ནམ་གུང་རྨི་ལམ་འཁྲུགས་པ།

ལྡོང་བསོད་ནམས་ཚེ་རིང་། (མཚོ་སྔོན) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-01


ནམ་གུང་རྨི་ལམ་འཁྲུགས་པ་།
ནམ་གུང་།
ངའི་ལུས་ངག་ཡིད་གསུམ་ཚ་བས་གཅུན་ཤིང་།
རྔུལ་ཆུའི་ཐིགས་པ་ལྷུང་གི་འདུག
ལག་པས་མགོ་ལ་རེག་ཙམ་བྱས་མོད།
དུས་སུ། རྐང་པ་སྒྲོག་གིས་བཅིངས་པ་བཞིན།
འགུལ་ཙམ་ཡང་བྱེད་དཀའ་བའི་སྣང་བ་ཞིག་སྦྱིན།
ཁང་མིག་འདིའི་སྒོ་དང་སྒེའུ་ཁུང་དམ་དྲགས་པས།
དབུགས་ཀྱང་གཏོང་དཀའ་བའི་ཚོད་རེད།
སྐབས་དེར།
ང་རང་ཐར་དཀའ་བའི་སྒྲོག་དེར་ཚུད་པ་དང་འདྲ་བར།
སེམས་པ་དངངས་ནས་འདར་བྱུང་།
ངས་ཅི་ལྟར་བསམས་ཀྱང་།
ཡིད་ལ་ཡང་ཡང་འཁོར་བ་ནི།
རྩྭ་ལྗང་ཕོན་པོ་གང་མང་ཞིག
རང་དབང་གིས་སྐྱེས་སྟོབས་འབར་བ་དེ་ལས།
གཞན་གང་ཡང་དྲན་གྱི་མི་འདུག
ལག་པས་ལུས་ལ་བྱིལ་བྱིལ་ཐེངས་འགའ་བྱས་པ་ན།
རྨི་ལམ་འཁྲུགས་ནས་ལུས་ལ་ཚ་བ་རྒྱས་ཤིང་།
སེམས་པ་བཀྲེས་སྐོམ་གྱིས་མནར་ནས་བརྒྱལ་བ་ལས།
ལུས་ངག་ཡིད་གསུམ་ཤི་མེད་པ་ཚོར།
དེ་བས། སེམས་པ་ཅུང་ལྷོད་ལ་བབས།
ང་འཇིག་རྟེན་འདི་དང་བྲལ་བ་ཡིན་ན།
ངས་བྲལ་ཁའི་གཞས་ཤིག་ཀྱང་གཏོང་མ་ཐུབ་པས།
སེམས་པ་སྐྱོ་སྐྱོ་སྣང་ངེས།
གནམ་གྱི་མཐའ་ལ་ཁེབས་པའི།
དགུན་གྱི་ལག་པ་འདིས།
ངའི་སྟོན་ཀ་གང་ལ་འཁྱེར་སོང་།
ངའི་དཔྱིད་ཀ་གང་དུ་བརླགས་སོང་།
མཚན་མོ་འདིར།
ཁྱེད་ཀྱིས་ཐག་ཉེ་རིང་གི་མགྲོན་པོ་ཚོའི་ཡིད་ཆེས་ཀྱང་།
ས་རྡུལ་རླུང་གིས་སྤུར་བ་བཞིན་དོར་བས།
ཁྱེད་ལ་ཡིད་ཆེས་མཁན་སུ་ཞིག་མཆིས།
ངས་རང་གི་མདུན་རྒྱབ་ལ་ཡང་ཡང་བལྟས་པ་ན།
མིག་ལམ་དུ་སྣང་བ་ནི།
གཤེད་མ་ལྟ་བུའི་རྨི་ལམ་དེས།
རྟ་རྒོད་ཁྲ་ཐིག་ཅན་པོ་སྲབ་ཀྱིས་བཅུན་ཞོར།
མི་ཡུལ་གྱི་ཚེ་སྲོག་གང་མང་ཞིག
གྲི་ཁར་འདྲེན་གྱིན་པ་དེ་ཡིན།
ངིག་ངིག་ལིང་ལིང་གིས་རྒྱས་པའི་རྨི་ལམ་ཟད་པོ་དེ།
སྡུག་ཡུས་ཀྱིས་བསྐྱེད་པའི་སེམས་ཅན་གྲངས་མེད་ཅིག
རླབས་ལྟར་འཕྱོ་ཞིང་།
སྤྲིན་པ་བཞིན་འཁྲུགས།
ང་ལ་ཁུ་བྱུག་ལྟ་བུའི་དཔྱིད་ཀ་དེ་ཡོད་ན།
དེ་ལས་གཞན་པའི་ནོར་བུ་ཞིག་ང་ལ་མི་དགོས།
སང་ཉིན་གྱི་ཞོགས་པའི་སྐྱ་རེངས་ཁོ་ཡིན་སྟབས།
ངས་ཚེ་སྲོག་གི་ལག་རྟགས་གསར་བ་དེ་ཁྱེར་ནས།
ཁུ་སིམ་པའི་གཞུང་ལམ་ཡངས་པོར།
མདུན་སྐྱོད་ཀྱི་རྐང་པ་ཤུགས་ཀྱིས་སྤོས་ཏེ།
དཔྱིད་ཀའི་གསོན་ཉམས་ལ་ཕྱོགས་ངེས།
ངའི་སེམས་ལ།
དཔྱིད་ཀ་ནི་དུས་ནམ་ཡང་བཏུང་ན་ཚར་རྒྱུ་མེད་པའི།
རྒྱ་མཚོ་ཞིག་ཡིན་ན་བསམས་བྱུང་།
རྨི་ལམ་འཁྲུགས་བྱུང་།
ནམ་གུང་རྨི་ལམ་འཁྲུགས་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1