྱིར། ཁོ་བོས་བོད་ཀྱི་ཡུལ་འདི་ནས་བོད་རང་གི་ལོང་བའི་སློབ་གྲྭ་ཞིག་འཛུགས་པར་འབད་ཀྱིན་འདུག  འདི་ཡང་བོད་ཀྱི་ཡུལ་ན་མིག་ཤེས་ཀྱི་ནུས་པ་ཤོར་བའི་བེད་མེད་ཀྱི་བོད་ཕྲུག་གང་མང་ཞིག་གི་ལས་དབང་ལ་ལམ་བུ་གསར་བ་ཞིག་དང་། འཚོ་བར་འོད་མདངས་ཐུན་མིན་བ་རྩོལ་བའི་ལྷག་བསམ་གཙང་མ་དེ་ཡིན་པས། ང་ཚོས་ཀྱང་ལོང་བ་འདིའི་ལྷག་བསམ་གྱི་རྒྱུ་རུ་འདོད་འདུན་གྱི་འབྲས་བུ་སྨིན་པར་རོགས་འདེགས་དང་ནུས་པ་གང་ཡོད་ཀྱིས་བརྒྱབ་སྐྱོར་བྱ་འོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1