གཙོ་ངོས།>> དེང་རབས་མི་སྣ།>>སྒྱུ་རྩལ་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༡ཚེས་༡༨ཉིན།

༄༅།། ལྷ་རིག་འཇམ་དབྱངས་ཉི་མ།

ཚེ་འཛིན་སྒྲོལ་དཀར་གྱིས་བྲིས། ལྷ་རིག་འཇམ་དབྱངས་ཉི་མས་པར་མཁོ་འདོན་བྱས།
བོད་ཀྱི་ལྷ་རིས་པ་ལྷ་རིག་འཇམ་དབྱངས་ཉི་མ་ལགས།
        ལྷ་རིག་འཇམ་དབྱངས་ཉི་མ། 1972ལོར་སི་ཁྲོན་དཀར་མཛེས་ཁུལ་དར་མདོ་རྫོང་ནས་སྐྱེས། 1993ལོར་སི་ཁྲོན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན། 1993ལོར་མཚོ་སྔོན་ཡུལ་ཤུལ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནང་ཕྱག་ལས་གནང་ལ་ད་ལྟ་ཡུལ་ཤུལ་ཁུལ་ལག་རྩལ་ལས་རིགས་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་ཡིན། 2011ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་པོའི་ཀྲུང་གོ་ནུབ་ཁུལ་གྱི་གྲངས་ཉུང་མི་རིགས་ན་གཞོན་རི་མོ་བ་གསོ་སྦྱོང་འཛིན་གྲྭ་ནང་ཞུགས། མིག་སྔར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་མཚོ་སྔོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི། དེ་མིན་མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྒྱུ་རྩལ་མཐུན་ཚོགས་ཀྱི་ལས་འཛིན་པ་བཅས་ཀྱི་གོ་ཐོབ་གཅིག་ལྕོགས་སུ་བཞེས་ཡོད།

