གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ལྷག་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༡ཚེས་༢༤ཉིན།

༄༅།། བོད་ཀྱི་དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན་ཅུང་ཟད་གླེང་བ།

བོད་རང་སྐྱོང་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས། ལྷག་རྒྱལ།

[གནད་བཏུས] སྐད་ཡིག་གི་རྒྱུ་ཆ་དང་ཚིག་སྦྱོར་སྣ་ཚོགས་ལ་བརྟེན་ནས་གང་བརྗོད་པར་འདོད་པའི་བསམ་འདུན་དང་ཡིད་འགྱུར་མཚོན་པར་བྱེད་པའི་སྐད་ཆ་ལ་ཚིག་རྒྱན་ཟེར། རྩོམ་ཡིག་འདིར་ཚིག་རྒྱན་རིག་པའི་གཞུང་ལུགས་ཀྱི་ཆ་ནས་ཚིག་རྒྱན་གྱི་མཚན་ཉིད་དང་། དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན་གྱི་གོ་དོན། དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན་གྱི་ཁྱད་ཆོས་བཅས་ལ་དཔྱད་བརྗོད་དང་ངོ་སྤྲོད་རགས་བསྡུས་ཤིག་བྱས་ཡོད།
[གནད་ཚིག] ཚིག་རྒྱན། དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན།
དང་པོ།
        ཇི་སྐད་དུ“སྙན་ངག་མཛེས་པར་བྱེད་པ་ཡི། ། ཆོས་ནི་རྒྱན་ཞེས་བྱ་བར་བརྗོད། །” ①ཅེས་པ་ལྟར་བརྗོད་པར་འདོད་པའི་ནང་དོན་གང་རུང་ཞིག་ཡིག་ཐོག་ཏུ་འབྲི་བའམ་ངག་ནས་བརྗོད་པའི་ཚེ། དེའི་སྐད་བརྡའི་བྱེད་ནུས་སམ་ཚིག་གི་ཉམས་འགྱུར་ཇེ་ཆེར་ཐོན་པའི་ཆེད་དུ། འབྲི་སྟངས་སམ་བཤད་སྟངས་ཐད་སྒྱུ་རྩལ་གྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་བཀོལ་བའི་སྐད་བརྡའི་རྒྱུ་ཆའམ་ཚིག་སྦྱོར་དེ་རིགས་ལ་ཚིག་རྒྱན་ཞེས་བརྗོད་པ་ཡིན། ②བོད་ཀྱི་སྲོལ་རྒྱུན་གྱི་ཚིག་རྒྱན་རིག་པའི་གཞུང་ལས། ཚིག་རྒྱན་ཞེས་པ་ནི་རང་གིས་གང་བརྗོད་པར་འདོད་པའི་ཁྱད་པར་དེ་དང་ལྡན་པའི་མིང་ཚིག་ཡི་གེ་ཚོགས་པའི་རང་བཞིན་ཅན་གྱི་ལུས་དེ་ལ་ཟེར་ཞིང་། དེ་འདྲའི་ཚིག་རྒྱན་ནི་སྐྱེས་བུ་ཞིག་ལ་རྒྱན་གོས་བཟང་པོས་སྤྲས་པ་དང་མཚུངས་ཞེས་གསུངས་ཡོད།
