༄༅།། སྟོད་མངའ་རིས་པུ་ཧྲེང་ནས་རྙེད་པའི་རྡོ་རིང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་འཕྲིན། སྤེལ་དུས། 01-19



        སྤྱི་ཟླ་1ཚེས་4ཉིན། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཤར་རྒན་དབང་འདུས་ལགས་ཀྱིས་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས"སྤུ་ཧྲེང་སྤྱན་རས་གཟིགས་ཀྱི་རྡོ་རིང་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཁོངས་སུ་ད་བར་གསར་རྙེད་བྱུང་བའི་ལོ་རབས་སྔ་ཤོས་ཀྱི་རྡོ་རིང་ཞིག་ཡིན་ལ། ད་ཡོད་བོད་བཙན་པོའི་དུས་སྐབས་ཀྱི་སྐུ་བརྙན་རྡོ་རིང་ཐོག་མའང་རེད" འདིའི་ཐོག་ནས་ནང་བསྟན་ལ་དད་མོས་བྱེད་པ་དང་ཆོས་སྤེལ་བར་སྐུལ་འདེད་བྱེད་ཐབས་ནི་ས་ཁོངས་འདིར་ལག་བསྟར་བྱས་ཡོད་པ་ར་སྤྲོད་བྱས་ཡོད་པ་མ་ཟད། དེས་བོད་ལྗོངས་སྟོད་མངའ་རིས་ཀྱི་ལོ་རྒྱུས་རིག་གནས་དང་ནང་བསྟན་སྒྱུ་རྩལ་ལ་ཞིབ་དཔྱད་བྱེད་རྒྱུར་དཔྱད་གཞིར་འཛིན་པའི་རིན་ཐང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
        སྤུ་ཧྲེང་སྤྱན་རས་གཟིགས་ཀྱི་རྡོ་རིང་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་ཀྱི་གྲོང་ཚོ་ཞིག་དུ་གསར་རྙེད་བྱུང་ཡོད་པ་དང་། ད་ལྟ་དེར་སྲུང་སྐྱོང་གི་ཁང་པ་བསྐྲུན་ཡོད་ཅིང་། རྡོ་རིང་དེའི་མཐོ་ཚད་ལ་ལི་སྨི་210དང་། ཞེང་ཚད་ལ་ལི་སྨི་50 མཐུག་ཚད་ལ་ལི་སྨི་17ནས་18བར་བཅས་ཡོད་པ་དང་། ཕྱི་ངོས་སུ་ས་གནས་དེ་གའི་མི་སེར་ཚོས་མཇལ་སྐབས་དེའི་ངོས་ལ་བསྐུས་པའི་མར་ཡོད་པ་རེད།
        ཤར་རྒན་དབང་འདུས་ལགས་ཀྱིས་ངོ་སྤྲོད་གནང་ནས་རྡོ་རིང་གི་མདུན་ངོས་སུ་འབུར་བརྐོས་ཀྱི་པདྨའི་ཕྱག་གི་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ཞིག་ཡོད་པ་སྟེ། སྐུའི་མཐོ་ཚད་ལ་སྨི་1.68ཡོད་པ་དང་། གཡས་གཡོན་དུ་བོད་ཡིག་ཡིག་རྙིང་ཕྲེང་བ་ཁ་ཤས་བརྐོས་ཡོད་པ་དེ་དག་ཚང་མ་བོད་ཡིག་ཡིག་རྙིང་གཤོང་རྐོས་བྱས་ཡོད་ཅིང་། དབུ་ཅན་གྱི་ཡིག་གཟུགས་རེད། རྡོ་རིང་གཡོན་ངོས་ཀྱི་ཡི་གེ་ལས་རྟ་ལོའི་སྟོན་འགོར་སེང་གེ་ཞང་ཁྲི་བཙན་ནམ་མགོན་པོ་རྒྱལ་གྱིས་སེམས་ཅན་གྲངས་མེད་ཀྱི་ཐུན་མོང་གི་འདུན་པའི་ཆེད། སྤྱན་རས་གཟིགས་ཀྱི་སྐུ་བརྙན་འདི་བཞེངས་དོན་བཀོད་པ་དང་། རྡོ་རིང་གཡས་ངོས་ཀྱི་ཡི་གེ་ལས་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བ་དང་གུས་བཀུར་མཆོད་པའི་ཕན་ཡོན་བཀོད་པ་མ་ཟད། སྐྱེ་འགྲོ་སྒྲིབ་གཉིས་(ཉོན་སྒྲིབ་དང་། ཤེས་སྒྲིབ)ལས་ཐར་བར་བྱེད་པ་དང་། ཚོགས་གཉིས་(དགེ་ལས་སྟེ། གཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་)ཡོངས་སུ་ཐོབ་པའི་འདོད་གསོལ་ཞུ་བའང་བཀོད་པ་རེད། མཐར་ཞང་བློན་ཁྲི་བཙན་ནམ་མགོན་པོ་རྒྱལ་དང་སྐྱེ་འགྲོ་རྣམས་མཉམ་དུ་བླ་མེད་སངས་རྒྱས་སུ་གྱུར་པ་རེད་ཅེས་གསུངས་པ་རེད།