གཟབ་མཆོར།

མཆོད་འབུལ།
        མི་མང་པོ་ཞིག་གིས་འཇམ་དབྱངས་ནི་སྙན་གྲགས་ཆེ་བའི་རི་མོ་བ་ཞིག་ཡིན་པ་ཤེས་ཀྱང་། རི་མོ་འབྲི་རྒྱུ་ནི་ཁོང་གི་དགའ་ཕྱོགས་ཙམ་ཡིན་པ་མ་གཏོགས་ཆེད་ལས་མིན་པར་རྒྱུས་མངའ་ཡོད་མི་སྲིད། འཇམ་དབྱངས་ཉི་མ་ནི་ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་པོ་ཡོད་པའི་བརྩོན་པ་ཅན་གྱི་བྱིས་པ་ཞིག་ཡིན། ཡིན་ནའང་ཆ་རྐྱེན་དང་གོ་སྐབས་མ་འཛོམས་པའི་དབང་གིས་བརྒྱུད་རིམ་ལྡན་པའི་སྒོ་ནས་རི་མོ་ཞིག་གཏན་ནས་སྦྱངས་མ་མྱོང་། ཁོང་དགུང་ལོ་17གྱི་སྐབས་སུ་རང་སྦྱོང་ནས་སྐྱ་བྲིས་འབྲི་འགོ་བརྩམས། རྗེས་སུ་1993ལོར་ཁོང་ཡུལ་ཤུལ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནང་ཕྱག་ལས་གནང་ནས་མུ་མཐུད་དུ་རང་ཉིད་ཀྱི་དགའ་ཕྱོགས་རྒྱུན་འཁྱོངས་བྱས་ནས་སྔ་རྗེས་སུ་དམངས་ཁྲོད་ཀྱི་དགེ་རྒན་མང་པོ་ལ་བསྟེན་མྱོང་སྟེ། ཐང་ལྷ་ཚེ་དབང་གི་སློབ་མ་ཡོན་ཏན་ཚེ་རིང་དང་ཀར་འབྲུག་གི་སློབ་མ་བློ་ཐུགས་རྗེ། དེ་མིན་ཀརྨ་སྒར་བྲིས་ཀྱི་མི་རབས་བཅོ་བརྒྱད་ཀྱི་རྒྱུན་འཛིན་པ་ཀརྨ་བདེ་ལེགས་སོགས་བོད་ཀྱི་ཐང་ག་སྒྱུ་རྩལ་ཐད་ལ་མཛད་རྗེས་བླ་ན་མེད་པ་བཞག་པའི་རྒན་རབས་ཀྱི་དགེ་རྒན་མང་པོར་བསྟེན་ནས་ཐང་ག་འབྲི་བཞེངས་ཐད་ཆུ་ཚད་མཐོན་པོར་སླེབས་ཡོད་ལ། ཁོང་གིས་རང་རྒྱལ་གྱི་སྲོལ་རྒྱུན་གྱི་རི་མོའི་འབྲི་ལུགས་དང་བོད་ཀྱི་ཐང་ག་འབྲི་ལུགས་གཉིས་ཟུང་དུ་སྦྲེལ་ནས་རང་ཉིད་ཀྱིས་གསར་གཏོད་ཀྱི་རྣམ་པ་གང་ལེགས་བྱས་ནས་ཁྱད་ཆོས་འབུར་དུ་ཐོན། ཁོང་གིས་བཞེངས་པའི་ཐང་ག་ལ་ཆེད་དུ་མི་རྣམས་ཀྱི་གདེང་འཇོག་མཐོན་པོ་ཐོབ་པ་མ་ཟད་རྒྱལ་སྤྱི་དང་རྒྱལ་ཡོངས་ཀྱི་བྱ་དགའ་མང་པོ་ཐོབ་མྱོང་། 2012ལོར་བརྩམས་ཆོས《སྨོན་འདེབས།》ལ་སྐབས་དང་པོའི་གྲངས་ཉུང་མི་རིགས་ཀྱི་ཧང་ཀྲོའོ་མཛེས་རྩལ་གྱི་བྱ་དགའ་ཐོབ། 2013ལོར་བརྩམས་ཆོས་《ཤཱཀྱ་མུ་ནེ།》ལ་སི་ཁྲོན་ཞིང་ཆེན་ཀརྨ་པཀྵི་ཐང་ག་འགྲན་བསྡུར་ནང་དུ་ཨང་གསུམ་པའི་བྱ་དགའ་ཐོབ། 2013ལོར་བརྩམས་ཆོས《ཡུམ་བུ་བླ་སྒང་།》ལ་སྐབས་གཉིས་པའི་འཆམ་མཐུན་མཛེས་ལྡན་ཅན་གྱི་བོད་ལྗོངས་མཛེས་རྩལ་འགྲན་བསྡུར་གྱི་ཟངས་ཀྱི་རྟགས་མ་ཐོབ། 2014ལོར་བརྩམས་ཆོས《སངས་རྒྱས》ལ་སྐབས་དང་པོའི་བོད་ལྗོངས་རྒྱལ་སྤྱིའི་ཐང་ག་སྒྱུ་རྩལ་འགྲེམ་སྟོན་ནང་བདམས། 2014ལོར་བརྩམས་ཆོས《སྨོན་འདེབས།》ཀྲུང་གོ་རྒྱལ་སྤྱིའི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་རྣམས་འཇར་པན་ཏུ་ཕེབས་པའི་རིག་གནས་སྤེལ་རེས་འགྲེམ་སྟོན་བརྩམས་ཆོས་ཁག་ནང་བདམས། དུས་མཚུངས་སུ་ཁོང་གི་བརྩམས་ཆོས་གང་མང་ཞིག་རྒྱལ་སྤྱི་དང་རྒྱལ་ཡོངས་ཀྱི་སྟེགས་བུ་སྟེང་དུ་འགྲེམ་སྟོན་བྱས་མྱོང། 2016ལོའི་ཟླ་དང་པོར་《གནའ་བོའི་བྲག་བརྐོས་རི་མོའི་སྙན་དབྱངས།》ཞེས་པའི་མི་སྒེར་གྱི་བརྩམས་ཆོས་འགྲེམ་སྟོན་ཧྲང་ཧེ་རུ་སྤེལ། ཐེངས་དེར་གཙོ་བོ་ཁོང་རང་ཉིད་ཀྱིས་བྲིས་པའི་ཐང་ག་དང་ལོ་གང་མང་ཞིག་གི་ནང་དུ་ཞིབ་འཇུག་བྱས་པའི་ཡུལ་ཤུལ་ས་ཁུལ་གྱི་བྲག་བརྐོས་རི་མོའི་པར་སྣ་ཚོགས་འགྲེམ་སྟོན་བྱས། 2016ལོའི་ཟླ་བ་9པར། ཁོ་བོ་ཀྲུང་གོའི་བོད་རིགས་རི་མོ་པ་གྲགས་ཅན་ཞིག་ཡིན་པའི་ཆ་ནས་བལ་ཡུལ་དུ་གདན་འདྲེན་བྱས་ནས་རྒྱལ་ཁབ་སོ་སོའི་སྒྱུ་རྩལ་པ་རྣམས་ཀྱིས་བལ་ཡུལ་གོང་མ་ཚང་གི་མཛེས་རྩལ་ཁང་བསྐྲུན་རྗེས་ཀྱི་མཛད་སྒོ་ཐོག་སྤེལ་བའི་འགྲན་བསྡུར་ནང་ཞུགས་ཡོད་ལ། ཁོང་གི་བརྩམས་ཆོས་ཀྱང་བལ་ཡུལ་རྒྱལ་ཁབ་ཀྱི་གོང་མའི་མཛེས་རྩལ་ཁང་ནང་དུ་ཉར་ཚགས་བྱས།

