གཙོ་ངོས།>> དེང་རབས་མི་སྣ།>>བླ་སྤྲུལ་མི་ཆེན།

ཚངས་དབང་། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༨ཚེས་༡༢ཉིན།

༄༅།།བསྟན་པ་དཀོན་མཆོག

    ༄༅། །ཨ་ལགས་དཀོན་མཆོག་ཚང་བྱ་བ་ནི། རེབ་གོང་གསེར་མོ་ལྗོངས་ཀྱི་ནང་གསེས་སྒོ་དམར་བྱ་བའི་གྲོང་སྡེ་རུ་འཁྲུངས་ཤིང་། རེབ་གོང་གི་བོན་སྡེ་ཁྲི་ཀ་ཕྱོགས་ཀྱི་བོན་སྡེ་བཅས་ཀྱིས་ཨ་ལགས་སྒོ་དམར་ཞེས་འབོད།  སྒོ་དམར་རང་དུ་སྒོ་དམར་སྤྲུལ་སྐུ་ཡོད་པས།   ཨ་ལགས་སྒོ་དམར་ཞེས་མི་འབོད་དོ། །ཉེ་ཆར་བོན་གྱི་རྫོགས་ཆེན་ཉམས་ལེན་བྱས་ནས་འཇའ་ལུས་བརྙེས་པའི་བླ་མ་རྟོགས་ལྡན་པ་ཞིག་རེད། ང་རང་ཆུང་དུས་སྒོ་དམར་དགོན་དུ་ཡོད་སྐབས་ངའི་ཤག་དང་ཁོང་གི་ཤག་གཉིས་ཐག་ཉེ་ཡིན་པས། ཁོང་རྒྱུན་དུ་ངེད་ནང་ལ་ཕེབས་ཀྱི་ཡོད། སྒོ་དམར་དགོན་ནི་དགེ་ལུགས་པའི་དགོན་པ་ཞིག་ཡིན་པས། དགེ་ལུགས་མ་གཏོགསས་གྲུབ་མཐའ་གཞན་གྱི་ཆོས་བརྒྱུད་འཛིན་པའི་གྲྭ་བ་ནི་ཧ་ལམ་གཅིག་ཀྱང་མེད། གལ་སྲིད་ཡོད་ནའང་འདུག་མི་ཆོག་པ་ཡིན་མོད། འོན་ཏེ། ཨ་ལགས་དཀོན་མཆོག་ཁོང་ནི་བན་བོན་གྱི་གྲུབ་མཐའ་རིས་མེད་ཡིན་པ་དང་། ཆུང་དུས་དགོན་འདི་གའི་གྲྭ་རྒྱུན་ཡིན་པ། སྤྲུལ་སྐུ་ཡིན་པ་སོགས་དམིགས་བསལ་གྱིས་སྒོ་དམར་དགོན་དུ་བཞུགས་ཆོག་པ་ཡིན། ཁོང་གི་ཤག་མཚེས་བླ་རྒན་གྱི་མིང་ལ་ཨ་ཁུ་མཁའ་འབུམ་ཟེར་ཞིང་། སྔོན་ཞིག་གི་དགུན་ཁར་ཁ་བ་བབ་པའི་ཞོགས་པ་ཞིག་ལ། ཨ་ཁུ་མཁའ་འབུམ་གྱིས་རང་ཤག་ཀླད་ཀྱི་ཁ་བ་བདག་ཉར་བྱ་བསམ་སྟེ་ཐོག་ལ་ཕྱིན་པ་ན། ཨ་ལགས་དཀོན་མཆོག་ཚང་གིས་ཁོའི་ཤག་གི་ལྷས་ཁྱམས་སུ་གཅེར་བུར་ཆུ་ཟོམ་ནང་དུ་བཞུགས་ཏེ་གཏུམ་མོ་སྒོམ་བཞིན་པ་མཐོང་ཞིང་། ཆུ་ཟོམ་ནས་ཆུ་ཁོལ་འཕྱུར་བ་དང་། རླངས་པ་འཐུལ་འོང་བ་སོགས་མཐོང་ནས། ཨ་ཙི། དགུན་ཁ་ཞིག་ལ་འདི་ལྟར་ཆུ་ཟོམ་དར་ཆགས་ནང་དུ་བཞུགས་ནས་ཆུ་ཁོལ་སྐོལ་བ་ལྟ་བུ་བྱས་པ་ནི། གཏུམ་མོ་མེ་དྲོད་སྒོམ་པ་མིན་ན་ཅི་ཡིན་སྙམ་ནས་ཧ་ལས་པར་གྱུར། དེ་ནས་ང་ཚོའི་ཨ་ཁུ་བླ་རྒན་དེས་གཞན་ལ་དེ་ལྟར་ཡིན་པའི་ལོ་རྒྱུས་མང་དུ་བཤད་པ་ང་ཚོ་བན་དེ་ཆུང་ཆུང་ཚོས་ཀྱང་དངོས་སུ་ཐོས་པ་ཡིན། དེ་དུས་ང་རང་ནི་ལོ་ན་ཆུང་སྟབས་འདིའི་རིགས་ལ་དོ་སྣང་སོགས་ཡེ་ནས་བྱེད་མ་ཤེས་མོད། ཉིན་ཞིག་ལ་ཁོང་ངེད་ནང་དུ་ཕེབས་ནས་དེ་རིང་ཅིས་ཀྱང་ང་གཉིས་རྒྱུགས་རེས་འགྲན་བསྡུར་བྱེད་དགོས་ཞེས་ཐེངས་ཤིག་མཉམ་དུ་རྒྱུགས་དགོས་བྱུང་བ་ད་ལྟ་ཡང་དྲན་གིན་འདུག