རྫོགས་ཆེན་སེམས་སྡེའི་བརྒྱུད་པའི་རིམ་པ་དང་ ལྟ་བ་རོབ་ཙམ་གླེང་བ།

གསེར་བཟང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


གཅིག སེམས་སྡེའི་བརྒྱུད་པའི་རིམ་པ།
        གསང་སྔགས་ཀྱི་ཆོས་བོད་དུ་དར་ནས་བརྒྱུད་པའི་རིམ་པ་གཙོ་བོ་གསུམ་ཡོད་དེ། རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་གསུམ། རིང་བརྒྱུད་བཀའ་མའི་བརྒྱུད་པ་འདིར་ཡང་ནང་གསེས་སུ་མདོ་སྒྱུར་སེམས་གསུམ་ཡོད་ཅིང་། དེ་གསུམ་ནི་གཙོ་བོ་སྔགས་ཕྱོགས་ཀྱི་གཞུང་དཔེ་གསུམ་གྱི་བརྒྱུད་པ་ཡིན་པར་གྲགས། དེ་ལས་སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་ནི་ཐེག་པ་རིམ་དགུའི་བདུན་པ་མ་ཧཱ་ཡོ་ག་དང་འདྲ་བར་བཤད་ཅིང་། མདོ་དགོངས་པ་འདུས་པ་ནི་ཐེག་པ་བརྒྱད་པ་སྟེ་ཨ་ནུ་ཡོ་ག་དང་འདྲ་བར་གྲགས། སེམས་ཕྱོགས་ཨ་ཏི་ཡོ་ག་ནི་རྫོགས་པ་ཆེན་པོ་ཉིད་དོ། །མདོ་སྒྱུར་སེམས་གསུམ་རེ་རེར་ཡང་རང་རང་གི་བརྒྱུད་པའི་རིམ་པ་ཡོད་ལ། འདིར་སྐབས་བབས་ཀྱི་དོན་སེམས་ཕྱོགས་རྫོགས་ཆེན་གྱི་ནང་གསེས་སེམས་སྡེའི་བརྒྱུད་པ་རགས་རིམ་ཙམ་འཆད་ན། སེམས་སྡེ་བོད་ལ་སྤེལ་མཁན་གྱི་གཙོ་བོའི་སློབ་དཔོན་རྣམ་གཉིས་ནི་བི་མ་ལ་མི་ཏྲ་དང་བེེ་རོ་ཙཱ་ན་ཡིན། བེེ་རོ་ཙཱ་ན་ཉིད་ཀྱི་སེམས་སྡེ་མ་བུ་བཅོ་བརྒྱད་ཡོད་པ་ལས་སྔ་མ་ལྔ་བསྒྱུར་བ་དང་ལྷགས་མ་བཅུ་གསུམ་བི་མ་ལ་མི་ཏྲས་བསྒྱུར་བར་གྲགས།
དེ་ཡང་བེེ་རོ་ཙཱ་ན་ཉིད་ནི་རྒྱལ་པོའི་བཀའ་ལྟར་གཙང་ལེགས་གྲུབ་དང་བསྡོངས་ནས་རྒྱ་གར་དུ་རྩོལ་མེད་ཨ་ཏི་ཡོ་གའི་གདམས་པ་ལེན་དུ་གཤེགས་ཤིང་། སློབ་དཔོན་ཤྲཱི་སིང་ཧའི་དྲུངས་ནས་རྫོགས་པ་ཆེན་པོའི་གདམས་པ་མ་ལུས་པ་བླངས་ནས་ཕྱིར་བོད་ཡུལ་དུ་ཕེབས་མོད། ཆོས་སྤེལ་དུ་མ་བཅུག་པར་ཚྭ་བ་རོང་དུ་བསྐྱུགས། དེ་བས་རྫོགས་པ་ཆེན་པོའི་ཆོས་ཐོག་མར་མདོ་ཁམས་ནས་དར་བར་གྲགས། བེེ་རོ་ཙཱ་ནས་ཁམས་ཕྱོགས་ནས་སེམས་སྡེའི་ཆོས་སྤེལ་བའི་སྐོར་ནི། དེབ་ཐེར་སྔོན་པོ་ལས”རྒྱལ་མོ་ཚྭ་བ་རོང་དུ་བཞུགས་དུས་ཁམས་ཀྱི་རྒྱལ་མོ་རོང་གི་བྲག་ལ་དགོན་པར་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་གསུངས་པ་དང་། ཚ་བ་རོང་གི་སྟག་རྩེ་མཁར་གྱི་དགོན་པར་གསང་སྟོན་ཡེ་ཤེས་བླ་མ་ལ་གསུངས་པ་དང་། སྟོང་ཁུང་རོང་གི་བྲག་དམར་དགོན་པར་སྤངས་སངས་རྒྱས་མགོན་པོ་ལ་གསུངས། ” དེ་ནས་གཉགས་ཛྙཱ་ན་ཀུ་མ་རཱས་བེེ་རོ་དང་གཡུ་སྒྲ་ལས་སེམས་སྡེའི་གདམས་པ་གསན་ཞིང་། བི་མ་ལ་མི་ཏྲ་བསྟེན་ནས་ཕྱི་འགྱུར་རྣམས་གསན་པས་ཁོང་ལ་སེམས་སྡེའི་བཀའ་ཆུ་བོ་ཆེན་པོ་བཞི་འདུས་པར་བཤད་དེ། གཉགས་ལ་བུ་སློབ་མང་ཞིང་། ཁོང་ནས་བརྒྱུད་པའི་སེམས་སྡེའི་གདམས་ངག་འདི་མ་ཉམས་པར་ཟུར་སངས་རྒྱས་ཡེ་ཤེས་ལ་ཐོབ།
སེམས་སྡེའི་བརྒྱུད་པ་གཞན་ཞིག་ནི་བི་མ་ལ་མི་ཏྲས་སྤངས་སངས་རྒྱས་མགོན་པོ་ལ་གནངས་པ་དང་། དེས་རྦ་རཀྵི་ཏ་ལ་བཤད། དེ་ནས་ཡ་ཟི་དར་མ་ཤེས་རབ། དེས་ཇོ་མོ་སྒྲེ་མོ། དེས་མར་བ་ཤེས་རབ་འོད། དེས་སྒྲོ་ཕུག་པར་གདམས་པའོ། དེར་མ་ཟད་སེམས་སྡེར་ཨ་རོ་ཡེ་ཤེས་འབྱུང་གནས་ནས་བརྒྱུད་པའི་ཨ་རོའི་ལུགས་སམ་ཁམས་ལུགས་སུ་འབོད་པ་ཞིག་ཡང་ཡོད། ཟུར་མེས་དབོན་རྣམ་གསུམ་གྱི་རིང་ལ་སྔ་འགྱུར་སྔགས་ཆོས་ཀྱི་གདམས་ངག་མངའ་མཁན་གྱི་སྐྱེས་ཆེན་དམ་པར་བསྟེན་ནས་སེམས་སྡེའི་ཆོས་ཀྱི་གདམས་པ་དེ་མ་ཉམས་པར་བུ་སློབ་རྣམས་ལ་གདམས་པ་དང་།
བུ་སློབ་དང་ཡང་སློབ་དག་གིས་གདམས་པ་གཅིག་གིས་གཅིག་ལ་མནོས་ནས་མ་ཉམས་པར་བརྒྱུད་འཛིན་བྱས་སོ། །
གཉིས། སེམས་སྡེའི་ལྟ་གྲུབ་ཀྱི་སྐོར།