        དེ་འདྲ་ཡིན་ནའང་ཚིག་རྒྱན་དང་སྙན་ངག་གཉིས་ཉ་ཉུང་མཉམ་བསྲེས་བྱེད་པའི་སྣང་ཚུལ་ཡང་རྒྱུན་དུ་མཐོང་རྒྱུ་ཡོད་པས། འདིར་དེ་གཉིས་ཀྱི་ཁྱད་པར་རགས་ཙམ་ཞིག་བརྗོད་ན། སྙན་ངག་ཅེས་པ་ནི་ལུས་གང་ཡང་རུང་བ་ཞིག་ལ་བརྗོད་བྱའི་སྲོག་བཟང་པོ་ཞིག་ཡོད་དགོས་པར་མ་ཟད། དེ་ལ་གསོན་ཉམས་དང་ལྡན་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང། དབྱངས་ཀྱི་འདེགས་འཇོག་མངོན་པར་གསལ་བའི་རྩོམ་རིག་གི་རྣམ་པ་ཞིག་ལ་བརྗོད་པ་ཡིན།③དེས་ན་སྙན་ངག་རྩོམ་ན་ཚིག་རྒྱན་ལ་རག་ལས་པ་དང། སྙན་ངག་བཟང་པོའི་ནང་དུ་ཚིག་རྒྱན་གྱི་རོ་འདྲེས་པ་ཡིན་པས། རྣམ་པ་གཅིག་ཏུ་ན་འདི་སྙན་ངག་ཡིན་ལ་ཚིག་རྒྱན་མིན་ཞེས་དང་། ཡང་ན་དེ་ཚིག་རྒྱན་ཡིན་ལ་སྙན་ངག་མིན་ཞེས་ཁ་ཚོན་གཅོད་དཀའ་བ་ཡིན། ཡིན་ནའང་སྙན་ངག་གི་རྩོམ་དང་ཚིག་རྒྱན་གྱི་བསྟན་བཅོས་གཉིས་ལ་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་དེ། དཔེར་ན་སྔ་མ་ནི་ལས་སྣོན་གྲུབ་པའི་དངོས་རྫས་དང་འདྲ་ཞིང་། ཕྱི་མ་ནི་དངོས་རྫས་དེ་ལས་སྣོན་བྱེད་པའི་ཐབས་ལྟ་བུ་ཡིན། དེ་ཡང་དཔེར་ན། ནེའུ་གསིང་གཡུ་ཡི་མཎྜལ་ཕྱིས་འདྲར་སྔོ། །མེ་ཏོག་ཕྲེང་མཛེས་སྐར་ཚོགས་བཞིན་དུ་བཀྲ། །བུང་བའི་མགྲིན་སྒྲ་རྒྱུད་མངས་ལྟར་སྙན་པའི། ། དཔྱིད་ཀྱི་དུས་འདི་ལྷ་ཡུལ་ལྟ་བུར་མཛེས། །ཞེས་བརྗོད་པ་ནི་ཚིགས་བཅད་སྙན་ངག་ཤོ་ལོ་ཀ་གཅིག་ཡིན་ལ། དེའི་བརྗོད་འདོད་ཀྱི་དོན་ནི་དཔྱིད་ཀའི་རྣམ་པ་མཛེས་པ་ལ་ཨང་ཞེས་པ་དེ་ཡིན་ཞིང་། དེ་སྟོན་པའི་ཆེད་དུ་གཡུ་ཡི་མཎྜལ་ཞེས་པ་དང་། མེ་ཏོག་ཕྲེང་མཛེས་ཞེས་པ། བུང་བའི་མགྲིན་སྒྲ་ཞེས་པ། ལྷ་ཡུལ་ཞེས་པ་ལྟ་བུའི་སྐད་བརྡའི་རྒྱུ་ཆ་བཀོལ་ནས་དཔྱིད་ཀྱི་རྣམ་པ་དེ་སྔོ་བ་དང་། བཀྲ་བ། སྙན་པ། མཛེས་པ་བཅས་ཡོད་ཚུལ་གཟུགས་བརྙན་བཞིན་བསྟན་པ་ལྟ་བུ་ཡིན། དེ་ལྟ་བུའི་སྐད་བརྡའི་རྒྱུ་ཆ་ལ་ཚིག་རྒྱན་ཞེས་བརྗོད་ཅིང་། དེ་ཡང་དཔེར་ན་སྐྱེས་བུ་རང་བཞིན་གྱིས་གཟུགས་བཟང་བ་དེ་ཉིད་གོས་རྒྱན་སོགས་ཕུན་སུམ་ཚོགས་པས་བརྒྱན་པ་ན། སྔར་ལས་ཀྱང་ཆེས་ཆེར་མཛེས་པར་འགྱུར་བ་བཞིན་དུ་བརྗོད་བྱའི་དོན་གང་ཡིན་པ་དེ་ཉིད་རྗོད་བྱེད་ཀྱི་ཚིག་ཕུན་སུམ་ཚོགས་པའི་སྒོ་ནས་བརྗོད་པ་ན། རྣ་བར་སྙན་ཞིང་ཡིད་དུ་འོང་བའི་ཉམས་འགྱུར་ཁྱད་པར་ཅན་ཐོན་པ་ཡིན།