ཁོང་ཆུང་དུས་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་ཚོགས་གྲལ་དུ་ཞུགས་ཏེ། དགོན་འདིའི་སྨོན་ལམ་ལྔ་བོ་དང་། མགོན་ཆོས་ལྔ་བོ། གསང་འཇིགས་ཀུན་གསུམ་དང་། འདོན་རྟ་དབྱངས་གསུམ་རྣམས་བློར་བཟུང་སྟེ་ཚོགས་རྒྱུགས་སུ་ཕུལ། ཨ་ལགས་རྭ་རྒྱ་ཚང་དང་། སྐུ་ཕྱོགས་ཨ་རོལ་ཚང་། སྒོ་དམར་སྤྲུལ་སྐུ་སོགས་བླ་མར་བསྟེན་ནས་དབང་ལུང་མན་ངག་སོགས་མང་དུ་ཐོབ། སྒོས་སུ་གཡེར་གཤོང་མཁན་ཆེན་ནོ་མིན་ཧན་བསྟན་འཛིན་རྒྱ་མཚོའི་དྲུང་ནས་ལམ་ཁྲིད་དང་། ཆོས་བཀའ་ཅི་རིགས་གསན་ཏེ་རྩ་བའི་བླ་མར་བཀུར། དེ་ནས་ཐེངས་ཤིག་ལ། རྔ་བའི་ཕྱོགས་སུ་གནས་འཇལ་དུ་སོང་བའི་ལམ་བར་དུ། ཤར་རྫ་རིན་པོ་ཆེས་ཆོས་དབང་བསྐུར་བ་དང་ཁེལ་ནས་གྲུབ་མཐའ་གང་ཡིན་མ་ཤེས་པར་ཆོས་འབྲེལ་བཞག ཕྱིས་བོན་གྱི་བླ་མ་ཞིག་ཡིན་པ་ཤེས་ནས་ཅུང་ཟད་མ་འགྲིག་བསམ་སྟེ། གཡེར་གཤོང་མཁན་ཆེན་ཚང་ལ་ཇི་མ་ཇི་བཞིན་དུ་རྒྱུ་མཚན་ཞུས་པ་ན། ཁོང་གིས་སྐྱོན་མི་འདུག བླ་མ་བསྟེན་པ་ནོར་མི་འདུག བླ་མ་དེ་ནི་གྲུབ་མཐའ་རིས་མེད་རེད། ཁྱེད་དང་ལས་སྨོན་ཡོད་གསུངས། དེ་ནས་མཁན་ཆེན་རིན་པོ་ཆེའི་ཞལ་ནས། ཁྱེད་ནི་དོན་དུ་བླ་མ་བཟང་པོའི་སྤྲུལ་སྐུ་ཡིན། ད་རེས་རྐྱེན་གཞན་གྱིས་དེའི་མིང་ཐོགས་ནས་འགྲོ་དོན་མི་འོང་། ནམ་མཁའི་མཚན་ཅན་གྱི་མིང་ཐོགས་ནས་འགྲོ་དོན་མང་དུ་མཛད་ཐུབ་ཀྱང་། བར་ཆད་ཆེ་བས་རྟ་མགྲིན་ཡང་གསང་གི་གཟུངས་སྔགས་མང་དུ་ཐོན་གསུངས། དེ་ནས་ཕྱིར་རྔ་བའི་ཕྱོགས་སུ་ཤར་རྫ་རིན་པོ་ཆེའི་མདུན་དུ་ཕྱིན་ནས། ཆོས་དབང་དུ་མ་དང་། ཁོང་གི་བཀའ་གསུངས་དང་དུ་བླངས་ནས་བསྙེན་མཚམས་མཛད། ཁོང་གི་ཞལ་ནས། ཁྱེད་ནི་དྲན་པ་ནམ་མཁའི་ཐུགས་ཀྱི་སྤྲུལ་བ་ཡིན། མ་འོངས་པ་ན། སྐལ་བཟང་གི་སློབ་མ་འགའ་རེ་འབྱུང་བའི་དུས་ཤིག་བྱུང་ལ། དེ་དུས་གདམས་ངག་སྤེལ་བའི་དུས་ཡོད་གསུངས།     