རིགས་དབྱེ་ནས་ཤེས་ལྡན་མི་སྣའི་གདེང་འཇོག་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 02-28


        ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་ནས་《རིགས་དབྱེ་ནས་ཤེས་ལྡན་མི་སྣའི་གདེང་འཇོག་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམ་བྱས་པ་མ་ཟད། བརྡ་ཐོ་བཏང་ནས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 
        《རིགས་དབྱེ་ནས་ཤེས་ལྡན་མི་སྣའི་གདེང་འཇོག་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》ནང་། ཤེས་ལྡན་མི་སྣར་གདེང་འཇོག་བྱ་རྒྱུ་ནི་ཤེས་ལྡན་མི་སྣའི་འཕེལ་རྒྱས་སྒྲིག་གཞི་སྒྲིག་སྲོལ་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་དང་། ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་དོ་དམ་དང་བཀོལ་སྤྱོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཚན་རིག་དང་མཐུན་པའི་ཤེས་ལྡན་མི་སྣའི་རིགས་དབྱེ་གདེང་འཇོག་སྒྲིག་གཞི་འཛུགས་རྒྱུ་ནི། ཤེས་ལྡན་མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་པ་འཛུགས་རྒྱུ་དང་། ཤེས་ལྡན་མི་སྣའི་ལས་རིགས་གོང་འཕེལ་ལ་སྐུལ་སྤེལ། ཤེས་ལྡན་མི་སྣའི་གསར་སྐྲུན་ལས་སྐྲུན་གྱི་ཧུར་སེམས་སྐུལ་སློང་བྱེད་རྒྱུ། ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་བཅས་ཀྱི་ཐད་དོན་སྙིང་ཆེན་པོ་ལྡན་ཡོད། མིག་སྔར། རང་རྒྱལ་གྱི་ཤེས་ལྡན་མི་སྣའི་གདེང་འཇོག་སྒྲིག་གཞིར་སྔར་བཞིན་རིགས་དབྱེ་གདེང་འཇོག་མི་འདང་བ་དང་། གདེང་འཇོག་ཚད་གཞི་རྐྱང་པ་ཡིན་པ། གདེང་འཇོག་བྱ་ཐབས་ཕྱོགས་འདྲ་བ། གདེང་འཇོག་སྤྱི་ཚོགས་ཅན་གྱི་ཚད་གཞི་མཐོ་པོ་མེད་པ། ཤེས་ལྡན་མི་སྣ་བཀོལ་སྤྱོད་བྱེད་མཁན་གྱི་རང་བདག་དབང་ཆ་དོན་འཁྱོལ་བྱེད་ཚད་མི་འདང་བ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་ཡོད་པས། བསྒྱུར་བཅོས་གཏིང་ཟབ་བྱས་པ་བརྒྱུད་ནས་མྱུར་དུ་ཐག་གཅོད་བྱེད་དགོས་ཞེས་བསྟན་ཡོད་པ་དང་། 
        《མཛུབ་ཁྲིད་བསམ་འཆར་》དེ་ཁྱོན་ཁག་ལྔ་ལ་དབྱེ་ཡོད་པ་སྟེ། དང་པོ། སྤྱིའི་བླང་བྱ་དང་གཞི་རྩའི་རྩ་དོན། གཉིས་པ། རིགས་དབྱེ་ནས་ཤེས་ལྡན་མི་སྣའི་གདེང་འཇོག་ཚད་གཞི་འཐུས་ཚང་དུ་གཏོང་དགོས་པ། གསུམ་པ། ཤེས་ལྡན་མི་སྣའི་གདེང་འཇོག་བྱ་ཐབས་ལེགས་བཅོས་དང་གསར་གཏོད་བྱེད་དགོས་པ། བཞི་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣའི་གདེང་འཇོག་བསྒྱུར་བཅོས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས་པ། ལྔ་པ། ཤེས་ལྡན་མི་སྣའི་གདེང་འཇོག་དོ་དམ་ཞབས་ཞུའི་ལམ་ལུགས་འཐུས་ཚང་གཏོང་དགོས་པ་བཅས་ཡིན་པ་རེད། 
        བསམ་འཆར་ནང་། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཏང་གིས་ཤེས་ལྡན་མི་སྣ་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཏང་ཨུད་དང་སྲིད་གཞུང་ནས་ཤེས་ལྡན་མི་སྣའི་གདེང་འཇོག་སྒྲིག་གཞི་བསྒྱུར་བཅོས་དང་འཐུས་ཚང་གཏོང་རྒྱུར་གཅིག་གྱུར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་། ཏང་ཨུད་རྩ་འཛུགས་པུའུ་སྡེ་ཁག་ནས་སྣེ་ཁྲིད་ནས་སྤྱི་ཡོངས་དམ་འཛིན་བྱེད་པ། འབྲེལ་ཡོད་སྡེ་ཁག་ནས་རང་འགན་རང་འཁུར་དང་། གཞོགས་འདེགས་དམ་ཟབ། སྤྱི་ཚོགས་སྟོབས་ཤུགས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ནས། སྒྲིག་འཛུགས་དོན་འཁྱོལ་ནན་ཏན་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཞིབ་ཕྲའི་ཇུས་གཞི་བཟོ་བ་དང་། རིགས་དབྱེ་ནས་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། སྐུལ་འདེད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། བསྒྱུར་བཅོས་ལས་འགན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱེད་དགོས། དམག་དཔུང་གིས་བསམ་འཆར་འདིར་གཞིགས་ཐོག་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དམག་ཡོངས་ཀྱི་ཤེས་ལྡན་མི་སྣའི་གདེང་འཇོག་སྒྲིག་གཞི་འཛུགས་དགོས། རིགས་དབྱེ་ནས་སྐུལ་སྤེལ་གཏོང་བ་དང་། སྔོན་ལ་ཚོད་ལྟ་བྱེད་རྒྱུ། བརྟན་པོའི་ངང་ལག་བསྟར་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱས་ནས། བསྒྱུར་བཅོས་ནང་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱེད་དགོས། སྲིད་ཇུས་འགྲེལ་བཤད་དང་གླེང་ཕྱོགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་བརྡ་ལན་ཧུར་ཐག་སྤྲད་ནས། ཤེས་ལྡན་མི་སྣའི་གདེང་འཇོག་སྒྲིག་གཞི་བསྒྱུར་བཅོས་ལ་རིགས་དབྱེ་ནས་སྐུལ་འདེད་གཏོང་རྒྱུར་རྣམ་པ་བཟང་པོ་ཞིག་སྐྲུན་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།།


 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1