གཉིས་པ།
        དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན་ཞེས་པ་ནི་དམངས་ཁྲོད་དུ་མང་ཚོགས་ཐུན་མོང་གི་ངག་ཐོག་ནས་བརྩམས་པ་དང་ངག་ཐོག་ནས་གཅིག་ལ་གཅིག་བརྒྱུད་བྱས་པ་མ་ཟད། རྒྱུན་ཆད་མེད་པར་བཟོ་བཅོས་དང་ལས་སྣོན་བྱས་པའི་ཚིག་རྒྱན་ལ་གོ་བ་ཡིན། རང་རེ་བོད་ལ་ཆ་བཞག་ན། སྐད་དང་ཡི་གེའི་ཁྲོད་དུ་མང་ཚོགས་ཐུན་མོང་གིས་བརྩམས་པའི་ཚིག་རྒྱན་ཕུན་སུམ་ཚོགས་པ་ཡོད་པས། སྔར་ནས་ད་བར་གྱི་མཁས་པ་ཕལ་མོ་ཆེས་གསར་རྩོམ་གྱི་ལག་ལེན་ཁྲོད་དུ་བོད་རང་ལ་གཏན་འཇགས་སུ་གནས་པའི་དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན་ཅི་རིགས་ཐོགས་རྡུགས་མེད་པར་གང་ལ་གང་འཚམ་དུ་སྦྱར་དང་སྦྱོར་བཞིན་ཡོད། དེ་བཞིན་མགུར་གླུ་དང་། དཔེ་ཆོས། དམངས་གཞས། དམངས་གླུ། གཏམ་དཔེ་སོགས་ཀྱི་ནང་དུ་ཚིག་རྒྱན་ཕུན་སུམ་ཚོགས་པ་ཡོད་ལ། ཐ་ན་འཇིག་རྟེན་ཕལ་པའི་ངག་རྒྱུན་ལའང་ཚིག་རྒྱན་སྣ་ཚོགས་ཡོད་དེ། དཔེར་ན་རང་ཅག་གིས་དང་དོད་ཆེན་པོ་བྱེད་ཅིང། ནམ་རྒྱུན་ཁ་ལ་འཇགས་པའི་གཏམ་དཔེ་དེ་རྣམས་ནི་བོད་སྐད་ཀྱི་དྭངས་མ་དང་ཉིང་བཅུད་ལྟ་བུ་ཡིན་ཞིང། དེ་རིགས་ལ་ཚིག་སྙན་པ་དང་། རྒྱན་ལེགས་པ། དོན་ཟབ་པ་ལ་སོགས་པའི་ཁྱད་ཆོས་ལྡན་པས། གཏམ་སྨྲ་བར་མཁས་པ་རྣམས་ཀྱིས་ཚིག་རྒྱན་གྱིས་ཕྱུག་པའི་གཏམ་དཔེ་དེ་རིགས་གང་འདོད་དང་ཐོལ་བྱུང་དུ་སྤྱོད་པ་ནི་གཏམ་སྨྲ་བའི་དཔེ་ལྟ་ས་ཞིག་ཏུ་གྱུར་ཡོད། དེས་ན་འདིར་དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན་དེ་རིགས་དཔེ་མཚོན་ཙམ་དབྱེ་བསལ་གྱི་ཚུལ་དུ་བཀོད་ན་འདི་ལྟ་སྟེ།
        མགུར་གླུ་ལས། ན་ནིང་ནི་གཞེས་ནིང་སྔ། །ཆབ་ཆབ་ཀྱི་ཕ་རོལ་ན། །ཡར་ཆབ་ཀྱི་ཕ་རོལ་ན། །དགུ་གྲི་ནི་ཟིང་པོ་རྗེ། །ཉ་ལས་ནི་ཁམ་དུ་བཀོང་། །ཁམ་ལས་ནི་རྨེག་ཏུ་བཏའ(བཏང)། །སྐྱི་ནས་ནི་ཉ་འདོན་པ། ། དབྱི་ཚབ་ནི་ཕངས་ཏོ་རེ། །ཞེས་པ་ལྟ་བུར་དཔེ་རྒྱན་སྤྱད་ཡོད་པ་དང་། ན་ནིང་ནི་གཞེས་ནིང་སྔ། །ཏི་སེ་ནི་གངས་དྲུང་ནས། །ཤ་དང་ནི་རྐྱང་བྱེར་བའ(བ)། །ཤམ་པོ་ནི་སྩ(རྩ)གྲེ་བྱེར། །དེ་རིང་ནི་སང་ལྟ་ན། །ཤམ་པོ་ནི་གཉན་གྱི་རྩ། །ཤ་རྐྱང་ནི་ཚས་མ་ཉན(ངན)། །ཤ་རྐྱང་ནི་ཚས་ངན་ན། །ཏི་སེ་ནི་གངས་ཀྱིས(ཀྱི)བྲུན། །ཞེས་པ་ལྟ་བུར་བསྡུས་བརྗོད་ཀྱི་ཚིག་རྒྱན་སྤྱད་ཡོད་པ་ལྟ་བུའོ། །
