ལྷ་སྐྱིད།

མི་གསལ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།དྲ་བ་ལས་བཏུས། སྤེལ་དུས། 08-12


    དེ་ཡང་།  གནས་མདོ་ཁམས་ཟལ་མོ་སྒང་གི་ཆར།  ཆུ་བོ་དལ་འབབ་གྱིས་གསེར་ཕྱེ་རྒྱུན་མར་འདྲེན་པའི་ཡུལ་ཏེ། སྟོད་ན་འབྲོང་རི་སྨུག་པོ་བརྗིད་ཀྱི་འགྱིང་ཞིང་། བར་ན་དམ་ཅན་རྡོ་རྗེ་ལེགས་པ།   སྨད་དུ་ཡུལ་སྐྱོང་རྔ་ལ་སྟག་རྩེ།  སྟག་ཤར་དགྲ་བླའི་རྒྱལ་པོ་སོགས་བསྟན་སྲུང་ཆོས་སྐྱོང་གི་ཕྲིན་ལས་མྱུར་བའི་ཡུལ་གྲུ།  འཛམ་གླིང་རྒྱལ་བསྟན་གྱི་རྩ་ལག་བླ་རུང་ལྔ་རིག་སློབ་གླིང་གཙོས་སངས་རྒྱས་ཀྱི་བསྟན་པ་དར་བའི་གནས་མཆོག  ཕ་ཁུ་རྒན་པོའི་བློ་སེམས་ཆོས་ལ་འཁོར་ས།  སྟག་ཤར་གཞོན་ནུའི་རླུང་རྟ་དར་ས། ན་ཆུང་བྱིས་པའི་བློ་རིག་རྒྱས་ས། གྲོ་ནས་སྲན་གསུམ་གྱི་ཞིང་ས་སྟེ།  གསེར་སྨད་རོང་སྡེ་ཡར་ཤོག་ཚོ་བའི་རོང་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ལོ་བདུན་གྱི་སྟེང་རང་ཡུལ་གྱི་སློབ་ཆུང་འགྲིམས་ཏེ་གསལ་བྱེད་སུམ་ཅུ་གཙོས་པའི་བོད་ཡིག་གི་རྨང་གཞིའི་ཤེས་བྱའི་སྐོར་ལ་བག་ཆགས་ཕྲན་ཙམ་འཇོག་མགོ་བརྩམས་མོད། རྗེས་སུ་ཁྱིམ་དང་སློབ་གྲྭའི་ཕྱི་ནང་གི་རྒྱུ་རྐྱེན་གང་མང་ཞིག་གིས་རྐྱེན་བྱས་མུ་མཐུད་དུ་སློབ་གྲྭ་འགྲིམ་པའི་སྐལ་བ་མ་ལྡན་པ་རེད།  དུས་དེ་ནས་བཟུང་། མོས་མི་འདོད་བཞིན་དུ་ཕ་ཡུལ་གྱི་ཆེས་སྤྱིར་བཏང་གི་རོང་མོ་དཀྱུས་མ་ཞིག་གི་ངོས་ཐད་ནས་སླེ་བོ་གྲུ་བཞི་རྒྱབ་ལ་ཁུར་ནས་ཟོར་ཆུང་ལེབ་མོ་སྐེད་ལ་བཏགས་ཏེ་ཞིང་ལས་ལ་འབད།  ཁོ་མོ་ཆུང་དུས་ནས་བག་ཆགས་ཀྱི་སྐད་ངག་སྙན་མོ་ཞིག་ལྷན་སྐྱེས་སུ་ཡོད་པས།  རྣམ་ཀུན་རྣང་ཞིང་གི་གྲུ་ཁ་རེ་རེ་ནས་བདེ་མོ་ངག་ལ་བཀུག་པའི་དམངས་གླུའི་འགྱུར་ཁུགས་སྙན་མོས་ཡུལ་དེའི་ལས་རོགས་བུ་མོ་ཚོར་ལས་ཚེགས་ཀྱི་ངལ་བ་དྲུངས་ནས་ཕྱུངས་ཏེ་དགའ་སྐྱིད་ཀྱི་སྣང་བ་ཡང་མོ་ཞིག་སྟེར་བཞིན་ཡོད།    སྤྱི་ལོ་༢༠༠༤ལོར།  ཁོ་མོའི་སྙིང་ཉེ་བའི་གྲོགས་པོ་གྲོགས་མོ་མང་པོ་ཞིག་གིས་རྒྱབ་སྐུལ་ལ་བརྟེན་ནས་ལས་དབང་གི་ལྕགས་ཁེམ་དང་སླེ་བོ་སོགས་ཞིང་ལས་ཡོ་བྱེད་དག་རྒྱབ་ལ་བསྒྱུར་ནས་གླུ་གར་གྱི་སྟེགས་བུའི་སྟེང་གོམ་པ་དང་པོ་སྤོ་མགོ་བརྩམས།  སྔ་རྗེས་སུ།  ཀུན་གྱིས་གངས་ལྗོངས་ཁུ་བྱུག་སྔོན་མོར་འབོད་པའི་རྡུང་ལེན་པ་བདུད་བྷེ་དང་རྡོ་རེད་སོགས་དགེ་རྒན་དུ་བསྟེན་ནས་མདོ་སྨད་ས་ཁུལ་དུ་དར་ཁྱབ་ཆེ་བའི་སྒྲ་སྙན་རྡུང་ལེན་དང་གཞས་ཀྱི་འགུག་སྟངས་སོགས་ལ་སྦྱངས་བ་ནན་གྱིས་བྱས།  ལོ་དེར་ཆེས་ཐོག་མར་ཧོར་གཙང་སྨོན་ལམ་དང་བཀྲ་ཤིས་དོན་གྲུབ་སོགས་རྡུང་ལེན་པ་སྐོར་ཞིག་དང་མཉམ་འབྲེལ་གྱིས་གླུ་གཞས་མཉམ་བསྡུས་ཀྱི་སྒྲ་ཐག་ཅིག་ཕབ་བསྐྲུན་བྱས།  ད་དུང་། ༼མེ་ཏོག་གི་ལང་ཚོ༽དང༼གསེར་མདོག་གི་ཕ་ས༽ཞེས་པའི་བརྙན་སྡེར་གཉིས་ཀྱང་འགྲེམ་སྤེལ་བྱས།  གཞན་ཡང་ལོ་དེར་བསྡུས་པའི་གསེར་རྟ་རྫོང་གི་རྫོང་སྟོན་ལ་ཁོ་མོས་༼ངའི་ཕ་ཡུལ་དང་སྐྱིད་པའི་ལུང་པ༽ཞེས་པའི་གཞས་ཤིག་བཏང་པར་ཡུལ་མི་སྤུན་ཟླའི་དགའ་བསུ་ཆེན་པོ་ཐོབ། དེ་ནས་བཟུང་། ཁོ་མོ་ལྷ་ས་དང་ནག་ཆུ། མཚོ་སྔོན་ཡུལ་ཤུལ་དང་ཆབ་མདོ།  དཀར་མཛེས་སོགས་བོད་ཡུལ་མདོ་དབུས་ཁམས་གསུམ་ལ་འཁྲབ་སྟོན་དུ་བསྐྱོད།  སྤྱི་ལོ༢༠༡༠ལོར།  ཁོ་མོའི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ༼ནས་ཁུར་བུ་མོ༽ཞེས་པ་འགྲེམ་སྤེལ་བྱས་པར་རྒྱལ་ཁབ་ཕྱི་ནང་གི་བོད་པ་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ།

