ཉག་སྟོད་ཁ་བ་ལུང་རི།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


       

ཉག་སྟོད་ཁ་བ་ལུང་རི། ཝང་ཡུས་ལུང་གིས་པར་བླངས། 

         གནས་ཆེན་ཁ་བ་ལུང་རི་ནི་དཀར་མཛེས་ཁུལ་ཉག་རོང་རྫོང་གི་མངའ་ཁོངས་སུ་ཡོད། ཞིབ་མོར་བཤད་ན། ཆུ་མོ་རྫ་ཆུ་འབབ་པའི་གཡོན་ཟུར། བྱང་ཨ་སྟག་རོང་གི་ཉེ་ཚར། ཏྲེ་ཧོར་ཉག་ཨ་ཛི་རོང་གི་སྟོད་ཆར། ཉག་སྟོད་ཁ་བ་ལུང་རི་ཞེས་ས་ཕྱོགས་གང་ནས་བལྟས་ཀྱང་རྒྱལ་མཚན་གྱི་ཏོག་ལྟར་དཀར་ལྷང་ངེར་མངོན་པར་མཐོ་བ་ཞིག་ཡོད།

        བཤད་སྲོལ་ལྟར་ན་ཨོ་རྒྱན་པད་མ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། དགེ་སློང་ནམ་མཁའི་སྙིང་པོ། ལོ་ཆེན་བེེ་རོ་ཙ་ན། སོག་པོ་དཔལ་གྱི་རྡོ་རྗེ་སོགས་རྒྱ་བོད་ཀྱི་རིག་འཛིན་གྲུབ་བརྙེས་མང་པོ་ཞིག་གནས་མཆོག་དེ་ལ་བྱོན་ནས་བཞུགས་ཤིང་བྱིན་གྱིས་བརླབས་པའི་གནས་ཡི་དམ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་མ་གཤིན་ཌཱཀྐི་ཚོགས་ཀྱི་གནས་མཆོག དཔལ་ལྡན་ཡེ་ཤེས་མགོན་པོའི་རྣམ་རོལ། དགེ་བསྙེན་མཆོད་གསུམ་བཞུགས་པའི་རྟེན་རྫོང་། སྒྲུབ་གནས་རྣམས་སུ་བཀའ་རྟགས་ཕྱག་རྗེས་དང་། གྲུབ་རྟགས་རང་བྱོན་སོགས་ངོ་མཚར་ཅན་གྱི་མཐོང་ཆོས་སུ་ཡོད་པ་ཞིག་གོ །
        གནས་སྐོར་གྱི་ཕན་ཡོན་ནི་རྩེ་སྐོར་གཅིག་ལ་བྱེ་ཆེན་གཅིག བར་སྐོར་ཅིག་ལ་བྱེ་ཆེན་བཞི། མཐའ་སྐོར་གཅིག་ལ་བྱེ་ཆེན་བདུན། ཕྱི་སྐོར་གཅིག་ལ་དུང་ཕྱུར་གཅིག ཕྱིར་སྐོར་ཆེན་མོ་ལ་དུང་ཕྱུར་ལྔ་འགྱུར་ཡོད། ཁྱད་པར་དུ་སྤྲེའུ་ལོར་གནས་འདུ་ཡིན་པས། དེ་ལས་ཀྱང་ཕན་འགྱུར་ཆེ་བ་ཡོད་ཅེས་ས་གནས་དེ་གའི་དམངས་ཁྲོད་དུ་བཤད་རྒྱུན་ཆགས་པ་ཞིག་རེད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1