༄༅།། རྙིང་མའི་གདན་ས་ཆེན་མོ་གནས་མཆོག་དཔལ་ཡུལ། གཉིས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-16


ཁམས་ཧོར་ལག་ཤེས་བཟོ་ལས་ཀྱི་ཕ་ས།
བཟོ་བོ་ཡབ་སྲས་རྣམ་བཞི་ཡི་འཁྲུངས་ཡུལ།
ཀརྨ་སྒར་ལུགས་དང་སྨན་གསར་ལུགས་ཀྱི་ཐང་ག་འབྲི་བར་མངའ་དབང་འབྱོར་བའི་ཁམས་ཧོར་པོའི་བཟོ་བོ་ཡབ་སྲས་བཞི།
        བོད་ཀྱི་སྲོལ་རྒྱུན་རི་མོའི་རྒྱུད་འཛིན་པ་སྒང་ཞོང་སྐལ་བཟང་ནི། རབ་བྱུང་བཅུ་དྲུག་པའི་ས་སྤྲེལ་ལོ། སྤྱི་ལོ་1968ལོའི་བོད་ཟླ་12པའི་9ཉིན། ཁམས་དཔལ་ཡུལ་ཧོར་པོ་པད་ལྷུང་གྲོང་གི་ཁྱིམ་ཚང་ཕལ་པ་ཞིག་ཏུ་སྐྱེས། ཡབ་སྤྲུལ་པའི་བཟོ་བོ་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་བཟོ་རྒྱལ་འོ་སེ་ཀརྨ་མཆོག་ཡིན་ལ། ཁོང་ལོ་ངོ་བཅུ་ལ་སོན་རྗེས་རིག་པའི་གནས་སྤྱི་དང་ལྷག་ཏུ་བོད་ཀྱི་བཟོ་རིག་པ་ལས་རི་མོ་དང་ལྷ་འབག་བཟོ་རྒྱུ་སོགས་ལ་མཁས་ཤིང་། ཁོང་གིས་ཆོ་ག་ཕྱག་ལེན་དང་བསྐྱེད་རྫོགས་ཀྱི་དོན་ཁོང་དུ་ཆུད་པ་མཁས་བཙུན་བཟང་གསུམ་གྱི་བདག་ཉིད་ཆེན་པོ་ཀཿཐོག་བླ་མ་བསྟན་འཛིན་གྱི་སྐུ་མདུན་ནས་བོད་ཡིག་འབྲི་ཀློག་གཉིས་ལ་བྱང་ཆུབ་པར་བསླབས་པ་དང་། ཞལ་འདོན་རྒྱུན་ཁྱེར་སོགས་བློ་ལ་བཟུང་ཞོར་དུ་ལྷ་བཟོའི་ཐིག་ཚད་སྐོར་ལ་བསླབས། སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པ་བླངས་ཏེ་སེར་ཁྱིམ་པའི་གྲལ་དུ་ཞུགས། དེའི་རྗེས་བོད་ཀྱི་རི་མོ་བསླབ་པར་འདོད་ནས་གྲོང་དེའི་བླ་མ་རིག་པའི་གནས་ཐམས་ཅད་ལ་མཁྱེན་རྒྱ་ཆེ་ཞིང་ལྷག་ཏུ་བོད་ཀྱི་གསོ་བ་རིག་པ་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རི་མོའི་འབྲི་སྲོལ་སྣ་ཚོགས་པ་ཞིག་ཡོད་པའི་ནང་ནས་སྨན་གསར་ལུགས་ཀྱི་རི་མོ་ལ་ཤིན་ཏུ་མཁས་པའི་ཁ་སར་བླ་མ་བསོད་ནམས་སྟོབས་ཆེན་གྱི་དྲུང་དུ་ལོ་ངོ་གཉིས་ལྷག་ཙམ་གྱི་ཡུན་ལ་རི་མོར་སྦྱངས་པ་མི་དམན་པ་མཛད།
