གཙོ་ངོས།>> དེང་རབས་མི་སྣ།>>རིག་གནས་སློབ་གསོ།

ཆོས་འཛིན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༨ཚེས་༡༢ཉིན།

ནོར་བུ་རྒྱལ་མཚན།

མི་སྣ་གནས་ཚུལ་མདོར་བསྡུས།
           ནོར་བུ་རྒྱལ་མཚན།1956ལོར་སི་ཁྲོན་ཞིང་ཆེན་ཉག་རོང་རྫོང་དུ་སྐྱེས།རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་པོའི་རྒྱུགས་སྤྲོད་བསྐྱར་གསོ་བྱས་པའི་ལོ་དང་པོ་སྟེ།1977ལོར་ལྷོ་ནུབ་མི་རིགས་སློབ་གླིང་དུ་རྒྱུགས་འཕྲོད།  1982 ལོར་སློབ་ཐོན་བྱུང་རྗེས་སློབ་གྲྭར་དགེ་རྒན་བྱེད།སློབ་མ་དུས་ཀྱི་པན་ཀྲང་ནས་མི་རིགས་སྐད་ཡིད་མ་ལག་གི་སློབ་མ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་བ།དེ་འདྲ་རིམ་བཞིན་འཚར་ལོངས་བྱུང་ནས1992ལོར་ཡོའན་ཀྲང་གཞོན་པའི་འགན་བཞེས།ད་སང་ཁོང་ནི་བོད་རིག་པའི་ཆེད་ལས་ཤེས་ཡོན་ཅན་དང་དགེ་རྒན་ཆེན་མོ་ཡིན་པར་མ་ཟད།1999ལོ་ནས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་པོའི་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས་ཀྱི་ཡོད།
           2007ལོའི་ཟླ་བ5པའི་ཚེས1ཉིན་གྱི་གུང་གསེང་དུས་དང་བསྟུན་ནས་ང་ཚོ་སློབ་གྲོགས་ཚོ་མ་ཡུམ་སློབ་གྲྭར་མཉམ་འཛོམ་དང་ལྟ་སྐོར་བྱེད་པར་ཕྱིན་པ་ཡིན།མ་ཡུམ་སློབ་གྲྭར་དངོས་སུ་ལྟ་སྐོར་བྱེད་དུས་རང་ཉིད་ཧ་ལས་དགོས་པ་དང་སེམས་འགུལ་ཐེབས་འོས་པའི་བྱ་བ་མང་པོ་འདུག།དེའི་ཐོག་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱེད་པ་ཉན་རྗེས།ཁོ་བོར་མྱོང་ཚོར་ཆེན་པོ་གཉིས་ཡོད་འདུག།གཅིག་ནས་དེང་སང་གི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་པོ་དང་སྔོན་མ་གཏན་ནས་སྡུར་ཐབས་མེད་པ་དང་།གཉིས་ནས་ད་ལྟའི་འདི་འདྲ་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་ཆེན་པོ་བྱུང་བ་ནི་སློབ་གྲྭ་ལ་ནོར་བུ་རྒྱལ་མཚན་གྱིས་གཙོ་པའི་འགོ་ཁྲིད་སྟོབས་ལྡན་ཞིག་ཡོད་པའི་རྐྱེན་གྱིས་ཡིན་པ་ཤེས་བྱུང་།དེ་ནས་སྨྱུག་འཛིན་པས་དེའི་སྐོར་འབྲེལ་ཡོད་མི་སྣ་དང་ནོར་བུ་རྒྱལ་མཚན་ཁོང་དངོས་ལ་བཅར་འདྲི་ཞུས་པ་ཡིན།
