གཙོ་ངོས།>> དེང་རབས་མི་སྣ།>>མཁས་པའི་དབང་པོ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༨ཚེས་༡༢ཉིན།

མི་ཉག་བུ་ཕྲུག་མཆོག

        མི་ཉག་བུ་ཕྲུག་ནི་སྤྱི་ལོ1930ལོར་སྐུ་འཁྲུངས།དགུང་ལོ་བདུན་པ་ནས་བཟུང་སྔ་ཕྱིར་རི་ཁུད་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་འོད་ཟེར་དང་རི་ཁུད་བཤད་གྲྭའི་མཁན་པོ་འཇམ་དབྱངས་བློ་གྲོས་སོགས་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་ནས་ཆོས་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་མཛད།ཁྱད་པར་དུ་ཁོང་གིས་རྩིས་དཀར་ནག་དང་ཡང་སྒོས་ནག་རྩིས་ལ་སྦྱངས་པ་དཔྱིས་ཕྱིན་མཛད་པས་དུས་ཕྱིས་ཡུལ་མི་ཀུན་ལ་གཤིན་རྩིས་དང་བག་རྩིས་སོགས་གང་ལ་གང་མཁོའི་ཕན་ཐོགས་བྱུང་བར་བཤད།
        སྤྱི་ལོ་1980ལོ་ནས་དཀར་མཛེས་ཁུལ་མི་རིགས་ལས་བྱེད་སློབ་གྲྭའི་གདན་ཞུའི་དགེ་རྒན་ལོ་ངོ་གསུམ་ཙམ་གྱི་རིང་ལ་སུམ་རྟགས་དང་ཡིག་གཟུགས་སོགས་དང་།སྙན་ངག་དང་མངོན་བརྗོད།རྩོམ་ཐུང་འདེམ་སྒྲིག སྲིད་འཛིན་དོ་དམ་སོགས་ལ་ཉེ་བར་མཁོ་བའི་རྒྱུན་སྤྲོད་ཡིག་རིགས་སོགས་ཀྱི་གཞུང་ལུགས་ལག་ལེན་དང་བཅས་པ་གསུང་ཁྲིད་མཛད།དེ་དུས་ཁོང་གིས་སློབ་གྲྭའི་མི་རིགས་ལས་བྱེད་པ་གསོ་སྐྱོང་བྱེད་པའི་དམིགས་ཡུལ་དང་དགོས་པ་ལ་འཚམ་པའི་བོད་ཡིག་གི་སློབ་དེབ་བརྒྱད་ཙམ་ཐོག་མར་ཚོད་ལྟའི་ཚུལ་དུ་འདེམ་སྒྲིག་དང་རྩོམ་སྒྲིག་མཛད་པས་སློབ་གྲྭ་ལ་བོད་ཡིག་གི་སློབ་དེབ་མེད་པའི་དཀའ་ངལ་སེལ་བར་མ་ཟད།ད་དུང་ལྷོ་ནུབ་མི་རིགས་སློབ་ཆེན་སོགས་སློབ་གྲྭ་ཆེ་འབྲིང་གཞན་ནས་ཀྱང་ཁོང་གིས་རྩོམ་སྒྲིག་མཛད་པའི་སློབ་དེབ་རྣམས་བླུས་ནས་སློབ་ཁྲིད་དུ་སྤྱད་པས་སློབ་གསོའི་སྡེ་ཁག་དང་སློབ་གྲྭ་སོ་སོའི་དགེ་སློབ་རྣམས་ཀྱི་དགའ་བསུ་ཐོབ། སྤྱི་ལོ1983ལོར་གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ་མཆོག་དབུ་བཞུགས་ཀྱིས་བཀའ་དང་གདན་ཞུ་ལྟར་ཁོང་ནི་ལོ་དེའི་སྤྱི་ཟླ་དགུ་པའི་མཇུག་ཏུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཡན་ལག་ཏུ་གྱུར་པའི་ཁམས་ཀྱི་བར་སྨད་དུ་བཙུགས་པའི་བོད་ཡིག་སློབ་གྲྭའི་དགེ་རྒན་མཛད་པར་ཕེབས་ནས་སློབ་ཁྲིད་ཅི་རིགས་མཛད་དོ།།དེ་ནས་སྤྱི་ལོ་1987ལོའི་ཟླ9ནས་བཟུང་སྟེ་སི་ཁྲོན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་བོད་ཡིག་སློབ་གྲྭ་གཞུང་ནས་གཅིག་གྱུར་གྱི་བཀོད་སྒྲིག་ལྟར་གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ་མཆོག་ནི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