        ཀཿཐོག་དགོན་དུ་བསྟན་པའི་བདག་པོ་རྒྱལ་བ་ཀཿཐོག་པའི་བསྟན་པའི་གསལ་བྱེད་དམ་མཁན་རྒན་རྒྱལ་མཚན་འོད་ཟེར་དང་བཟོ་རྒྱལ་འོ་སེ་ཀརྨ། མཁན་པོ་འཇམ་དབྱངས་རྒྱལ་མཚན། སྤྲུལ་པའི་ལྷ་བཟོ་ཐང་བླ་ཚེ་དབང་གི་སློབ་མ་རྡོ་བྲག་དཀོན་མཆོག་དང་ཁང་སར་འཆི་མེད་རྣམ་གཉིས་སོགས་སློབ་དཔོན་མང་དུ་བསྟེན་པ་དང་ཁོང་གི་མི་ཚེའི་ཁྲོད་དུ་དགོན་སྡེ་དང་བླ་སྤྲུལ་སྤྱི་སྒེར་མང་པོ་ལ་ཐང་ག་དང་ལྷ་སྐུ་སྤྱན་འབྱེད་འདུ་ཁང་ལ་ཚོན་བྱུག་པ་སོགས་ཀྱི་ལས་དོན་མང་པོ་བསྒྲུབས་ཟིན་ལ། དེང་རབས་འཛམ་གླིང་བཟོ་རིག་སྒྱུ་རྩལ་གྱི་ཁྲོད་དུ་ནང་བསྟན་སྲོལ་རྒྱུན་གྱི་རི་མོའི་སྒྱུ་རྩལ་ཕྱོགས་ལ་གོམ་ཁ་བསྐྱོད་དགོས་པར་མཐོང་སྟེ། སླད་ནས་ཀྱང་ལས་ཀའི་ཁ་ཕྱོགས་དང་དམིགས་འདུན་གཙོ་བོ་ནི་དཔལ་འབྱོར་ཁོ་ནའི་ཆེད་དུ་མ་ཡིན་པར་དོན་གཉེར་ཅན་གྱི་སློབ་མ་སོགས་སྐྱོང་དང་། སྒར་བྲིས་དང་སྨན་གསར་རང་ལུགས་མ་འདྲིས་པར་རྒྱུད་འཛིན་དར་སྤེལ་བྱས་དང་བྱེད་མུས་སུ་བཞུགས་སོ། །
ལྷ་རིས་པ་གྲགས་ཅན་འོ་སེ་ཀརྨའི་ཕྱག་བྲིས།
        ཀརྨ་སྒར་རིས་ཀྱི་རྒྱུད་འཛིན་ལྷ་རིས་པ་དཀོན་མཆོག་དཔལ་བཟང་ནི་སྒང་ཞོང་སྐལ་བཟང་མཆོག་གི་གདུང་སྲས་འབྲིང་བ་ཡིན་ལ། སྤྱི་ལོ་1994ལོའི་ཟླ་7པའི་ཚེས་2ཉིན་སྐུ་འཁྲུངས། ཆུང་དུས་ནས་ཡབ་ཀྱི་མདུན་དུ་ཀློག་འདོན་དང་རི་མོར་སྦྱངས་ཤིང་། ནར་སོན་རྗེས་སུ་མཁན་པོ་འཆི་མེད་ཚེ་རིང་གི་དྲུང་དུ་བྲིས་གཟུགས་དང་བློ་སྦྱོང་སྐོར་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་དང་རྒྱལ་སྲས་ལག་ལེན་རྣམས་ལ་ཚུལ་བཞིན་དུ་བསླབས། དེ་ནས་ཐང་བླ་ཚེ་དབང་གི་དངོས་སློབ་ཀརྨ་སྒར་བྲིས་ལ་ཤིན་ཏུ་མཁས་པ་རྡོ་བྲག་དཀོན་མཆོག་དང་ཁང་སར་འཆི་མེད་གཉིས་རེས་མོས་ཀྱི་ཚུལ་དུ་བསྟེན་ཏེ་ལོ་མང་པོའི་རིང་ལ་ཀརྨ་སྒར་རིས་ལུགས་ཀྱི་ཐང་ག་བཞེངས་སྟངས་དང་ལྷ་བཟོའི་ཐིག་ཚད་སྐོར་ལ་སློབ་སྦྱོང་གནང་ཞིང་། དེ་རྗེས་སུ་སློབ་དཔོན་རྣམ་གཉིས་ལ་བསྟེན་ཞོར་དུ་ཐང་ག་རྒྱས་བསྡུས་མང་པོ་བཞེངས་ལ་ཁོང་རྣམ་གཉིས་ཀྱིས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་རིམ་པར་འཐོར། དེ་ནས་རང་ཡུལ་ལ་ལོག་སྟེ་ཐང་ག་དང་དཔེ་ཆའི་དབུ་ལྷ་བཞེངས་པ་དང་། གཞན་ནམ་རྒྱུན་རྒན་དཀོན་མཆོག་དང་མཉམ་དུ་ཐང་ཀ་བཞེངས་བཞིན་ཡོད། མདོ་དབུས་ཁམས་གསུམ་གྱི་ལྷ་རིས་པ་མང་པོའི་དྲུང་དུ་སོང་སྟེ་རང་གིས་བྲིས་པའི་ཐང་ག་དང་རི་མོ་རྣམས་ལ་དཔྱད་བརྗོད་དང་རེ་སྐུལ་གནང་བའི་ཉམས་མྱོང་གི་བསླབ་བྱ་གང་མང་གསན་ཞིང་ཤེས་བྱ་ཡོན་ཏན་གྱིས་ཕྱུག་པར་བྱས་པས། ད་ལྟ་ཁོང་གི་མཚན་སྙན་རིམ་གྱིས་རྒྱས་བཞིན་པའི་སྒང་ཡིན་ནོ། །
འོ་སེ་ཀརྨའི་རྒྱུན་འཛིན་ལྷ་བྲིས་པ།
        ལྷ་རིས་ཕུན་ཚོགས་རབ་རྒྱས་ནི་སྤྱི་ལོ་1993ལོའི་སྤྱི་ཟླ་3པའི་ཚེས་9ཉིན་སྐུ་འཁྲུངས་ཤིང་། ལྷ་རིས་པ་ཆེན་མོ་སྒང་ཞོང་སྐལ་བཟང་གི་སྲས་ཡིན། ཆུང་དུས་ནས་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་བསླབ་མགོ་བཙུགས་ཏེ། བོད་ཀྱི་ལྷ་རིས་པ་འོ་སེ་ཀརྨ་མཆོག་དང་ཁ་སར་བླ་མ་བསོད་ནམས་སྟོབས་ཆེན་གཉིས་སློབ་དཔོན་དུ་དུས་ཡུན་རིང་པོར་བསྟེན་ནས་ཐང་ག་བཞེངས་སྟངས་དང་། སྨན་གསར་གྱི་རི་མོར་སྦྱོང་པ་གནང་། ཕུན་ཚོགས་རབ་རྒྱས་ཁོང་ཉིད་བུ་གསུམ་གྱི་ནང་གི་ཆེ་བ་ཡིན་ཞིང་ཆུང་དུས་ནས་དཀའ་སྤྱད་སྙིང་རུས་ཆེ་བས་ཐང་ག་བཞེངས་རྩལ་ཐད་ལ་མཐོང་རྒྱ་དང་ཤེས་རྒྱ་མི་དམན་པ་ཡོད་ལ། དེ་ནས་བཟོ་རྒྱལ་ཐང་བླ་ཚེ་དབང་གི་དངོས་སློབ་ཀརྨ་སྒར་རིས་པ་ཚེ་དབང་རྒྱ་མཚོའི་མདུན་ནས་ཟླ་ཤས་རིང་སྒར་རིས་ལ་སྦྱོང་པ་བྱས་ཤིང་། དེ་མཚུངས་སུ་ཀརྨ་སྒར་རིས་པ་ཁང་སར་འཆི་མེད་སློབ་དཔོན་དུ་བསྟེན་ནས་བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆོད་པའི་ཀརྨ་སྒར་བྲིས་ལུགས་ལ་ལོ་ངོ་བཞིའི་རིང་འབད་པ་དྲག་པོའི་སྒོ་ནས་ཚུལ་བཞིན་དུ་སྦྱངས་པ་གནང་སྟེ། ཀརྨ་སྒར་རིས་དང་སྨན་གསར་ལུགས་ཀྱི་རི་མོ་གཉིས་ཀ་འབྲི་ཐུབ་པར་བྱུང་ཡོད་ལ། ཐང་ག་བཞེངས་རྒྱུ་གཙོ་བོ་ཀརྨ་སྒར་རིས་ཡིན་ཞིང་ད་སྔོན་བོད་ཀྱི་བླ་སྤྲུལ་མང་པོར་ཐང་ག་དང་དཔེ་ཆའི་དབུ་ལྷ་སོགས་མང་པོར་བྲིས་པར་ཀུན་ཀྱང་དགྱེས་པའི་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བཞིན་ཡོད། །
        ལྷ་རིས་པ་འཆི་མེད་རྡོ་རྗེ་ནི་སྤྱི་ལོ་1998ལོའི་སྤྱི་ཟླ་9པའི་ཚེས་9ཉིན་སྐྱེས་ཤིང་། སྒང་ཞོང་སྐལ་བཟང་གི་བུ་ཆུང་བ་ཡིན་ཞིང་། ཆུང་དུས་ནས་རིག་པའི་གནས་ལ་དགའ་བས་བོད་ཀྱི་རིག་གནས་ཀུན་གྱི་གཞི་རྟེན་བོད་ཡིག་འབྲི་ཀློག་ལ་བསླབ་མགོ་བརྩམས་པ་དང་། གཞུང་གི་སློབ་གྲྭར་དུས་ཡུན་ངེས་ཅན་སོང་ལ་སོང་ནས་སྐད་བརྡ་རིག་པ་སོགས་ལ་སྦྱངས་པ་བྱས་མཐར་རང་གི་ཡབ་ཀྱི་མདུན་དུ་བོད་ཀྱི་རི་མོའི་ལག་རྩལ་ལ་སྦྱོང་མགོ་བརྩམས་པ་དང་། གནའ་བོའི་བོད་ཀྱི་སྲོལ་རྒྱུན་རི་མོ་དང་། དེང་རབས་ཀྱི་གསར་རིས་རྣམས་ལས་ལེགས་ཆ་བླངས་ཏེ། གནའ་དེང་ཟུང་འབྲེལ་གྱིས་འབྲི་བའི་བོད་ཀྱི་ལྷ་རིས་པ་གྲགས་ཅན་ལེགས་སྨོན་ལགས་དགེ་རྒན་དུ་བསྙེན་ནས་གནའ་དེང་གི་རི་མོའི་ལག་རྩལ་ཀུན་ལ་སློབ་བཞིན་པ་ལགས་ལ། ཁོང་གིས་མ་འོངས་པར་ཁོ་རང་གི་རིག་གནས་གང་ཤེས་པ་དེས་རང་རིགས་ཀྱི་རི་མོའི་སྒྱུ་རྩལ་གྱི་སྟོང་ཆ་ཁ་སྐོང་དང་། སྲོལ་རྒྱུན་རི་མོ་མི་ཉམས་རྒྱུན་འཛིན་ལ་ནུས་པ་བླ་ལྷག་ཅིག་བཏོན་ནས་རིག་གནས་དང་མི་རིགས་ལ་སྲི་ཞུ་བསྒྲུབ་པར་བརྩོན་བཞིན་མཆིས། །
གཟབ་ནན་གྱིས་ཚོན་མདངས་བྱེད་བཞིན་པ།
        ཁོང་ཚོས་གསུངས་ན་བོད་ཀྱི་རིག་གནས་ཆེ་བ་ལྔའི་ནང་གསེས་བཟོ་རིག་པའི་ཡ་གྱལ་ལྷ་ཡི་གཟུགས་རིས་འབྲི་བའི་ལག་རྩལ་འདི་ནི་ཐོག་མར་བོད་ཀྱི་མེས་པོ་རྣམས་ཀྱིས་སྲོལ་གཏོད་གནང་ཞིང་། མདོ་དབུས་མཐོ་སྒང་གི་རིག་གནས་ཁྱད་ཆོས་ལྡན་པ་ཞིག་ཡིན་ལ། དེ་ནས་བོད་བཙན་པོའི་སྐབས་སུ་ཧི་མ་ལ་ཡའི་མི་རིགས་གཞན་གྱི་རིག་གནས་དང་འབྲེལ་བའི་དབང་གིས། བལ་རིས་ལུགས་དང་། བོད་སིལ་བུའི་སྐབས་སུ་ཇོ་བོ་བཀའ་གདམས་པའི་མཁས་པ་རྣམས་ཀྱིས་བལ་ལུགས་རི་མོ་དར་ཁྱབ་ཆེན་པོ་བཏངས་ནས། ཐང་ཀ་བྲིས་པ་དང་། དཔེ་ཆའི་དབུ་ལྷ་བྲིས་པ་མང་པོ་ད་ལྟའང་མཐོང་རྒྱུ་ཡོད། དེ་མཚུངས་སུ་བོད་རང་གི་གནའ་རབས་ཀྱི་རི་མོའི་ལུགས་སྲོལ་རྣམས་རྒྱུན་འཁྱོངས་དང་དར་སྤེལ་བྱས་པས། སྨན་ཐང་གསར་རྙིང་དང་། མཁྱེན་ལུགས། བྱེའུ་སྒང་པའི་ལུགས། ཁམས་བྲིས། སྨན་གསར། ཀརྨ་སྒར་བྲིས་གསར་རྙིང་། རྗེ་བཅུ་པའི་ལུགས་བཅས་ཡོང་གྲགས་སུ་ལུགས་བརྒྱད་ཙམ་བྱུང་ཡོད་མོད། བོད་ཀྱི་ཐུན་མོང་མ་ཡིན་པའི་རི་མོ་འབྲི་སྲོལ་བརྒྱད་ཀྱི་ནང་གི་སྐད་གྲགས་ཆེ་ཤོས་ནི་ཀརྨ་སྒར་རིས་དེ་ཡིན་ལ། འདི་ཐོག་མར་སྲོལ་གཏོད་མཁན་ནི་༧རྗེ་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་དངོས་སློབ་ཡར་བཏོད་ནམ་མཁའ་བཀྲ་ཤིས་ཡིན། དེ་རྗེས་སུ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེས་དར་ཁྱབ་ཆེན་པོ་གནང་ཡོད་ལ་དེ་རིམ་པ་བཞིན་སློབ་མ་རྣམས་ཀྱིས་མི་ཉམས་རྒྱུན་འཛིན་དང་ཡོད་པ་དར་སྤེལ་མུ་མཐུད་དུ་གནང་ཡོད། དེ་མཚུངས་སུ་ང་ཚོས་ཀྱང་སྒར་རིས་རྒྱུན་འཛིན་ཆེད་དུ་ཐང་ག་སོགས་སྒར་རིས་གཙོ་བོ་བཞེངས་བཞིན་ཡོད་ཅེས་ཟེར། །
(དཔལ་ཡུལ་དམངས་སྲོལ་རིག་གནས་འཚོལ་བསྡུ་ཚན་ཆུང་དང་འཇུ་རབ་གསལ།  དཔལ་ཡུལ་རྫོང་རིག་གནས་ཡུལ་སྐོར་དང་རྒྱང་བསྒྲགས་བརྙན་འཕྲིན་ཁང་བཅས་ཀྱིས་པར་དང་ཡི་གེ་མཁོ་འདོན་བྱས།)
ཛཾ་བྷ་ལའི་ཞལ་ཐང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1