        རྙིང་མའི་ཐུན་མིན་གྱི་ལྟ་བ་སྟེ་རྫོགས་པ་ཆེན་པོ་འདི་ལ་གནའ་དེང་གི་མཁས་པ་ཚོས་མཚན་ཉིད་མང་པོ་བཞག་འདུག་སྟེ། ཀློང་ཆེན་རབ་འབྱམས་པའི་གྲུབ་མཐའ་མཛོད་དུ“སེམས་ཀྱིས་བྱས་པ་ནི་མ་དག་པ་འཁོར་བའི་ཆོས་སྣང་སྲིད་སྣོད་བཅུད་དུ་སྣང་བ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་དང་ ལྟ་སྒོམ་སྤྱོད་པ་ཐེག་པ་རྣམས་ཀྱི་གཞི་ལམ་འབྲས་བུར་བརྟགས་སོ་ཅོག་རྣམས་སེམས་ཀྱི་བག་ཆགས་འཁྲུལ་པ་སྟེ། སེམས་ཀྱི་བཟོ་བོས་གློ་བུར་དུ་བྱས་པའི་ཕྱིར་རོ། །དེ་དག་ད་ལྟ་འཁྲུལ་འཛིན་དུ་ཤར་བས་བདེན་བདེན་འདྲ་ཡང་དོན་ལ་ངོ་བོ་མ་གྲུབ་པས་རང་བྱུང་ཡེ་ཤེས་ཀྱི་ངང་ལས་མ་གཡོས་པའི་ཕྱིར་རྫོགས་པའོ། །”ཞེས་མདོར་ན་རྫོགས་པ་ཆེན་པོ་ཉིད་ནི་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཡོད་དོ་ཅོག་སེམས་ཀྱིས་བྱས་ཤིང་། འཁྲུལ་ཤེས་ཀྱི་དབང་གིས་ཕྱི་རོལ་གྱི་ངོས་ནས་བདེན་པར་གྲུབ་པར་སྣང་ཡང་། དོན་ལ་དེ་ལྟར་མིན་པ་དང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡིན་ཞེས་ཚིག་ཉུང་དོན་འདུས་པའི་སྒོ་ནས་གསལ་བཤད་བྱས་ཡོད། ཡང་གྲུབ་མཐའ་མཛོད་ལས“དེའང་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བ་ལ་སྣང་བ་ཐབས་ཀྱི་རང་བཞིན་ཕའི་རྒྱུད་མ་ཧཱ་ཡོ་ག་བསྟན་ལ། འདོད་ཆགས་ཤས་ཆེ་ཞིང་སེམས་དཔའ་ལ་དགའ་བ་ལ། སྟོང་ཉིད་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མའི་རྒྱུད་ཨ་ནུ་ཡོ་ག་བཤད་ཅིང་། གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་ཅན་ལ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་གསུངས་སོ”ཞེས་མ་ཧཱ་ཡོ་ག་ནི་ཐབས་དང་ཨ་ནུ་ཡོ་ག་ནི་ཤེས་རབ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཐབས་ཤེས་གཉིས་མེད་ཀྱི་རང་བཞིན་དུ་བསྟན།
        རྫོགས་པ་ཆེན་པོ་དེར་ཡང་ནང་གསེས་སུ་དབྱེ་ན། ཕྱི་སེམས་སྡེ་དང་། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་གསུམ་ཡོད་པ་ལས། སེམས་སྡེའི་སྐོར་ནི་ཀློང་ཆེན་རབ་འབྱམས་པའི་གྲུབ་མཐའ་མཛོད་དུ“ཡིད་ཅན་སེམས་ལ་སེམས་ཀྱི་སྡེ། ནམ་མཁའ་ཅན་ལ་ཀློང་གི་སྡེ། རིམ་རྩོལ་བྲལ་ལ་མན་ངག་གོ །”ཞེས་གསུངས་པར་ལྟར་མ་གཞི་རྩོལ་བྲལ་རྫོགས་པ་ཆེན་པོ་ཉིད་ནི་དབང་པོ་རྣོན་པོའི་ཉམས་སུ་བླངས་བྱ་ཡིན་པ་དང་། དེའི་ནང་གསེས་སེམས་སྡེ་ནི་དབང་རྣོན་ལ་རབ་འབྲིང་ཐ་གསུམ་དུ་ཕྱེས་པའི་དབང་རྣོན་ཐ་མའི་ཉམས་སུ་བླངས་བྱ་ཡིན་པ་ཤེས་ཐུབ། དེར་མ་ཟད་སེམས་སྡེ་ནི་ཀློང་སྡེ་དང་མན་ངག་གི་སྡེ་ལ་འཇུག་པའི་རྨང་གཞི་ལྟ་བུའང་ཡིན་པར་གྲགས། སེམས་སྡེའི་འདོད་ཚུལ་ནི་གྲུབ་མཐའ་མཛོད་ལས“དང་པོ་སེམས་ཀྱི་སྡེ་ལ་ངོ་བོ་སྣ་ཚོགས་སུ་སྣང་ཡང་སེམས་ཉིད་གཅིག་གི་རོལ་པ་ལས་མ་འདས་པར་འདོད་དེ་མེ་ལོང་གི་ངོས་གཅིག་ལ་དཀར་དམར་སྣ་ཚོགས་སུ་ཤར་བ་བཞིན་ནོ། །སྣ་ཚོགས་སུ་ཤར་བ་སེམས་ཀྱི་རང་བཞིན་ཡིན་ལ། དོན་ལ་མ་གྲུབ་ཅིང་གཉིས་སུ་མེད་པ་སེམས་ཀྱི་ངོ་བོ་སེམས་ཉིད་འོད་གསལ་བ་རང་བྱུང་གི་ཡེ་ཤེས་སུ་འདོད།”ཞེས་སྔར་བཞིན་སེམས་དེ་ཉིད་རང་བྱུང་གི་ཡེ་ཤེས་ཡིན་པར་བཤད་པ་དང་། རྙིང་མ་བས་སེམས་དང་རིག་པ་ལ་ཁྱད་པར་ཡོད་པར་དགོངས་སྟེ། ཐུའུ་བཀྭན་གྲུབ་མཐའ་ལས“སེམས་དང་རིག་པའི་ཁྱད་པར་མ་རིག་པའི་དབང་གིས་མི་འགྱུ་དགུ་འགྱུ་དྲན་པའི་གློ་བུར་གྱི་རྣམ་རྟོག་ལ་སེམས་དང་། མ་རིག་པས་བསླད་པ་མ་ཞུགས་པའི་དབང་གིས་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་ཞིང་། གསལ་སྟོང་འཛིན་མེད་ཀྱི་སྟོང་པ་ངོ་ཤེས་པ་ལ་རིག་པ་ཟེར། སེམས་ཀྱི་རྣམ་པ་སྣང་བའི་ཆ་དེ་འཁོར་བ་ཡིན། སེམས་ཀྱི་ངོ་བོ་སྟོང་པའི་ཆ་དེ་མྱང་འདས་ཡིན།”སེམས་དེ་ཉིད་ངོ་བོ་ཤེས་ཏེ་སེམས་ཉིད་གསལ་བ་དང་། སྟོང་པ། རིག་པ། རང་བྱུང་གི་ཡེ་ཤེས་སུ་ཤེས་ན་མྱང་འདས། དེ་ལས་ལྡོག་ཏེ་སེམས་ཀྱི་ངོ་བོ་སྒྲིབ་ན་འཁོར་བ། འོན་ཀྱང་། འཁོར་བ་དང་མྱང་འདས་གཉིས་སེམས་དེ་ལས་ལོགས་སུ་དབྱེ་རྒྱུ་མེད་པས་འཁོར་འདས་དབྱེར་མེད་དུ་འདོད།
