སློབ་གསོ་པུས་2020ལོའི་གོང་རིགས་འདྲ་མིན་གྱི་དམིགས་བསལ་སློབ་མ་མི་བསྡུ་རྒྱུའི་བརྡ་ཐོ་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 02-26


        ཉེ་ཆར་སློབ་གསོ་པུས་བརྡ་ཐོ་བཀྲམ་ཏེ་2018ལོའི་སློབ་གྲྭ་འབྲིང་ཆུང་དཀྱུས་མའི་སློབ་བསྡུ་དང་སློབ་ཞུགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ཐད་བཀོད་སྒྲིག་བྱས་ཤིང་། 《བརྡ་ཐོའི་》ནང་དམིགས་བསལ་སློབ་མ་བསྡུ་བའི་གཞི་ཁྱོན་རིམ་གྱིས་ཆུང་དུ་བཏང་ནས་2020ལོའི་གོང་རིགས་འདྲ་མིན་གྱི་དམིགས་བསལ་སློབ་མ་མི་བསྡུ་རྒྱུ་དང་། འབྲིང་རྒྱུགས་ཀྱི་སྐར་སྣོན་བྱེད་ཐབས་མུ་མཐུད་གསལ་བཟོ་དང་ཚད་ལྡན་དུ་གཏོང་བ་དང་། ལུས་རྩལ་དང་སྒྱུ་རྩལ་སོགས་ཀྱི་སྐར་སྣོན་བྱེད་ཐབས་ད་དུང་ཁྱོན་ཡོངས་ནས་མེད་པ་བཟོས་མེད་པའི་ས་ཆར་2018ལོའི་དམའ་རིམ་སློབ་འབྲིང་གི་ལོ་རིམ་ནས་འགོ་བཙུགས་ཏེ་ལག་བསྟར་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
      ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། སློབ་གྲྭ་འབྲིང་ཆུང་གི་རྒྱུགས་བསྡུའི་ལམ་ལུགས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སོང་བ་དང་ལག་བསྟར་བརྟན་པོ་བྱས་ཡོད། “སློབ་གྲྭ་འདེམས་པར་དང་དོད”བྱེད་རྒྱུ་ཞི་ལྷོད་དུ་ནུས་ལྡན་ཕྱིན་ཡོད། 2017ལོར་ཀུན་གྱིས་དོ་སྣང་བྱེད་པའི་གྲོང་ཁྱེར་ཆེན་པོ་24ཡི་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་ཐག་ཉེ་སར་སློབ་གྲྭར་བསྐྱོད་ཚད་98.7%དང་97.0%ཟིན་པ་དང་། འོས་འགན་སློབ་གསོའི་སློབ་གྲྭའི་སློབ་བསྡུ་སློབ་ཞུགས་ཀྱི་ལས་དོན་ལ་མང་ཚོགས་བློ་ཡིད་ཚིམ་ཚད་90%ཟིན་ཡོད། འབྲིང་རྒྱུགས་སྒྱུར་བཅོས་བྱེད་རིང་བྱང་ཚད་སློབ་གསོ་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམས་པ་དང་བཀོལ་སྤྱོད་བདེ་བའི་བྱེད་ཐབས་མང་པོ་འཚོལ་ཞིབ་བྱས་ཏེ་སློབ་ཚན་གསར་པ་དང་མཐུན་པའི་འབྲིང་རྒྱུགས་ལམ་ལུགས་སྤྱིའི་ཆ་ནས་བསྐྲུན་ཡོད་པ་རེད།
       《བརྡ་ཐོའི་》ནང་། ས་ཁུལ་དང་གྲོང་ཁྱེར་དང་རྫོང་(ཆུས)ཚང་མས་འོས་འགན་སློབ་གསོའི་ཡིག་རྒྱུགས་གཏོང་མི་དགོས་པར་ཐག་ཉེ་སའི་སློབ་གྲྭར་བསྐྱོད་པའི་སྲིད་ཇུས་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་བརྟན་པོ་དང་ཧུར་ཐག་གཏོང་དགོས་པ་དང་། གཏོགས་ཁོངས་དང་སློབ་ཁུལ་གཏན་འཁེལ་བྱས་རྗེས་དུས་མཚམས་ཤིག་ནང་ལྟོས་བཅས་ཀྱིས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། སླར་ཡང་དབྱེ་འབྱེད་དང་ལེགས་སྒྲིག་བྱེད་སྐབས་གཟབ་ནན་བྱེད་དགོས་པ་བཅས་བཏོན་ཡོད་པ་རེད།
     《བརྡ་ཐོའི་》ནང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་བསྡུའི་སྤྱིའི་གཞི་ཁྱོན་ལུགས་མཐུན་ངང་གཏན་འཁེལ་བྱས་ནས། ས་ཁུལ་དང་གྲོང་ཁྱེར་དང་རྫོང་དང་ཆུས་སྒྲོལ་ནས་སློབ་མ་བསྡུ་བའི་སློབ་གྲྭའི་གྲངས་འབོར་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། སྒྲིག་འགལ་ངང་ས་ཁོངས་སྒྲོལ་ནས་སློབ་མ་ཧབ་ཐོབ་རྒྱག་པ་དང་སློབ་མ་ཡག་སྒྲུག་རྒྱག་པའི་བྱེད་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པ། མཐོ་རིམ་སློབ་འབྲིང་དཀྱུས་མའི་རང་མོས་སློབ་བསྡུ་བྱ་ཐབས་དང་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་སྦྲགས་བསྡུར་གྲངས་ལ་ཚོད་འཛིན་ནན་པོ་བྱེད་དགོས་པ། དྲི་བ་བཏོན་ནས་ལན་འདེབས་པའི་ཡིག་རྒྱུགས་ལས་དོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དྲན་ཤེས་ཁོ་ན་དང་རེངས་པོར་གྱུར་པའི་སྦྱོང་བརྡར་གྱི་ངོ་བོ་ལྡན་པའི་ནང་དོན་ཉུང་དུ་བཏང་ནས་སློབ་མས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་གང་ལེགས་སྤྱད་དེ་དྲི་བར་ལན་འདེབས་པའི་ནུས་པ་ཇི་འདྲ་ཡོད་མེད་བརྟག་དཔྱད་བྱེད་པར་སྣང་ཆེན་བྱེད་དགོས་པ་བཅས་བཏོན་ཡོད་པ་རེད།
     《བརྡ་ཐོའི་》ནང་། སྤུས་ལེགས་མཐོ་རིམ་སློབ་འབྲིང་གི་སློབ་བསྡུའི་དམིགས་ཚད་ཁོངས་གཏོགས་ནང་གི་དམའ་རིམ་སློབ་འབྲིང་ལ་ལུགས་མཐུན་ངང་བགོ་བའི་བསྡུར་གྲངས་50%ལས་མི་དམའ་བ་བྱ་རྒྱུའི་བླང་བྱ་དོན་འཁྱོལ་བྱེད་དགོས་པ་མ་ཟད། འོས་འཚམས་ངང་སློབ་གསོའི་རྨང་གཞི་སྐྱོ་བའི་སློབ་འབྲིང་དང་གྲོང་གསེབ་ཀྱི་སློབ་འབྲིང་ལ་ཕྱོགས་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      《བརྡ་ཐོའི་》ནང་། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་གཏོང་བར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། ཤུགས་རྐྱེན་ངན་པ་དང་མཇུག་འབྲས་ཚབས་ཆེན་བཟོ་མཁན་སློབ་གྲྭར་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་སྐོང་འདྲི་དང་། བརྡ་ཁྱབ་སྐྱོན་བརྗོད། འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་སོགས་ཀྱི་ཆད་པ་གཅོད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1