        མཁས་པ་མང་པོས་རྡོ་རིང་འདི་དུས་རབས་9པའི་དུས་མགོར་བཙན་པོ་ཁྲི་ལྡེ་གཙུག་བརྟན་ནམ་མངའ་བདག་ཁྲི་རལ་པ་ཅན་ཁྲིར་བཞུགས་པའི་རིང་ལ་བཞེངས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཡང་མཁས་པ་ཁ་ཤས་ཀྱིས་རྡོ་རིང་གི་སྤྱན་རས་གཟིགས་ཀྱི་སྐུ་བརྙན་བཟོ་དབྱིབས་ལ་གཞིགས་ན་རྡོ་རིང་བཞེངས་པའི་དུས་ཚོད་ནི་དུས་རབས་9པ་ནས་10པའི་དུས་སྟོད་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
        ཤར་རྒན་དབང་འདུས་ལགས་ཀྱིས"ངོས་འཛིན་དེ་ལྟར་བྱེད་ཀྱི་ཡོད་ཀྱང་། ང་ཚོས་སྔར་བཞིན་རྡོ་རིང་བརྐོས་བཞེངས་བྱས་པི་དུས་ཚོད་ཡང་དག་པ་ངོས་འཛིན་ངེས་གཏན་བྱེད་མ་ཐུབ"  སྤྱན་རས་གཟིགས་ཀྱི་སྐུ་བརྙན་སྤྱི་ཡོངས་ཀྱི་ཉམས་འགྱུར་ཏུན་ཧོང་སྒྱུ་རྩལ་གྱི་ཐུ་བྷོད་ཀྱི་གཞི་རྒྱུ་དང་ཐ་པོ་དགོན་སོགས་ཁེ་ཧྲི་སྨིར་གྱི་ཉམས་འགྱུར་ཟུང་འབྲེལ་བྱས་ཚུལ་མངོན་པས། དེའི་ཐོག་ནས་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་མཇུག་ཏུ། བོད་ལྗོངས་སྟོད་མངའ་རིས་སུ་ནང་བསྟན་གྱི་སྐུ་བརྙན་གྱི་དྲན་གསོའི་རྡོ་རིང་ཐོན་འགོ་ཚུགས་པ་ར་སྤྲོད་བྱས་ཡོད་ཅེས་བསྟན་པ་རེད།
        སྤུ་ཧྲེང་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ཀྱི་འགྲེལ་བཤད་ལས། རྡོ་རིང་བཞེངས་མཁན་གྱི་སྦྱིན་བདག་དང་དམིགས་ཡུལ། ལོ་རབས་སོགས་ཁ་གསལ་བཏོན་ཡོད་པ་རེད། དེ་ལ་བརྟེན་ནས་ཤར་རྒན་དབང་འདུས་ཀྱིས་འདིས་ས་ཕྱོགས་ཤིག་བཅོས་སྐྱོང་བྱེད་མཁན་འགོ་གཙོ་དང་བོད་བཙན་པོའི་ཞང་བློན་གྱི་ཁྲིད་སྟོན་འོག སྐབས་དེ་དུས་ནང་བསྟན་ལ་དད་མོས་དང་ཆོས་སྤེལ་བར་སྐུལ་འདེད་བྱེད་ཐབས་བཅས་བོད་ལྗོངས་སྟོད་མངའ་རིས་སུ་ལག་བསྟར་བྱས་ཡོད་པ་ར་སྤྲོད་བྱས་ཡོད་ཅེས་བསྟན་པ་རེད།།
གཡས་ངོས་སུ་ཡིག་འཕྲེང་༡༩
༇རྟའི་ལོ་འི།།
སྟོན་ཟླ་ར་བའི་ངོ་
ལ།།སེང་གེ་ཞང་
ཆེན་པོའབྲོ་ཁྲི་བརྩན་
སྒྲ།།མགོན་པོ་རྒྱལ་
གྱྀས།།མཐྰ་ཡས་པ
འྀ་སེམས་ཅན་ཐཾས་
ཆད་དང།།ཐུན་མོང་
དུ་བསྔོས་ཏེ།།
འཕགས་པ།།སྤྱན་
རས་གཟིགས།།
དབང་ཕྱུག་གི།སྐུ་
གཟུགས།།རྡོ་
འབུར་དུ་བགྱིས་
ནས།།བཞེངས་
གསོལ་པ།།
༇དགྰེ་བའྀ་རྩ་བ་འདི
སྐྱེ་འགྲོ་མ་ལུས་པ
ཀུན་ཀྱྀ་དོན་དུ་བསྔྰོ།


གཡོན་ངོས་སུ་ཡིག་འཕྲེང་༢༤
༇ནམོ་འཕགས་
པ་སྤྱན་རས་གཟྀགས་
དབང་ཕྱུག་གྀ་སྤྱན་
སྔར།།སྡིག་པ་ཐཾས་
ཆད་ནྀ་འཆགས་སོ།
བསོདནམསཐཾས
ཆད་ཀྱྀ་རྗེས་སུ་ཡི་རང་
ངོ།།ཉོན་མོངསཔདྔ།
ཤེས་བྱ་འྀ་སྒྲིབ་པ
རྣམ་གཉིས་ནི་བྱང།
བསོད་ནམས་དང།
།ཡེ་ཤེསགྱྀཚོགས
ཆེན་པོ་རྣམ་གཉིས
་ནྀ།།ཡོངས་སུ
རྫོགས་ནས།   །
བདག་ཞང་འབྲོ
ཁྲྀ་བརྩན་སྒྲ་མགོན་
པོ་རྒྱལ་དང།།མཐྰ
ཡས་པ་འྀ་སེམས་
ཅན་ཐམས་ཆད།།
དུས་གཅིག་དུ།།
བླ་ན་མེད་པ་འྀ་སངས་
རྒྱས་སུ་གྲུབ་པར་
གྱུར་ཅྀག།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1