སེམས་སྡེའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་འདོད་པ་འདི་ནི་ཁམས་བདེ་གཤེགས་སྙིང་པོའི་ལྟ་བ་ཡིན་པ་ངང་གིས་རྟོགས་ནུས། སེམས་ཅན་ཐམས་ཅད་ལ་ཐོག་མ་མེད་པ་ནས་སངས་རྒྱས་ཐུབ་པ་དང་འཚང་རྒྱ་རུང་གི་ས་བོན་ཡོད་ལ། སངས་རྒྱ་རུང་གི་ས་བོན་ནི་སེམས་འདི་ཉིད་ཡིན་པ་དང་། དེ་ན་ད་ལྟ་ཅིའི་ཕྱིར་སངས་རྒྱས་མ་ཐུབ་ཟེར་ན། སེམས་དེ་ཉིད་མ་གཞི་དྭངས་ཤིང་གསལ་བ། དྲི་མ་དང་བྲལ་བ་ཞིག་ཡིན་མོད། སེམས་དེ་ཉིད་ལ་མ་རིག་པའི་དྲི་མ་བསྒོས་པའམ་སྒྲིབ་གཉིས་ཀྱི་ས་རྡུལ་གྱིས་སྦགས་པས་མི་གསལ་བར་བྱས་པ་དང་། དེའི་དབང་གིས་ལས་སྣ་ཚོགས་བསགས་ནས་འཁོར་བར་འཁོར་རུ་བཅུག འོན་ཀྱང་དྲི་མ་དེ་ནི་སེམས་ཀྱི་ངོ་བོ་མིན་ཏེ། དེ་ཉིད་གནས་སྐབས་ཙམ་དང་། འདག་རུང་བའི་ཆོས་ཅན་ཡིན་པ་དང་། སེམས་ངོས་ཀྱི་དྲི་མ་དག་ཏུ་བཅུག་ནས་སེམས་ཉིད་སླར་ཡང་གསལ་བར་བྱས་ན། སངས་རྒྱས་པའོ། །དེ་ཡང་གསང་བ་སྙིང་པོ་ལས“དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ལས། །སངས་རྒྱས་གཞན་དུ་མ་འཚོལ་ཅིག བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །”ཞེས་རང་གི་སེམས་ཉིད་རྫོགས་པའི་སངས་རྒྱས་ཡིན་པ་དང་སེམས་དེ་ལས་ལོགས་སུ་རྫོགས་པའི་སངས་རྒྱས་ཤིག་མེད་ཅིང་། སེམས་ལས་ལོགས་སུ་སངས་རྒྱས་བཙལ་ན་རྙེད་མི་འགྱུར་བ་བསྟན་ཡོད། དེ་ན་སེམས་ངོས་ཀྱི་དྲི་མ་དེ་ཇི་ལྟར་འདག་ཏུ་བཅུག་ནས་སེམས་ཉིད་སླར་ཡང་གསལ་ཞིང་དྭངས་པར་བྱེད་ཅེས་ན། དེའི་ལམ་མམ་ཐབས་ནི། ཐུའུ་བཀྭན་གྲུབ་མཐའ་ལས་གསུངས་འདུག་སྟེ“ད་ལྟའི་རིག་པ་འདི་ལྷོད་དེ་བཞག་དུས་བཟང་རྟོག་དང་ངན་རྟོག་ལུང་མ་བསྟན་གསུམ་དང་བྲལ་བའི་སྟོང་སངས་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ལམ།” ཞེས་དང་། “ད་ལྟའི་རང་གི་རིག་པ་དྲི་མ་མེད་པ་གསལ་སྟོང་འཛིན་མེད་འདི་ཁ་ཡན་གློད་ཅིང་། རྣམ་རྟོག་སྣང་བ་གནས་འགྱུ་གང་ལ་ཡང་