ཟླ་འོད།

ལྷ་མཚོ།
        ཁོང་གིས་ཞིབ་འཇུག་གཏིང་ཟབ་བྱས་པའི་བྲག་བརྐོས་རི་མོ་དང་རང་ཉིད་ཀྱི་བརྩམས་པའི་ཁྱད་ཆོས་འབུར་དུ་ཐོན་པའི་རི་མོ། དེ་མིན་ངོ་མཚར་ཁྱད་དུ་འཕགས་པའི་ཡིག་གཟུགས་བཅས་ལྟད་མོ་བ་རྣམས་ཀྱི་ཡིད་དབང་འཕྲོག་ཡོད་ལ་བསྔགས་བརྗོད་ཚད་མེད་ཐོབ། འཕྲིན་སྦྱོར་ལས་ཁུངས་མང་པོ་ཞིག་གིས་ཀྱང་གོ་སྐབས་དེ་དང་བསྟུན་ནས་ཁོང་ལ་བཅར་འདྲི་ཐེངས་མང་བྱས་ཡོད། འཇར་ཕན་NHKརྒྱལ་ཁབ་གློག་འཕྲིན་ཁང་དང་ཁམས་པའི་བརྙན་འཕྲིན་ཁང་གི《འཆི་མེད་ཀྱི་གླེང་མོལ།》བཅས་ཀྱིས་བཅར་འདྲི་བྱས། ད་དུང་ཁམས་པའི་བརྙན་འཕྲིན་ཁང་གི《སྐལ་བཟང་མེ་ཏོག》ཞེས་པའི་ལེ་ཚན་ནང་དུ་ཆེད་དོན་དངོས་ཟིན་གློག་བརྙན་ལེ་ཚན་དང་ཡུལ་ཤུལ་ཁུལ་གློག་འཕྲིན་ལས་ཁུངས་ཀྱིས་འཇམ་དབྱངས་ཉི་མ་དམིགས་སུ་བཟུང་ནས་ཡུལ་ཤུལ་ས་ཁུལ་གྱི་གནའ་དུས་བྲག་བརྐོས་རི་མོར་ཞིབ་འཇུག་བྱེད་པའི་དངོས་ཟིན་གློག་བརྙན་ལེ་ཚན་ལས་དང་ལས་བཞིན་ཡོད།

ཆོས་རྩོད།

སྨོན་འདེབས།
        ལྷ་རིག་འཇམ་དབྱངས་ཉི་མ་ནི་དགེ་རྒན་ཞིག་ཡིན་ནའང་ཁོང་གིས་སྒྲུབ་པའི་དོན་ནི་དགེ་རྒན་རྐྱང་རྐྱང་གི་དོན་ཞིག་མ་ཡིན་ལ། ད་དུང་རིག་གནས་དར་སྤེལ་དང་དད་འདུན་རྒྱུན་འཁྱོངས་སོགས་ཀྱི་ལས་དོན་ཡང་འདུས། ཁོང་གིས་རི་ཆུ་དང་མི་སྣ་འབྲི་བཞིན་ཡོད་པ་མ་ཟད། སེམས་གཏིང་གི་ཁྱིམ་གཞིས་དྲོན་མོ་ཡང་འབྲི་བཞིན་ཡོད། ལྷག་བསམ་དང་བརྩེ་བ་བཅངས་ནས་རི་མོ་འབྲི་བཞེངས་བྱས་ནས་ཁོང་གི་སྙན་གྲགས་ད་གཟོད་ཕྱོགས་སུ་རྒྱས་པ་རེད། འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལ་བརྩེ་བ་ཟབ་མོ་ཡོད་ན་ད་གཟོད་གཞན་ནས་ཁྱད་དུ་འཕགས་པའི་ལས་དོན་སྒྲུབ་ཐུབ། ཐོབ་ཐང་དང་གོ་གནས་གལ་ཆེན་མ་ཡིན་པར་གཙོ་བོ་ནི་འགྱུར་མེད་ཀྱི་སྙིང་སྟོབས་རེད། རིག་གནས་རྒྱུན་འཛིན་བྱེད་པ་ནི་མི་གཅིག་གི་ལས་འགན་མ་ཡིན་པ་མི་ཚང་མའི་ཁྲག་ཏུ་བབས་པའི་ལས་འགན་ལགས། །


གནས་མཆོག

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1

0.2718s