དམངས་གཞས་ལས། ཁྱེད་ནི་དཀར་གསལ་ཟླ་བ། །ང་ནི་མཛེས་ལྡན་ཀུ་མུད། །ཀུ་མུད་ཟླ་བཀྲག་འོག་ཏུ། །སྔར་ལས་སྒེག་ཉམས་དོད་པ། །ཞེས་པ་ལྟ་བུར་གཟུགས་སུ་བཀོད་པའི་རྒྱན་སྤྱད་ཡོད་པ་དང་། རི་བོ་འདྲ་བའི་གྲོང་སྡེ་དང་། །མེ་ཏོག་འདྲ་བའི་མི་དམངས་དང་། །གསེར་བཟང་འདྲ་བའི་ལོ་ཏོག་གསུམ། །ས་དོག་མོའི་སྟེང་གི་བཟང་གསུམ་རེད། ། ཅེས་པ་ལྟ་བུར་རྣམ་གྲངས་བརྗོད་པའི་རྒྱན་སྤྱད་ཡོད་པ། ཉི་མ་དང་པོ་ཤར་བ། །བྲག་རི་ཡར་ལ་ཤར་སོང་། །ང་ནི་བྲག་རི་ཡ་གིའི། ། རྒོད་པོ་ཡིན་ན་དགའ་བ། །ཞེས་པ་ལྟ་བུར་སྐབས་མིན་བསྟོད་པའི་རྒྱན་སྤྱད་ཡོད་པ། སེམས་པ་སྐྱོ་བའི་སྐད་ཆ། ། རི་མ་འདབས་སུ་བཤད་པས། །རི་བོ་ས་རྡོ་ཡིན་ཡང་། ། དབུ་ཡིས་ལྕོག་ལྕོག་གནང་བྱུང་། ཞེས་པ་ལྟ་བུར་རབ་རྟོག་གི་རྒྱན་སྤྱད་ཡོད་པ། ཊམ་ཀ་བརྒྱ་ཡི་བུ་ལོན། །ཤ་ཁྲག་ལུས་པོས་འཇལ་ཡོད། །མི་ལོ་བཅུ་གཉིས་ཐམ་པ། ། བྲན་གཡོག་རྒྱུག་དགོས་ཐུག་བྱུང་། །ཞེས་པ་ལྟ་བུར་སྙིང་རྗེའི་ཉམས་སྟོན་པའི་རྒྱན་སྤྱད་ཡོད་པ། ལྷོ་ཕྱོགས་སྤྲིན་པ་ནག་པོ། །བརྒྱབ་པའི་ལྷན་པ་མ་རེད། །ཉི་མ་སྤྲིན་པའི་འོག་ནས། །དྭངས་བའི་དུས་ཤིག་ཤར་ཡོང་། ། ཞེས་པ་ལྟ་བུར་དགའ་བའི་ཉམས་སྟོན་པའི་རྒྱན་སྤྱད་ཡོད་པ་ལྟ་བུའོ། །
        གཏམ་དཔེ་ལས། ཁས་མེ་ལྟར་བླངས། །ཐེབས་ཆུ་ལྟར་བཅག །ཅེས་པ་དང་། ཁྱི་མཐུ་པོ་ཕྱི་ཡི་ལྕགས་རི་འདྲ། །མཐུ་དྲགས་ན་སྒོ་རྩ་རྡོ་ཡིས་ཁེངས། །ཞེས་པ། མཚན་མོ་མི་ཉལ་རྟ་དང་འདྲ། །ཞོགས་པ་མི་ལངས་བ་དང་འདྲ། །ཞེས་པ་ལྟ་བུར་དཔེ་རྒྱན་སྤྱད་ཡོད་པ་དང་། ། སྐྱིད་སྡུག་ཆུ་བོའི་གཉེར་མ་ལ། །སྙོམས་པའི་དུས་ཤིག་ག་ལ་ཡོད། །ཅེས་པ་དང་། ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིགས་པ། །ཞེས་པ་ལྟ་བུར་གཟུགས་སུ་བཀོད་པའི་རྒྱན་སྤྱད་ཡོད་པ། དཔྱིད་ཀ་ཐལ་རླུང་འཚུབ་འཚུབ་མ་བྱས་ན། །སྟོན་ཀ་སྣུམ་ཞག་ཚིལ་ཚིལ་ཡོང་དོན་མེད། །ཅེས་པ་དང་། སྐྱ་རིལ་རིལ་ཡོད་ཚད་ལྷོ་ཁ་མིན། །དམར་རིལ་རིལ་ཡོད་ཚད་བླ་མ་མིན། ། ཞེས་པ། ཁ་བདེ་པོས་བཤད་ན་རི་མགོ་འཇོག་འཇོག ལག་བདེ་པོས་མཉེས་ན་རྫ་ཀྱོག་ལྡེམ་ལྡེམ། །ཞེས་པ། ཁ་ཚ་བའི་གཏམ་དེ་རྣ་ཚ། །རྣ་ཚ་བའི་གཏམ་དེ་ཤ་ཚ། །ཞེས་པ། འཁོལ་འཁོལ་འོ་མ་བཞིན་དུ་འཁོལ་མི་དགོས། ། འཚབ་འཚབ་རྟ་ཕོ་བཞིན་དུ་འཚབ་མི་དགོས། །ཞེས་པ། གྲི་བརྒྱབ་པས་མ་ཚད་ཡུ་བ་སྒུལ་སྒུལ། ། འབྲོང་བསད་པས་མ་ཚད་རྔ་མ་འཕྱར་འཕྱར། །ཞེས་པ་ལྟ་བུར་སྒྲ་རྒྱན་སྤྱད་ཡོད་པ་ལྟ་བུའོ། །
        དེ་བཞིན་དུ་སྐུ་གཟུགས་ཙ་རིའི་སྨྱུག་མ། །ཞལ་རས་དཀར་གསལ་ཟླ་བ། །གསུང་སྐད་བྱིའུ་ཆུང་འཇོལ་མོ། །ཞེས་པ་ལྟ་བུ་ཕྱིའི་སྣང་བརྙན་མཚོན་པའི་ཚིག་རྒྱན་དང་། བསོད་ནམས་ལྷ་དང་མཉམ་པ་ཤོག །ལོངས་སྤྱོད་ཀླུ་དང་མཉམ་པ་ཤོག །ཅེས་པ་ལྟ་བུ་ནང་སེམས་ཀྱི་འདུན་པ་མཚོན་པའི་ཚིག་རྒྱན་ཅན་གྱི་སྐད་ཆ་གྲངས་ལས་འདས་པ་ཡོད་ཅིང་། མི་ངང་རྒྱུད་རིང་བ་ལ་ལུག་ཅེས་འབོད་པ་དང་། མི་སེམས་རྒྱུད་བཟང་བར་གསེར་ཞེས་བསྟོད་པ། མི་ངན་ལ་ཁྱི་ཞེས་སྨད་པ། མི་བླུན་རྟགས་ཅན་ལ་བོང་བུ་ཞེས་འཕྱ་བ། མི་གཡོ་ཅན་དང་སྡར་མ་ལ་ཝ་མོ་ཟེར་བ། མི་དཔའ་རྒོད་ཅན་ལ་སྟག་ཟེར་བ། ས་ཆ་མཛེས་པོ་ལ་ལྷ་ཡུལ་ཟེར་བ། ས་ཆ་ངན་པ་ལ་དམྱལ་ཁམས་ཟེར་བ་དེ་རིགས་ཚིག་རྒྱན་གྱི་ཁོངས་སུ་འདུ་བ་ཡིན། དེའི་ཕྱིར་ང་ཚོའི་ངག་ཐོག་གི་ཚིག་ཐམས་ཅད་ཀྱི་ནང་དུ་རྒྱན་ཡོད་མེད་དང་། ཡོད་ན་རྒྱན་གྱི་ཉམས་ལེགས་པར་ཐོན་ཡོད་མེད་སོགས་ལ་དབྱེ་བ་ཡོད་ལ། ཚིག་ཡིན་ན་རྒྱན་དུ་འགྱུར་བས་མ་ཁྱབ་ཀྱང་། རྒྱན་ཐམས་ཅད་ཚིག་ལས་འབྱུང་བ་ནི་ཆོས་ཉིད་ཡིན་ནོ། །
གསུམ་པ།
        དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན་ཞེས་པ་དེ་ནི་གཙོ་བོ་རྩོམ་པ་པོའི་ཡིག་ཐོག་ཚིག་རྒྱན་བལྟོས་ཟླར་བྱས་ནས་བརྗོད་པ་ཞིག་ཡིན། དེས་ན་དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན་ལ་ཚིག་རྒྱན་སྤྱིའི་ཐུན་མོང་གི་ཁྱད་ཆོས་ཡོད་པ་གླེང་མེད་ཡིན་ནའང་། རྩོམ་པ་པོའི་ཡིག་ཐོག་ཚིག་རྒྱན་སྦྱོར་སྟངས་ལ་བསྡུར་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཉིས་ཡོད་དེ།
