༄༅།། ཁྱོ་མང་ཤུག་གཅིག་དང་ཤུག་མང་ཁྱོ་གཅིག་གི་སྐོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 01-31


   དེ་སྔའི་བོད་ཀྱི་སྤྱི་ཚོགས་ཀྱི་ནང་དུ་ཁྱོ་མང་ཤུག་གཅིག་དང་ཤུག་མང་ཁྱོ་གཅིག་གཉིས་ཀའི་ལུགས་སྲོལ་མེད་པ་མ་ཡིན་པས་དེ་དག་ཇི་ལྟར་བྱུང་ཚུལ་སོགས་ཀྱི་ཡང་མདོ་ཙམ་བར་བྱ་སྟེ།

དང་པོ། ཁྱོ་གཅིག་ཤུག་མང་།
  གནའ་དུས་ཀྱི་རྒྱལ་པོ་ལྟ་བུར་ནི་བཙུན་མོ་བཞི་ལྔ་ཡོད་པ་ལས་བློན་པོ་དང་མི་སེར་དཀྱུས་མའི་ཁྲོད་དུ་ཆུང་མ་མང་པོ་ལེན་པའི་སྲོལ་མེད་པ་མ་ཡིན། འདི་ཧ་ཅང་ཉུང་ཉུང་ཡིན་ཞེས་པ་ལས་དེ་ལྟར་མེད་པ་མ་ཡིན་པ་བསྟན་ཡོད་པས་གནས་ཚུལ་ཇི་ལྟ་བུའི་འོག་ཆུང་མ་ལེན་གྱི་ཡོད་དམ་སྙམ་ན་རྒྱུ་མཚན་གཙོ་བོ་ནི་ཁྱིམ་ཚང་ཞིག་གི་ཁྱིམ་ཐབས་ལ་ཡུན་རིང་ཕྲུ་གུ་མ་སྐྱེད་པ་ཡིན་ན་ཁྱིམ་གྱི་མི་རྒྱུད་མ་ཆད་པའི་ཆེད་དུ་ཁྱིམ་ཐབས་དེ་རང་གི་གཅུང་མོའམ་དེའི་སྤུན་མཆེད་ལྟ་བུ་ཞིག་ཆུང་མར་ལེན་གྱི་ཡོད་པ་རེད། ཁྱོ་གཅིག་ཤུག་མང་ཡོང་གཞི་གཞན་ཞིག་ནི་ཁྱིམ་ཚང་འགའ་ཞིག་ལ་བུ་མེད་པར་བུ་མོ་གསུམ་བཞི་ཙམ་ཡོད་པ་ཡིན་ན་རྩ་བའི་ཆ་ནས་བུ་མོ་རྒན་པ་ཁྱིམ་འཛིན་དུ་ཉར་ནས་དེ་ལ་མག་པ་ལེན་པ་དང་བུ་མོ་ཆུང་བ་རྣམས་མནའ་མར་གཏོང་གི་ཡོད། འོན་ཀྱང་ཁྱིམ་ཚང་གི་མི་ཆ་ཉུང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་བུ་མོ་གཉིས་ལ་མག་པ་གཅིག་བླངས་པའང་རེ་ཟུང་ཡོད་པ་རེད།
གཉིས་པ། ཁྱོ་མང་ཤུག་གཅིག
  དབུས་གཙང་ཁུལ་གྱི་གྲོང་གསེབ་མང་པོར་ཁྱིམ་ཚང་གཅིག་ལ་བུ་གཉིས་སམ་གསུམ་ཡོད་ན་དེ་དག་ལ་མཉམ་དུ་མནའ་མ་གཅིག་ལེན་གྱི་ཡོད། དེའི་རྒྱུ་མཚན་ནི། བུ་རེར་མནའ་མ་རེ་བླངས་པ་ཡིན་ན་ཁྱིམ་ཚང་གི་ཁང་པ་དང་ས་ཞིང་བགོ་བཤའ་བྱེད་དགོས་པ་ཡོང་གི་ཡོད་པས་དེ་ལྟར་བགོ་བཤའ་རྒྱག་དགོས་པ་བྱུང་ན་ཁྱིམ་ཚང་འཐོར་ཞིག་ཏུ་སོང་ཉེན་ཆེ་བས་ཧ་ཅང་ངན་པར་བརྩི་བ་མ་ཟད། ལྷག་པར་དུ་ཞིང་གྲོང་ཁག་ཏུ་མཚོན་ན་བུ་རེར་ས་ཞིང་ལྷེབ་ཙམ་རེ་སྤྲོད་དགོས་བྱུང་ན་ནང་མ་ཚང་གི་ས་ཞིང་རྒྱ་ཆུང་དུ་འགྲོ་རྒྱུ་ཡིན་ཅིང་ས་ཞིང་ཇི་ཙམ་རྒྱ་ཆུང་དུ་སོང་བ་དེ་ཙམ་གྱི་ཁྱིམ་ཚང་ཨ་མ་དེ་ཉམས་རྒུད་དུ་སོང་བར་ངོས་འཛིན་བྱེད་པ་སྟེ་ཁྱིམ་ཚང་ཆེ་ཆུང་ནི་ས་ཞིང་རྒྱ་ཆེ་ཆུང་ལ་རག་ལས་པའི་ལྟ་ཚུལ་ཞིག་ཡོད་པས་སོ། དེས་ན་ཁྱིམ་ཚང་འགའ་ཞིག་གི་བུ་རྒན་གཞོན་སུ་རུང་ཞིག་གིས་ནང་གི་མནའ་མ་དང་མ་མཐུན་པར་ཕྱི་ནས་བུད་མེད་གཞན་ཞིག་དང་བཟའ་ཚང་བསྒྲིགས་པ་ཡིན་ཀྱང་ཁྱིམ་ནས་ལོགས་སུ་མ་དོན་པར་རང་རང་གི་ཁྱིམ་དུ་བསྡད་ནས་མི་ཚེ་སྐྱེལ་མཁན་ཡང་ཡོད་པ་རེད། དེའི་རྒྱུ་མཚན་ཡང་ཁྱིམ་ཚང་བགོ་བཤའ་རྒྱག་མི་དགོས་པའི་ཆེད་དུ་ཡིན་པ་རེད། གོང་དུ་བཤད་པ་ལྟར་བུ་གཉིས་གསུམ་ལ་མནའ་མ་གཅིག་ལེན་སྲོལ་འདི་ནི་གྲོང་གསེབ་ཁག་ཏུ་ཡོད་པ་ལས་གྲོང་ཁྱེར་ཁག་དང་མཐོ་རིམ་སྤྱི་ཚོགས་ཀྱི་ནང་དུ་མཐོང་རྒྱུ་དཀོན་པོ་ཡིན།
  རྒྱས་བསྡུས་ཙམ་མ་གཏོགས་གྲོང་ཁྱེར་དང་ཞིང་ཁུལ་དབར་གཉེན་སྒྲིག་བྱེད་ཚུལ་ལ་ཁྱད་པར་ཆེ་བ་མེད་པར་བརྟེན་གཙང་ཁུལ་གྱི་གཉེན་སྒྲིག་དང་དབུས་ཁུལ་གྱི་གཉེན་སྒྲིག་ཅེས་སོ་སོར་ལོགས་སུ་མ་བཀོད་ཅིང་འབྲོག་ཁུལ་གྱི་གཉེན་སྟོན་བྱེད་ཚུལ་ནི་གྲོང་ཁྱེར་ཁུལ་སོགས་དང་མི་འདྲ་བའི་ཁྱད་པར་འགའ་ཞིག་ཡོད་པ་རེད།།
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1