བཟང་ངན་དགག་སྒྲུབ་མི་བྱ་བར་རིག་སྟོང་རྗེན་པར་སྐྱོང་བ་འདི་རྫོགས་པ་ཆེན་པོ་སྒོམ་ཚུལ་གྱི་སྙིང་པོ་སློབ་དཔོན་ཆེན་པོའི་དགོངས་བཅུད་བླ་ན་མེད་པ་ཡིན་ནོ། །”ཞེས་སེམས་ཀྱི་འཆར་སྣང་ངམ་རྣམ་རྟོག་སྣ་ཚོགས་ཡོད་པ་དེ་དག་ཆེད་དུ་སྦྱང་མི་དགོས་པར་དེ་ལ་ཅི་ཡང་མི་བྱེད་པར་དེའི་ངང་དུ་བཞག་ན་རང་ཤུགས་ཀྱིས་ཡལ་ནས་སེམས་དེ་ཉིད་དྭངས་པར་འགྱུར་བར་འདོད། དེ་བས་སེམས་ངོས་ཀྱི་སྒྲིབ་པ་དག་ནས་སེམས་ཉིད་གསལ་བར་བྱས་ན་སྟོང་པ་ཉིད་ཀྱི་གོ་འཕང་འཐོབ་པར་འདོད།
        སེམས་སྡེ་ལའང་ནང་གསེས་ཀྱི་དབྱེ་བ་ལ། འབྲས་བུ་སེམས་ཀྱི་བྱུང་སར་འདོད་པའི་སེམས་ཕྱོགས། གོལ་སྒྲིལ་ལ་བཟླ་བའི་སེམས་ཕྱོགས་གསུམ། གཏན་ཚིགས་ཁུངས་རྡིབ་ཀྱི་སེམས་ཕྱོགས་པ། རྒྱ་ཆད་ཕྱོགས་ལྷུང་མེད་པའི་སེམས་ཕྱོགས། ཕྱོགས་འཛིན་གྲུབ་མཐའི་སེམས་ཕྱོགས། བློ་བྲལ་ཕྱོགས་འཛིན་ལས་འདས་པའི་སེམས་ཕྱོགས། སེམས་ཀྱི་ཕྱོགས་ཡིན་དུ་སྨྲ་བའི་སེམས་ཕྱོགས་པ་བཅས་བདུན་དུ་དབྱེ།
མདོར་དྲིལ་ན། རྙིང་མའི་རྫོགས་པ་ཆེན་པོ་སེམས་སྡེས་སྣང་བ་ཐམས་ཅད་སེམས་ཡིན་ལ། སེམས་དེ་རང་བྱུང་གི་ཡེ་ཤེས་སུ་འདོད་པ་དང་། རང་བྱུང་གི་ཡེ་ཤེས་དེ་ཉིད་ནི་སེམས་ཀྱི་ངོ་བོ་དང་། སྟོང་ཉིད་དུ་འདོད། སེམས་དེ་ཉིད་ལ་རྣམ་རྟོག་གང་མང་ཞིག་སྣང་མོད། དེ་ནི་སེམས་ཉིད་ལ་གློ་བུར་དུ་བྱུང་བ་དང་། རྣམ་རྟོག་དེ་དག་གིས་སེམས་ཀྱི་ངོ་བོ་སྒྲིབ་པར་བྱས་པས་འཁོར་བར་འཁོར་བ་དང་། དེ་ནས་ནམ་ཞིག་སེམས་ཉིད་ཀྱི་ངོ་བོ་དེ་རྟོགས་ན་སེམས་ཉིད་ལས་བྱུང་བའི་རྣམ་རྟོག་དེ་དག་རང་ཤུགས་ཀྱིས་ཡལ་ནས་སེམས་ཀྱི་གདོད་མའི་ངོ་བོ་དེ་ཉིད་སླར་ཡང་གསལ་བར་མངོན་པར་འདོད་དོ། །  
◆ རྩོམ་པ་པོ་ངོ་སྤྲོད། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2016ལོའི་ཞིབ་འཇུག་སློབ་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1