གཅིག མང་ཚོགས་ཐུན་མོང་གི་རང་བཞིན་ཡོད་པ།
        དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན་གྱི་འབྱུང་ཁུངས་ནི་མང་ཚོགས་ཀྱི་འཚོ་བ་ཡིན་པ་དང་། བྱེད་པོ་ནི་མང་ཚོགས་ཡིན། དེའི་ནང་དོན་ཡང་སྤྱི་ཚོགས་འཚོ་བའི་སྣང་ཚུལ་ཅི་རིགས་དང་འབྲེལ་བ་མ་ཟད། མང་ཚོགས་ཀྱིས་འཇིག་རྟེན་དང་། མི་ཚེ། འཚོ་བ་བཅས་ལ་འཛིན་པའི་རྣམ་འགྱུར་དང་བསམ་བློ། ཡིད་འགྱུར། འདུན་པ་སོགས་མཚོན་གྱིན་ཡོད།④ཡི་གེ་མེད་པའི་ཡར་སྔོན་གྱི་ལོ་རྒྱུས་རིང་མོའི་ནང་དང་ཆེད་དམིགས་རྩོམ་པ་པོ་མེད་པའི་ཡུལ་དུས་ཁོར་ཡུག་གི་ནང་དུ་ཚིག་རྒྱན་གསར་རྩོམ་བྱེད་པའི་བྱ་བ་དེ་ཕལ་ཆེར་ངལ་རྩོལ་མི་དམངས་ཀྱི་ངག་གི་རྩལ་ལ་རག་ལས་པ་ཡིན། སྤྱི་ཚོགས་གོང་དུ་འཕེལ་བའི་དུས་ཡུན་རིང་མོའི་ནང་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་ཐུན་མོང་དུ་ངག་གི་རྩལ་ཁྱད་པར་བ་ལ་བརྟེན་ནས་ཆེས་ཕུན་སུམ་ཚོགས་པའི་དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན་གང་མང་གསར་གཏོད་བྱས་ཡོད། ཐུན་མོང་གི་གསར་རྩོམ་དེ་ལས་མི་དམངས་ཀྱི་བློ་གྲོས་དང་ཤེས་རིག་མཚོན་ཞིང་། ལོ་རྒྱུས་གོང་དུ་འཕེལ་བའི་དུས་སྐབས་གང་རུང་དུ་ཀུན་གྱིས་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་གོང་དུ་སྤེལ་ཡོད་པས། དེར་མང་ཚོགས་ཐུན་མོང་གི་རང་བཞིན་ཡོད་དོ། །
གཉིས། ངག་ཐོག་གི་རང་བཞིན་ཡོད་པ།
        དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན་ལ་བྱེད་པ་པོའི་ངོས་ནས་ཐུན་མོང་གི་རང་བཞིན་ཡོད་ན། ཐུན་མོང་དུ་གྲུབ་པའི་ཚིག་རྒྱན་དེ་རྣམས་གང་ལ་བརྟེན་ནས་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད་ཅེ་ན། ངག་ཐོག་ཏུ་གྲུབ་པའི་དམངས་ཁྲོད་ཀྱི་ཚིག་རྒྱན་དེ་རིགས་ནི་མི་རབས་ནས་མི་རབས་བར་དང་། ངག་ནས་ངག་ཏུ་བརྒྱུད་དེ་རྒྱུན་འཛིན་དང་དར་སྤེལ་བྱུང་བ་ཞིག་ཡིན་པས། དེར་ངག་ཐོག་གི་རང་བཞིན་མངོན་གསལ་དོད་པོ་ཡོད་དོ། །