            ཁོ་ཚོས་བཤད་པར་བལྟས་ན།1999ལོའི་ཟླ11པར་ནོར་བུ་རྒྱལ་མཚན་གྱིས་སློབ་གྲྭའི་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས་དུས་ལྷོ་ནུབ་མི་རིགས་སློབ་གྲྭ་ནི་ཆེས་དཀའ་ངལ་གྱི་དུས་ཡིན་པ།དེ་དུས་སློབ་གྲྭ་ཡོངས་ལ་ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ3000དང་དར་མ་སློབ་གསོའི་སློབ་མ3000ལས་མེད་ཐོག།སློབ་གླིང་གི་རྒྱ་ཁྱོན་ཡང་བཙོངས་པ་སོགས་ཀྱི་རྐྱེན་གྱིས་ཚ་ཉུང་ཕྱིན་ནས་མུའུ507ལས་ལྷག་མེད་ཅིང་འཕེལ་རྒྱས་གཏོང་རྒྱུའི་མ་དངུལ་ཐད་དཀའ་ངལ་ཆེན་པོ་ཡོད་པ་རེད།དགེ་རྒན་ཆེན་མོ་རྒན་གཞོན་གྱི་ཆ་སྙོམས་ཟླ་ཕོགས་སྒོར1500ཁ་མི་ལངས་པ།ཆེས་སྡུག་པ་ནི་སློབ་མ་སྡུད་རྒྱུའི་ཐད་དཀའ་ངལ་ཆེན་པོ་ཡོད་པ།ལོ་རེའི་སློབ་མ་སྡུད་དུས་སྐར་གྲངས་ཆེས་ཆེར་མར་ཕབ་ནས་སློབ་མ་སྡུད་དགོས་པའི་ག་བྱེད་འདི་བྱེད་མེད་པའི་གནས་སུ་གྱར་བ།
            སློབ་གྲྭ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྱི་དཀའ་ངལ་མདུན་དུ།གྲངས་ཉུང་མི་རིགས་ཀྱི་མི་རབས་གསར་པའི་ཤེས་ཡོན་ཅན་དང་མ་ཡུམ་སློབ་གྲྭར་བརྩེ་སེམས་ཟབ་མོ་ཡོད་པའི་ནོར་བུ་རྒྱལ་མཚན་ལ་སློབ་གྲྭ་འཕེལ་རྒྱས་གཏོང་རྒྱུ་ནི་རང་ཉིད་ཀྱི་མཐའ་དག་ཡིན་པའི་མྱོང་ཚོར་ཟབ་མོ་ཡོད།དེ་ནས་ཁོང་གིས་རང་རྒྱལ་མི་རིགས་ཀྱི་མཐོ་རིམ་སློབ་གསོ་ལས་དོན་ལ་ནུས་ཤུགས་གང་ཡོད་འབུལ་བ་དང་མི་རིགས་ཁག་ཐུམ་མོང་དུ་དར་རྒྱས་གོང་འཕེལ་ཡོང་བར་ཚེ་གང་འབད་བརྩོན་བྱ་རྒྱུའི་སེམས་ཐག་བཅད།
         སྙིང་རུས་ཡོད་ན་དོན་རྣམས་འགྲུབ་ཅེས་པ་ལྟར།ནོར་བུ་རྒྱལ་མཚན་གྱིས་གཙོ་འགན་བཞེས་པ་ནས་བཟུང་།ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་ཕོད་པར།ཏང་གི་མི་རིགས་སྲིད་ཇུས་དང་ཁྲིམས་ལུགས།ཁྲིམས་སྲོལ་བཅས་སློབ་སྦྱོང་ནན་ཏན་བྱས་ཤིང་དུས་སྐབས་གསར་པའི་མཐོ་རིམ་སློབ་གསོ་གཉེར་བའི་ཆོས་ཉིད་བློ་རྩེ་བསྒྲིམས་ནས་ཞིབ་འཇུག་བྱས་ཐོག།འཛམ་གླིང་གི་མཐོ་རིམ་སློབ་གསོ་དང་རྒྱལ་ནང་གི་སྤུན་ཟླ་སློབ་གླིང་གིས་སློབ་གྲྭ་གཉེར་བའི་སྔོན་ཐོན་འདུ་ཤེས་མེ་ལོང་དུ་འཛིན།དེ་ནས་ཁོང་གིས་མི་རིགས་སློབ་གསོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་གྲྭའི་འགོ་ཁྲིད་ཚོགས་པ་དང་མཉམ་དུ་སློབ་གྲྭ་གཉེར་རྒྱུའི་ཐད་སྔར་ལྷག་གིས“གྲངས་ཉུང་མི་རིགས་ལ་ཞབས་འདེགས་ཞུ་བ་དང་གྲངས་ཉུང་མི་རིགས་ས་ཁུལ་ལ་ཞབས་འདེགས་ཞུ་རྒྱུའི་”དམིགས་ཡུལ་གསལ་པོ་བཟོས་པ་དང་ཆབས་ཅིག  “ལྔ་བཅུ”འཆར་གཞིའི་དུས་རིམ་ནང་མཆོང་རྒལ་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུའི་སྤྱི་ཡོངས་ཀྱི་བསམ་ལམ་བཏོན།ད་དུང་དེ་དང་བསྟུན་པའི“ཕྱི་ལ་བསྐྱར་དུ་རྣམ་པ་ཡག་པོ་བཟོ་བ་དང་ནང་ལ་ནུས་ཤུགས་སྒྲིལ་བའི”བཅོས་བསྒྱུར་གྱི་བྱེད་ཐབས་རབ་དང་རིམ་པ་སྤེལ་བ།སློབ་གྲྭས་སློབ་གཉེར་གྱི་ཆ་རྐྱེན་ལེགས་བཅོས་གཏོང་རྒྱུ་ནས་འགོ་འཇུས་ཏེ་ཐབས་ལམ་སྣ་མང་བརྒྱུད་དེ་མ་དངུལ་གྲབས་གསོག་དང་ཟམ་མི་ཆད་པར“རྟེན་གཞི་གཉིས”(ནུབ་ཕྱོགས་མི་རིགས་ས་ཁུལ་གྱི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་རྟེན་གཞི་གལ་ཆེན་དང་ནུབ་ཕྱོགས་མི་རིགས་ས་ཁུལ་གྱི་ཚན་རིག་ཞིབ་འཇུག་དང་ཚན་རྩལ་གསར་སྦོལ།ཚན་རྩལ་བློ་འདྲི།ཚན་རྩལ་གསར་སྐྲུན་བཅས་ཀྱི་རྟེན་གཞི་གལ་ཆེན)འཛུགས་སྐྲུན་བྱ་རྒྱུའི་ཆུ་ཚད་མཐོ་རུ་བཏང་ནས་དེང་རབས་ཀྱི་ཉམས་འགྱུར་ལྡན་ལ་མི་རིགས་ཀྱི་ཁྱད་ཆོས་ཀྱང་ལྡན་ཞིང་།ཆ་འཕྲིན་ཅན་དང་སྐྱེ་ཁམས་ཅན་མཉམ་དུ་འདྲེས་པའི་སློབ་ཁུལ་གསར་པ་བརྒྱབ་ཐོག་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་སྒྲིག་ཆས་འབོར་ཆེན་ཉོ་བ།སློབ་གྲྭའི་ཁོར་ཡུག་མཛེས་པོ་བཟོ་བ།ཞབས་ཞུའི་སྒྲིག་ཆས་འཐུས་ཚང་གཏོང་བ་སོགས་བྱས་ཏེ་སློབ་གྲྭའི་སློབ་གཉེར་གྱི་ཆ་རྐྱེན་རྩ་བའི་ཐོག་ནས་ལེགས་བཅོས་བཏང།དུས་མཉམ་དུ་སྲིད་འཛིན་གྱི་སྒྲིག་གཞི་དང་སློབ་ཁྲིད་ཀྱི་མ་ལག།མི་དོན་བསྐོ་མངག་ལམ་ལུགས།མཁོ་སྒྲུབ་ལས་ཀ་སྤྱི་ཚོགས་ཅན་སོགས་ཀྱི་ཐད་ལ་བློ་གཤོགས་ཆེན་པོས་བཅོས་བསྒྱུར་མགྱོགས་ཤིང་དྲག་པོ་བྱས་སྟབས།ཚང་མའི་ལས་ཀའི་ཧུར་སེམས་སྐུལ་སློབ་ཆེ་རུ་གཏོང་བ་རེད།