་དེབ་རྩོམ་སྒྲིག་པ་གཙོ་བོར་དབུ་བཞུགས་ཀྱིས་ཐུགས་བཀོད་འོག་ནས་མཁས་དབང་བུ་ཕྲུག་ཁོང་གིས་སློབ་དེབ་ཀྱི་རྩོམ་སྒྲིག་གཞོན་པའི་འགན་ཁུར་གཅིག་ལྕོགས་ཀྱིས་ཐུགས་སུ་བཞེས་ཏེ་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གིས་སྔ་ཕྱིར་སྒྲུབ་བརྒྱུད་ཤིང་རྟ་ཆེ་པོ་བརྒྱད་ཀྱི་བསྡུས་འབྲེལ་དང་།ལེགས་རྩོམ་གཅེས་བཏུས་ཞེས་པ་སོགས་གཙོ་བོར་གྱུར་པའི་བོད་ཡིག་སློབ་གྲྭའི་སློབ་དེབ་བཅུ་གཅིག་ལྷག་ཐོག་མར་འཆར་བཀོད་བཟོས་ནས་རྩོམ་ཡིག་ཕྱོགས་བསྡུས་དང་།རྩོམ་སྒྲིག ཞུ་དག་དང་དཔར་དུ་འགོད་པའི་ལས་རིམ་རྣམས་རེ་རེ་ནས་མཛད་ཅིང་མཐར་པར་དུ་འཁོད་ཅིང་སློབ་གྲྭའི་སློབ་དེབ་ཏུ་སྤྱོད་བཞིན་ཡོད་དོ།།
        ཁོང་གི་གསུང་རྩོམ་སྐོར་ལ།སུམ་རྟགས་ཀྱི་སྐོར་ལ་སུམ་ཅུ་བའི་དཀའ་གནད་སྡོམ་ཚིག་སི་ཏུ་དགོངས་གསལ་དང་།རྟགས་འཇུག་གི་དཀའ་གནད་བསྡུས་དོན་རིག་པའི་སྒོ་འབྱེད།སུམ་རྟགས་སྐོར་གྱི་དཀའ་འགྲེལ་ཐོར་བསྡུས་ཀྱི་སྐོར།སུམ་རྟགས་གཉིས་ཀྱི་དྲི་བ་དང་དྲིས་ལན་སོགས་བཞུགས།གཞན་སྐད་ཡིག་གཅིག་གྱུར་གྱི་དགོས་དོན་དང་ཐབས་ཤེས་ཞེས་པ་སོགས་དང་།སྙན་ངག་ལ་འཇུག་པ་སྙན་ངག་སྤྱི་དོན་བློ་གསལ་འཇུག་སྒོ་ཞེས་པ་དང་།བདེན་གཏམ་རྣ་བའི་བདུད་རྩི།སྲིད་ཇུས་ལ་བསྔགས་པ་སོགས་སྙན་རྩོམ་གྱི་སྐོར་དང་།བོད་ཀྱི་སློབ་གསོ་རིག་པའི་སྐོར་མདོར་ཙམ་བཤད་པ་ཞེས་པ་སོགས་སློབ་གསོའི་སྐོར་དང་།བོད་ཅེས་པའི་ཐ་སྙད་ལ་དཔྱད་པའི་ལྟ་ཚུལ་ཞེས་པ་དང་།བླ་མ་རྟ་མགྲིན་ཆོས་དར་གྱི་རྣམ་ཐར་བསྡུས་པ།རི་སྤྲུལ་འཇིགས་མེད་ཆོས་ཀྱི་འོད་ཟེར་མཆོག་གི་རྣམ་ཐར་ཟིན་ཐོ།མི་ཉག་ཡུལ་དུ་དར་བའི་གཉེན་སྟོན་གཏམ་ཡིག རང་རྣམ་དུ་གྱུར་པའི་བུ་ཕྲུག་གིས་སློབ་དཔོན་བསྟེན་པ་དང་རིག་གནས་སྦྱོང་སྤྱོད་སྐོར་ཞེས་པ་སོགས་ལོ་རྒྱུས་རྣམ་ཐར་གྱི་སྐོར་དང་།ཡིག་བསྐུར་རྣམ་བཞག་ཐོར་བུ་ཞེས་པ་དང་།སློབ་མ་ལ་བྲིས་པའི་དྲན་རྟེན་རྩོམ་ཐུང་ཁ་ཤས།ལྷུག་རྩོམ་ཐོར་བུ་སོགས་ཀྱི་རྩོམ་དང་ཡིག་བསྐུར་འབྲི་སྟངས་ཀྱི་སྐོར།དཔྱད་ལན་པད་དཀར་འཛུམ་ཕྲེང་ཞེས་པ་དང་།ཡང་ལན་ཉམས་ཆུང་གི་བདེན་གཏམ།བོད་ཡིག་གི་བྱུང་ཚུལ་གསར་གཏོད་སྨྲ་བ་ལ་དཔྱད་པ་སོགས་དཔྱད་རྩོམ་གྱི་སྐོར་ཞིག་ནི་སྔ་ཕྱིར་བོད་ལྗོངས་ཞིབ་འཇུག་སོགས་དུས་དེབ་སྟེང་དང་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ་ཡོད། སྤྱི་ལོ1998ལོའི་ཟླ2པའི་ཚེས3ཉིན་སྐུ་གཤེགས།

39.7K

རྩོམ་ཡིག་སྔོན་མ།
བྲག་བར་དཔལ་ལྡན།
རྩོམ་ཡིག་རྗེས་མ།
ཚེ་རིང་ཐར།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1