ཚ་ཁོ་བླ་མ་ལུང་རྟོགས་རྒྱ་མཚོ་ཚང་གིས་ཁོང་ལ་ཞབས་བརྟན་གསོལ་འདེབས་ཤིག་མཛད་པ་འདི་ལྟར་ཏེ། སྨྲས་པ། བསྟན་པའི་བདག་པོ་བླ་ཆེན་གྱེར་སྟོན་རྗེ། །ཐུགས་སྤྲུལ་བཀོད་པ་སྙིགས་དུས་འགྲོ་བའི་དཔལ། །དཀོན་པའི་མཆོག་གྱུར་རྟོག་བྲལ་གཞན་ཕན་ཅན། །མགོན་ཁྱོད་བསྐལ་བ་རྒྱ་མཚོའི་བརྟན་བཞུགས་གསོལ། །ཞེས་བསྟན་པ་དཀོན་མཆོག་ཅེས་པའི་དོན་ལ་སྦྱར་ནས་གསུངས་པ་འདི་ནི། དེ་དུས་ཁོང་གི་ཞལ་ནས་དངོས་སུ་གསུངས་པ་ལྟར་ངས་ཟིན་བྲིས་སུ་བཏབས་པ་ཡིན། དེ་དུས་སྤྱི་ལོ་1989ཡས་མས་ཤིག་ཡིན་ནམ་སྙམ། དེའི་རྗེས་སུ་ཁོང་དགོན་པར་མི་བཞུགས་པས། ངས་ཆེད་དུ་ཁོང་གི་གཞིས་ཀར་ཐེངས་གཅིག་བལྟ་རུ་སོང་བ་ཡིན། སྐབས་དེར་ཁོང་གིས་ཐུགས་གཏིང་ནས་དགྱེས་ཏེ་མཆོད་ཁང་ནང་གི་སྐུ་པར་དང་ལྷ་སྐུ་དག་བསྟན་ཏེ་རེ་རེ་ནས་གསལ་བཤད་དང་བཅས་ང་ལ་ཕ་ཡུལ་དུ་ཁྱེད་ལྟ་བུའི་གྲོག་པོ་བཟང་པོ་ཞིག་ཡོད་པ་ཇི་འདྲའི་དགའ་འོས་པ་ཞིག་རེད་ཨང་གསུངས་པ་དང་། དེ་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་འབྲེལ་ནས་མི་ལའི་མགུར་འབུམ་དང་། ཞབས་དཀར་ཚང་། ཤར་རྫ་ཚང་བཅས་ཀྱི་མགུར་འགའ་རེ་དབྱངས་ལ་གྱེར་ཏེ། གསུང་མགུར་འདི་དག་འདོན་གིན་འདོན་གིན་ཞལ་ནས་ཇི་འདྲའི་དོན་སྙིང་ལྡན་པ་རྐྱང་རེད་ཨང་ཞེས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་སྤྱན་ཆབ་བཏང་བ་ད་དུང་ཡང་ངའི་སེམས་ན་གསལ་ལེར་དྲན་གིན་འདུག ཉེར་ཆར་ང་རང་པེ་ཅིན་དུ་ཡོད་སྐབས་ཤིག་ལ་ཁོང་འཇའ་ལུས་གྲུབ་སོང་ཞེས་ང་ཚོའི་སྡེ་བའི་མི་ཁ་ཅིག་གིས་བཤད་པ་ཐོས་པ་ལས། འཇའ་ལུས་ཇི་ལྟར་གྲུབ་སྟངས་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་མ་བྱུང་ཡང་། ཁོང་སྐུ་གཤེགས་པའི་ཉིན་དེ་དག་ལ་སྒོ་དམར་དང་ཧོར་ནག་བཅས་སུ་འཇའ་འོད་འདྲ་མིན་སྣ་ཚོགས་ཤར་བ་སོགས་ནི་རེབ་གོང་གི་མི་དུ་མ་ཞིག་ལ་བཤད་རྒྱུན་འདུག་གོ། ཞེས་པ་འདི་ནི་བན་བོན་གྱི་བླ་མ་བསྟན་པ་དཀོན་མཆོག་ཚང་ལ་མཇལ་བའི་གནས་ཚུལ་རྗེས་དྲན་གྱི་ཚུལ་དུ་ཟིན་ཐོར་བཀོད་པའོ། །

 

39.7K

རྩོམ་ཡིག་སྔོན་མ།
ནོར་བུ་རྒྱལ་མཚན།
རྩོམ་ཡིག་རྗེས་མ།
ཉན་ཤུལ་མཁྱེན་རབ་འོད་གསལ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1