           དགེ་རྒན་དང་ལས་རོགས་ཡིན་ནའང་འདྲ།སློབ་གྲོགས་དང་སློབ་མ་ཡིན་ནའང་འདྲ།ཚང་མས་ཁོང་གིས་ཤེས་ལྡན་མི་སྣ་ལ་བརྩི་མཐོང་དང་སེམས་ཁུར་བྱེད་ལུགས་དང་།དགེ་རྒན་དང་ལས་བཟོ་ལ་སེམས་ཁུར་བྱེད་པ།སློབ་མར་བྱམས་སེམས་བྱེད་པ་སོགས་གླེང་དུས་རྫོགས་རྫོགས་མེད་པར་བཤད་རྒྱུ་ཡོད་པ་རེད།
          ནོར་བུ་རྒྱལ་མཚན་གྱིས་སློབ་གྲྭའི་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས་མ་ཐག་གོང་རིམ་རྩ་འཛུགས་ལ་སྙན་སེང་ཞུས་ནས་སྤྱོད་ཡོན་གཉིས་ལྡན་གྱི་དབྱིས་རིགས་ཀྱི་ཚན་རིག་པ་དང་ཐེངས་དང་པོར་དབྱིས་རིགས་ཀྱི་ཡི་གེ་གློག་ཀླད་ཐོག་རྒྱག་ཐུབ་པ་བཟོ་མཁན་ས་མ་ལ་ཡི་སློབ་གླིང་གི་ཡོའན་ཀྲང་གཞོན་པ་བསྐོ་གཞག་བྱས།ད་དུང་ལོ་ན་གཞོན་ལ་འཇོན་ནུས་ཆེ་བའི་དོ་དམ་གྱི་ཆེད་ལས་མཁས་པ་དང་།སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་ཐད་གྲུབ་འབྲས་མངོན་གསལ་ཡོད་པའི་ཡོན་ཏན་ཅན་དང་དངོས་སྒྲུབ་པ་ཁག་གཅིག་ལ་ལས་འགན་ལྗིད་པོ་དཀྲིས།དེའི་ཐོག་གཟིགས་སྐྱོང་ཆེན་པོ་སྤྲད་ནས་དགེ་རྒན་ཆེན་མོ་དང་ཡོན་ཏན་ཅན་སོགས་ཤེས་ལྡན་མི་སྣ་སྐད་གྲགས་ཅན་གདན་པ་དང་ཁོང་ཚོར་ཁང་པ་དང་ལག་བཟུང་གློག་ཀླད་སྤྲད་པ་རེད།ཐེངས་ཤིག་དགེ་རྒན་ཆེན་མོ་གཅིག་ལ་ཁང་པ་སྤྲོད་རྒྱུ་མི་འདང་དུས་ནོར་བུ་རྒྱལ་མཚན་གྱིས་ཁོང་རང་གི་ཁང་པ་དེར་སྤྲད་པ་རེད།སློབ་གླིང་ལ་སྔོན་མར་ཡུལ་གཉིས་སུ་བསྡད་པའི་བཟའ་ཚང་བཅུ་ཕྲག་ཁ་ཤས་ཡོད།1992ལོ་ནས་ཡོའན་ཀྲང་གཞོན་པའི་འགན་བཞེས་ཏེ་མི་དོན་ལས་ཀ་དོ་དམ་བྱས་པ་ནས་བཟུང་།ཁོང་གིས་དངོས་སུ་ཡར་འགྲོ་མར་རྒྱུག་བྱས་ནས་བཟའ་ཚང་དེ་དག་གི་ལས་གནས་སྤོ་རྒྱུའི་ལས་ཀ་བསྒྲུབས་པས།ལོ་ངོ་བཅུ་ལྷག་ནང་བཟའ་ཚང་ལྔ་བཅུ་ལྷག་ལས་གནས་སྤོ་ཐུབ་ཡོད།གཞན་ཡང་སློབ་མ་ཚོས་བརྗེད་སྲིད་ཀྱི་མ་རེད།2000ལོར།སློབ་མ་གསར་པའི་མིང་ཐོ་འགོད་དུས།བོད་ལྗོངས་ནས་ཡོང་བའི་སློབ་མ་ཞིག་དང་ལིའང་ཧྲན་ནས་ཡོང་བའི་སློབ་མ་ཞིག་གཉིས་ཀྱི་རྐང་པར་སྐྱོན་ཡོད་སྟབས།གཏན་འབེབས་ལྟར་སྡུད་མི་ཆོག་པ་རེད།གཞན་ཡང་སློབ་མ་གཉིས་ཀྱི་ལུས་ཐོག་ལ་སློབ་རིན་སྤྲོད་རྒྱུ་སྒོར་ཉིས་སྟོང་ཡང་ཁ་མི་ལངས་པ།ལུས་པོ་ཚད་མཐུན་མིན་ཐོག་སློབ་རིན་ཡང་མི་འདང་བས།བོད་རིགས་དང་དབྱིས་རིགས་ན་གཞོན་དེ་གཉིས་རེ་བ་ཆད་ནས་ལྔ་པའི་ལམ་དུ་འགྲོ་རྒྱུའི་བསམ་ཚུལ་ཡང་ཡོད་པ་རེད།གནས་ཚུལ་དེ་ཤེས་རྗེས།ནོར་བུ་རྒྱལ་མཚན་གྱིས་སློབ་མ་སྡུད་མཁན་གཞུང་ལས་ཁང་ལ་སློབ་རིན་མི་དགོས་པར་ལུས་པོ་སྐྱོན་ཅན་གྱི་ན་གཞོན་དེ་གཉིས་སྡུད་དགོས་པའི་མཛུབ་སྟོན་གནང་བ་རེད།སློབ་སྦྱོང་ཐོག་སྡུག་རུས་ཆེ་ལ་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མ་དེ་ཚོར་སློབ་སྦྱོང་གི་ཆ་རྐྱེན་ཡག་པ་ཞིག་བསྐྲུན་ཆེད།སློབ་གྲྭས་ལོ་རེར་སྒོར་ཁྲི150ལྷག་ཙམ་བཏང་ནས་ཆེས་དབུལ་ཕོངས་ཀྱི་སློབ་མའི་སློབ་རིན་དུ་སྤྱད་པ་རེད།
         གཞན་ཡང་།2002ལོར་ནོར་བུ་རྒྱལ་མཚན་ཕ་ཡུལ་ཉག་རོང་དུ་གཉེན་ཉེ་ཐུག་སར་འགྲོ་དུས་དྭ་ཕྲུག་གསུམ་གསོ་མཁན་མེད་ནས་སློབ་མཚམས་འཇོག་གྲབས་ཡོད་པ་ཤེས་རྗེས།ཁོང་གིས་དེ་མ་ཐག་ཏུ་དྭ་ཕྲུག་གསུམ་སློབ་ཐོན་མ་བྱུང་བར་དུ་གསོ་རྒྱུ་བྱས་པ་རེད།
ཁོང་གི་བྱས་རྗེས་དེ་མདོར་བསྡུས་ལས་ཚང་མ་བཤད་ཐབས་མེད་པ་རེད།དེ་ལས1999ལོར་ཁོང་གིས་ལྷོ་ནུབ་མི་རིགས་སློབ་གླིང་གི་ཏང་ཨུ་ཧྲུའུ་ཅིའི་འགན་མ་བཞེས་སྔོན་དང་ད་ལྟའི་གནས་ཚུལ་བསྡུར་ན་ཅུང་གསལ་པོ་ཤེས་ཐུབ་ཀྱི་རེད།
          1999ལོར་ལྷོ་ནུབ་མི་རིགས་སློབ་གྲྭར་སློབ་མ་ཁྱོན་བསྡོམས6000ལྷག་དང་མ་ལག་དགུ།པུའུ་གཅིག  དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་ཉེར་གསུམ།རབ་འབྱམས་པ་གསོ་སྐྱོང་བྱེད་ས་བཅུ་གཉིས་བཅས་ལས་མེད།2003ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་གནང་བ་བརྒྱུད་སློབ་གྲྭ་དེ་ལྷོ་ནུབ་མི་རིགས་སློབ་གླིང་ནས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་པོར་བསྒྱུར་བ།2005ལོར་སླེབས་དུས།སྔོན་དུས་སློབ་གླིང་གི་རྒྱ་ཁྱོན་མུའུ507ལས་ལྷག་མེད་པ་དེ་མུའུ1600ལ་རྒྱ་སྐྱེད་བཏང་བ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི49ཡོད།ད་ལྟར་སློབ་གྲྭ་ཡོངས་ལ་མི་རིགས་ང་ལྔའི་སློབ་མ་ཁྱོན་བསྡོམས20000ལྷག་དང་འོག་ལ་རྩོམ་རིག་སློབ་གླིང་དང་ཁྲིམས་ལུགས་སློབ་གླིང་།དཔལ་འབྱོར་སློབ་གླིང་།དོ་དམ་སློབ་གླིང་།ལྗོངས་རྒྱུ་དང་ལོ་རྒྱུས་རིག་གནས་སློབ་གླིང་།སྒྱུ་རྩལ་སློབ་གླིང་།རྩིས་འཁོར་ཚན་རིག་དང་ལག་རྩལ་སློབ་གླིང་།གློག་ཤུགས་ཆ་འཕྲིན་ཨར་ལས་སློབ་གླིང་།རྫས་འགྱུར་དང་ཁོར་ཡུག་སྲུང་སྐྱོང་ཨར་ལས་སློབ་གླིང་།ཚེ་སྲོག་ཚན་རིག་དང་ལག་རྩལ་སློབ་གླིང་།དར་མ་སློབ་གསོའི་སློབ་གླིང་།ལས་རིགས་ལག་རྩལ་སློབ་གླིང་།གློག་ཀླད་དྲ་བ་སློབ་གསོའི་སློབ་གླིང་།རྒྱལ་སྤྱིའི་སློབ་གསོ་སློབ་གླིང་།བོད་རིག་པའི་སློབ་གླིང་།དབྱིས་རིགས་རིག་པའི་སློབ་གླིང་།  གྲ་སྒྲིག་འཛིན་གྲྭ་སློབ་གསོའི་སློབ་གླིང་།ཕྱི་རྒྱལ་གྱི་སྐད་ཡིག་སློབ་གླིང་སོགས་སློབ་གླིང་བཅོ་བརྒྱད་དང་མ་ལག་གཅིག།པུའུ་གཉིས།དངོས་གཞིའི་ཚན་ཁག་ཞེ་བདུན།རབ་འབྱམས་པ་གསོ་སྐྱོང་བྱེད་ས་ཉེར་བརྒྱད།འབུམ་རམས་པ་གསོ་སྐྱོང་བྱེད་ས་གཅིག་བཅས་ཡོད།གཞན་ཡང་རྒྱལ་ཁབ་བཅོ་ལྔའི་སློབ་སྦྱོང་དུ་ཡོང་མཁན་སློབ་གྲྭ་བས་སློབ་གྲྭ་དེར་སློབ་སྦྱོང་བྱེད་བཞིན་ཡོད།སློབ་གྲྭ་ཡོངས་ལ་དགེ་རྒན་དང་ལས་བཟོ1300ལྷག་དང་དགེ་རྒན་ཆེན་མོ་རྒན་གཞོན400ལྷག་ཡོད།
           ཉེ་བའི་ལོ་ཤས་རིང་།སློབ་ཁྲིད་ཆ་འཕྲིན་ཅན་དང་ཨང་གྲངས་ཅན།གློག་ཀླད་དྲ་བ་ཅན་བཅས་ཀྱི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་འཚོལ་ཞིབ་བྱས་ཡོད།མིག་སྔར།རང་ཉིད་ཀྱི་ཁྱད་ཆོས་ལྡན་ཞིང་དུས་རབས་ཀྱི་ཁྱད་རྟགས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མ་ལག་ཐོག་མར་ཆགས་པ་དང་དེང་རབས་མཐོ་རིམ་སློབ་གསོའི་སློབ་ཁྲིད་འཁོར་སྐྱོད་ཀྱི་སྒྲིག་གཞི་ཞིག་ཐོག་མར་ཆགས་ཡོད།དེ་ལས་ཧ་ལས་དགོས་པ་ནི་ལོ་འདི་ཤས་རིང་གི་འབད་བརྩོན་བྱས་པར་བརྒྱུད་ལྷོ་ནུབ་མི་རིགས་སློབ་གླིང་དེ་སྔོན་མའི་རྒྱལ་ཡོངས་ཀྱི་སྤྱིར་བཏང་སློབ་གྲྭ་ཆེན་པོའི་མཇུག་གྲལ་རིགས་ནས་སྔོན་གྲལ་དུ་སླེབས་ཡོད།ད་ལྟར་སློབ་གྲྭ་ལ་ཚན་རིག་ཞིབ་འཇུག་གི་ནུས་པ་ཅུང་ཆེ་ཙམ་ཡོད།ལྷོ་ནུབ་མི་རིགས་ཞིབ་འཇུག་སློབ་གླིང་དང་ཕྱུགས་ལས་སྨན་བཅོས་ཞིབ་འཇུག་ཁང་།ནུབ་རྒྱུད་གསར་སྦོལ་ཆེན་པོ་ཞིབ་འཇུག་ཁང་།