ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 01-24


        ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྲིད་ཁྲིམས་འཐབ་ཕྱོགས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་སྐོར་ལ་བླང་བྱ་ཁ་གསལ་བཏོན་གནང་བ་རེད། 
         ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་ཕྱོགས་གཅིག་ནས་མིག་སྔར་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ཕུགས་ཕན་དོན་གཉེར་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་འབུལ་དགོས་པའི་མཛུབ་སྟོན་གནང་བ་རེད། 
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་གནང་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ། ལས་ཀའི་མ་འོངས་སྔོན་མཐོང་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཉམས་སད་ཐེག་ཐུབ་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིག་ནུས་ཅན་འཛུགས་སྐྱོང་གཏིང་ཟབ་བྱེད་པ། ཁྲིམས་འཛིན་ནན་པོ་དང་ཁྲིམས་འཛིན་དྲང་གཞག་བྱས་ཏེ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་པ་དང་། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ། སྤྱི་ཚོགས་གཞུང་དྲང་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་བདེ་སྡོད་ལས་བརྩོན་འགན་ལེན་བྱེད་པ་བཅས་ཀྱི་ལས་འགན་གཙོ་བོ་སྒྲུབ་པ། བདེ་འཇགས་ཀྱི་ཆབ་སྲིད་ཁོར་ཡུག་དང་། བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག གཞུང་དྲང་གི་ཁྲིམས་སྐྱོང་ཁོར་ཡུག སྤུས་ལེགས་ཀྱི་ཞབས་ཞུའི་ཁོར་ཡུག་བཅས་ཧུར་ཐག་བཏོད་དེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས་པའི་ཐུགས་རེ་གནང་བ་རེད། 
         ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་ཀྱིས་འཕེལ་རྒྱས་དང་བརྟན་ལྷིང་ཕྱོགས་གཉིས་ཀར་དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་ཁྲིམས་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཁག་ཡག་པོ་འདེམས་པ་དང་བཀོད་སྒྲིག་ཧྲག་པོ་བྱེད་པ་དང་། སྲིད་ཁྲིམས་ཀྱི་ཚན་པ་ཁག་ལ་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་པ། སྲིད་ཁྲིམས་ལས་དོན་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ཞིབ་འཇུག་དང་ཐག་གཅོད་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་ཡག་པོ་སྒྲུབ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 
         ཀྲུང་དབྱང་གི་སྲིད་ཁྲིམས་ལས་དོན་ཚོགས་འདུ་ཚེས་22ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀུའོ་ཧྲེང་ཁུན་གྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1