        དེའི་ཕྱིར་སྐད་ཆ་གང་ཞིག་ཡིན་རུང་ཚིག་རྒྱན་གྱིས་སྤུད་དང་མ་སྤུད་ཀྱི་དབང་གིས་ནང་དོན་ལ་ཁྱད་པར་ཆེར་མི་མངོན་ནའང་། སྐད་བརྡའི་བྱེད་ནུས་དང་གོ་བརྡ་སྤྲོད་ཤུགས་ཀྱི་ཆ་ནས་ཁྱད་པར་ཆེན་པོ་ཐོན་པ་ཡིན་ཏེ། གང་བརྗོད་པར་འདོད་པའི་སྐད་བརྡར་ཚིག་རྒྱན་དང་ལྡན་ན། དེའི་ཚིག་ཉམས་ཀྱིས་ཉན་པ་པོའམ་ཀློག་པ་པོའི་ཉན་འདོད་དམ་ཀློག་འདོད་ཀྱི་དང་བ་འདྲེན་ཅིང་། བདེ་བླག་ཏུ་གོ་བརྡ་སྤྲོད་པར་དམིགས་བསལ་གྱི་བྱེད་ནུས་ཐོན་པ་དང་། ཉན་པ་པོའི་བསམ་གཞིག་གི་སྒོ་མོ་འབྱེད་པ་ཡིན་ཏེ། དཔེར་ན་གཞན་ཡིད་དགའ་བར་བྱེད་པའི་ཆེད་དུ་ཀུ་རེའམ་ངོ་མཚར་བའི་གཏམ་བརྗོད་པས། ཐོས་པ་ཙམ་གྱིས་འཛུམ་ཞིང་དགོད་པར་བྱེད་པ་དང་། གཞན་སྤ་བཀོང་བར་བྱེད་པའི་ཆེད་དུ་སྡིགས་མོའམ་མཚང་འབྲུ་བའི་གཏམ་སོགས་གླེང་བ་ཙམ་གྱིས་སྐྱི་གཡའ་བར་བྱེད་པ། མྱ་ངན་གྱི་ཚིག་བརྗོད་ཚེ་ཐོས་པ་ཙམ་གྱིས་དབང་མེད་དུ་ཡིད་སྐྱོ་བར་བྱེད་པ་ལྟ་བུ་ཡིན་ནོ། །
        མདོར་ན་ཚིག་རྒྱན་ནི་སྐད་ཆའི་གོ་བརྡ་སྤྲོད་ནུས་འཕེལ་ཕྱིར་སྦྱར་བའི་ཚིག་གི་རྒྱན་ཡིན་པས། ཡིག་ཐོག་དང་ངག་ཐོག་ཅི་རིགས་ནས་གོ་བརྡ་སྤྲོད་པའི་སྐབས་སུ་གང་ལ་གང་འཚམ་གྱི་ཚིག་རྒྱན་སྤྱོད་པར་དགའ་བ་དང་། སྤྱོད་ཤེས་པ། སྤྱོད་མཁས་པ་ཞིག་ཡོང་བར་འབུང་རྒྱུ་ནི་དགེ་མཚན་དུ་མངོན་ཞིང། ད་ཡོད་དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན་རིགས་འཚོལ་སྡུད་དང་། དབྱེ་གསེད། བེད་སྤྱོད་སོགས་ཐུབ་པ་བྱ་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བར་སེམས་སོ། །
① དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། མི་རིགས་དཔེ་སྐྲུན་ཁང་། 2004 P67.
② 黄伯荣,廖序东. 现代汉语(下册). 高等教育出版社,1991 P200.
③ ལྷག་པ་ཆོས་འཕེལ། རྩོམ་རིག་གི་རྩོམ་ལུས་རྣམ་གཞག མི་རིགས་དཔེ་སྐྲུན་ཁང་། 1997 P23.

④ 夏征农,陈至立. 辞海(第六版). 上海辞书出版社,2010 P1309.

(《བོད་ཀྱི་སློབ་གསོ།》ལས་བཤུས།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1

0.2753s