མ་རྩ་ཚོང་ར་ཞིབ་འཇུག་ཁང་།རང་བྱུང་ཐོན་ཁུངས་ཞིབ་འཇུག་ཁང་།འདུས་ཚད་མཐོ་ཞིང་གཙང་བའི་སྭེལ་ཞིབ་འཇུག་ཁང་།རྒྱུ་ཆའི་དངོས་ལུགས་ཀྱི་འགྱུར་བ་དང་རྫས་འགྱུར་ཞིབ་འཇུག་ཁང་།གྲངས་ཉུང་མི་རིགས་ཀྱི་སྨན་རྫས་ཞིབ་འཇུག་ཁང་སོགས་ཞིབ་འཇུག་ལས་ཁུངས་ཉི་ཤུ་ཙམ་ཡོད་པ་རེད།ད་དུང་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་རིག་གཞུང་རྩ་འཛུགས་བཅུ་ལྷག་སློབ་གྲྭ་དེར་ཟུར་རྟེན་བྱས་ཡོད།ལྷག་པར་དུ་རྒྱུ་ཆ་གསར་པ་ཞིབ་འཇུག་དང་གསར་བཟོ་དང་།ཕྱུགས་ལས་སྨན་བཅོས་ཀྱི་རིགས་གཞུང་དང་ལག་རྩལ།གནའ་གཞུང་རྩོམ་རིགས།མི་རིགས་རིག་གནས་ཞིབ་འཇུག(བོད་དང་དབྱིས།ཆའང་།མིའོ།)གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གློག་ཀླད་ཆ་འཕྲིན་ཐོག་སྤྱོད་རྒྱུ(དབྱིས་དང་བོད།ཏའེ།)སོགས་ཀྱི་ཁྱབ་ཁོངས་ནང་གི་ཞིབ་འཇུག་གྲུབ་འབྲས་དེ་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལས་རིགས་ཐད་སྐད་གྲགས་ཅུང་ཆེ་ཙམ་ཡོད་པ་རེད།
          ལྟ་སྐོར་དང་བཅར་འདྲི་མཇུག་སྒྲིལ་དུས།མཚན་མོའི་གོས་རས་ཀྱིས་ས་གཞི་རིམ་བཞིན་གཡོགས་ཀྱི་འདུགཁོ་བོ་དང་དགེ་རྒན་ཞིག་མཉམ་དུ་སློབ་ཁུལ་གསར་པའི་གཞུང་ལས་ཁང་གི་ཐོག་ཁང་མཐོ་པོར་ལངས་ནས་རྒྱང་ལྟ་བྱེད་ཞོར་གླེང་མོལ་བྱེད་པ་ཡིན།ཁོས་ང་ལ་ད་ལོ་སློབ་ཁུལ་གསར་པ་ད་དུང་རྒྱ་སྐྱེད་་གཏོང་རྒྱུ་ཡིན་ཞིང་དེའི་ཐད་ཀྱི་ས་མལ་མུའུ400ཉོ་ཚར་བ་རེད་ཅེས་བཤད་བྱུང་།ཁོས་མཛུབ་མོ་སྟོན་ས་ཕྱོགས་ཕར་རྒྱང་ལྟ་བྱེད་དུས།སློབ་ཁུལ་གསར་པའི་བྱང་ཕྱོགས་ཧྲོང་ལིའུ་གནམ་གྲུ་ཐང་ནས་ཡུན་ཙམ་ཡུན་ཙམ་ལ་གནམ་གྲུ་རེ་མཚན་མུན་འོག་གསལ་ལང་གསལ་ལང་ངང་ཡར་འཕུར་ལྡིང་བྱེད་ཀྱི་འདུག།དེ་མཐོང་དུས་ཁོ་བོའི་སེམས་ལ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་པོའི་ད་ལྟའི་འཕེལ་རྒྱས་འགྲོ་ཚུལ་དེ་གནམ་གྲུ་མཁའ་ལ་འཕུར་བ་ནང་བཞིན་མ་རེད་དམ་བསམ་བྱུང་། 

39.7K

རྩོམ་ཡིག་སྔོན་མ།
༄༅།།ནམ་མཁའ་བསྟན་འཛིན།
རྩོམ་ཡིག་རྗེས་མ།
༄༅།།བསྟན་པ་དཀོན་མཆོག

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1