   ད་ལྟའི་བར་ཁྱོན་བསྡོམས་བརྙན་སྡེར་སུམ་ཅུ་ལྷག་གི་ནང་ལ་ཁོ་མོས་དམངས་གླུ་དང་སྒྲ་སྙན་རྡུང་ལེན།  གཞས་སོགས་བླངས་ཡོད། ༢༠༡༠ ལོར་ཁོ་མོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་རོགས་སྒྲུབ་བྱས་པའི་གངས་ཆབ་ཟེགས་མའི་འགྱུར་ཁུགས་ཅེས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་སྟེ། ༼པི་ཝང་གི་འཇིག་རྟེན༽ཞེས་པར་ཞུགས་པ་དང་། སྤྱི་ལོ༢༠༡༣ལོར་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁངགིས་ལོ་རེར་བསྒྲུབས་བཞིན་པའི་ལོ་སར་དགོང་ཚོགས༼དགྱེས་འཛོམས་དཔྱིད་ཀྱི་ཉི་མ༽ཞེས་པར་ཞུགས།  

   གཞན་དེང་སྐབས་བོད་ཁུལ་གྱི་མིང་དུ་གྲགས་པའི་གཞས་པ་ཤེར་བསྟན་དང་ལྷན་དུ་ཁོ་མོའི་ཆེད་བསྒྲིགས་བརྙན་འཁོར་གཉིས་པ་འགྲེམ་སྤེལ་བྱས། ༢༠༡༣ ལོར་མཚོ་སྔོན་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་གཞས་ར་ཁྲ་མོ་ཞེས་པའི་གར་སྟེགས་སུ་རང་ཉིད་ཀྱི་དགོང་འཚོགས༼ནས་ཁུར་བུ་མོ༽ཞེས་པ་བསྡུས། མདོར་ན་གཞས་མ་ལྷ་སྐྱིད་ནི་རྒན་བཀུར་ཆུང་བྱམས་ཀྱི་གུས་བརྩི་རང་ཆས་སུ་གྲུབ་ཅིང་།  བོད་སྐད་གཙང་མ་བཤད་ཅིང་བོད་གཞས་དག་མ་ལེན་པའི་བོད་ཀྱི་ན་གཞོན་གཞས་མ་ཞིག་ཡིན་པར་མ་ཟད། ཆ་གང་ནས་ཀྱང་བོད་ཁམས་ཀྱི་གཞས་མ་རྩེ་གྲས་ཤིག་ཏུ་གྱུར་ཡོད། དཔེར་ན། བཅར་འདྲི་ཞིག་ལས།  ༼བདག་ནི་ནམ་ཡང་བོད་ཀྱི་གཞས་མ་ཆེས་ཕལ་བ་ཞིག་ལས་མཚན་སྙན་གྱི་ཆེ་བ་ཅི་ཡང་མེད།  ཡིན་ནའང་། བདག་གི་གླུ་སྐད་ལ་བོད་པ་མང་པོ་ཞིག་གིས་དགའ་བསུ་དང་ཁས་ལེན་ཐོབ་ཡོད་པའི་གཞས་མ་ཞིག་གི་ཆ་ནས། ངས་ནམ་ཡང་བོད་སྐད་གཙང་མ་བཤད་ནས་བོད་ལྭ་ངོ་མ་གྱོན་བཞིན།  བོད་ཀྱི་གནའ་བོའི་རིག་གནས་ཀྱིས་ཕྱུག་པའི་དབྱངས་རྟ་མང་པོ་ཞིག་ལ་དུས་རབས་གསར་བའི་ཟུང་ཁྲག་བསྣོན་པ་ལ་ཤ་ཐང་དུ་འབད་ཀྱིན་ཡོད། ༽ཅེས་པའི་གླེང་མོལ་ཐུང་ངུ་དེས་ཀྱང་ཁོ་མོའི་སྒྱུ་རྩལ་གྱི་དད་འདུན་དང་གཞན་དྲིང་མི་འཇོག་པའི་ཤེས་རྒྱ་དེ་དོན་གྱིས་བསྒྲུབས་འདུག ད་ལྟ་བོད་ཀྱི་གནའ་དེང་གི་རིག་གནས་སྤྱི་དང་། སྒོས་སུ་རོལ་མོ་དཀྲོལ་བརྡུང་སོགས་ལ་རང་ནུས་ཡོད་རྒུས་སློབ་སྦྱོང་བྱེད་མུས་སུ་མཆིས་སོ།།
     


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1