གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

འོལ་བ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༡ཚེས་༢༤ཉིན།

༄༅།། ཟླ་བ་ལྟ་བུའི་ཨ་མ།


འོལ་བ། ཉག་རོང་།


གལ་ཏེ་ཁྱོད་ཀྱིས་ཉི་འོད་ཐིགས་པ་ཞིག་ལ་འདོད་ཚེ།
ཨ་མས་ཁྱོད་ལ་ཞོགས་པ་ཧྲིལ་པོ་ཞིག་སྟེར་སྲིད།
གལ་ཏེ་ཁྱོད་ལ་ཆར་གྱི་ཐིགས་པ་ཞིག་དགོས་ཚེ།
ཨ་མས་ཁྱོད་ལ་དཔྱིད་ཀ་ཧྲིལ་པོ་ཞིག་སྟེར་སྲིད།
གལ་ཏེ་ཁྱོད་ཀྱིས་སྐྱོ་གདུང་དག་སེལ་བར་འདོད་ན།
ཨ་མས་ཀྱང་གཡའ་དག་པའི་ནམ་མཁའ་ཞིག་ཁྱོད་ལ་སྟེར་སྲིད།
གལ་ཏེ་ཁྱོད་རང་ཐག་རིང་གི་འཇིག་རྟེན་དུ་འགྲོ་འདོད་ན།
ཨ་མས་ཁྱོད་ལ་རྫོགས་མཐའ་མེད་པའི་ལམ་བུ་ཞིག་སྟེར་སྲིད།
གལ་ཏེ་ཁྱོད་རང་གཅིག་པུ་ལྷག་སྟེ་ངུ་བར་འདོད་དུས།
ཨ་མས་ཁྱོད་ལ་སྒོར་སྒོར་དུ་ཕྱིན་པའི་ཟླ་བ་ཞིག་སྟེར་སྲིད།
གལ་ཏེ་ཁྱོད་རང་འཇིག་རྟེན་འདིས་མི་མཁོ་བར་གྱུར་ཚེ།
ཨ་མས་ཀྱང་རྟག་ཏུ་ཁྱོད་ཀྱི་རྒྱབ་ཕྱོགས་སུ་སྒོ་མོ་ཞིག་ཕྱེས་ནས་ཡོད།
འཇིག་རྟེན་འདིར་ང་ཚོ་དགོད་བཞིན་ངུ་བར་འདུག
འཇིག་རྟེན་འདིར་ལོ་ཟླ་རེ་རེ་ཁ་བའི་གཟུགས་སུ་གྲུབ་ཏེ།
ཨ་མའི་སྐྲ་ལོ་རེ་རེའི་སྟེང་དུ་འབབ་བཞིན་འདུག
ཁྱོད་ཀྱིས་མཐོང་སོང་ངམ་མིག་གིས་ཕར་ལ་བལྟས་ཚེ།
མཁའ་མཐའི་སྤྲིན་པ་ཡི་མཚམས་སུ་ཁྱོད་ཀྱི་ཕ་ཡུལ་རེད་འདུག
ཁྱོད་ཀྱིས་ཐོས་བྱུང་ངམ་རྣ་བ་ཡིས་གཟེད་དུ་ཉན་ཚེ།
ཆར་པ་དང་རླུང་གིས་ཁྱོད་ལ་ཕ་ཡུལ་གྱི་རི་ཆུ་བརྗོད་བཞིན་འདུག
ཁྱོད་ཀྱིས་ཚོར་བྱུང་ངམ་ལག་པ་བྲང་ཁོག་ལ་གླན་དུས།
ཨ་མས་ཁྱོད་ལ་དྲོད་ཁོལ་ལྡན་པའི་ཁྱིམ་གཞིས་ཞིག་བཞག་འདུག
ཁྱོད་ཀྱིས་ཚོར་བྱུང་ངམ་ཁྱོད་ཀྱི་ནང་སེམས་ཀྱི་ནམ་མཁའ་རུ།
ཨ་མ་ནི་ཟླ་བ་ཇི་བཞིན་གྱིས་རྟག་ཏུ་འཛུམ་པར་བཞད་འདུག  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1