གཙོ་ངོས།>> དེང་རབས་མི་སྣ།>>སྒྱུ་རྩལ་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༨ཚེས་༡༢ཉིན།

སྐལ་བཟང་རྡོ་རྗེ།

          སྐལ་བཟང་རྡོ་རྗེ་ལགས་ནི་རྫ་ཆུ་ཁ་ནས་ཚེ་སྲོག་གི་མྱུ་གུ་རྙེད་ལ།ཁོ་རང་ཆུང་དུས་ནས་ཕ་མ་གཉིས་ཀ་ཚེ་ལས་འདས་ཤིང་སྲུ་མོས་གསོ་སྐྱོང་གི་འོག་ནས་ལག་ཆགས་པ་ཞིག་ཡིན།ཁོ་རང་ཆུང་དུས་ནས་ཨ་ཁུའི་དྲུང་ནས་བོད་ཡིག་གི་རྨང་གཞི་དང་ཚེམ་དྲུབ་ཀྱི་བཟོ་རྩལ།རི་མོ་དང་བྲིས་སོགས་བསླབ།ལོ་ན་བཅུ་དྲུག་ལ་སླེབས་སྐབས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་བོད་ཀྱི་བཅུ་ཕྲག་རིག་གནས་ལ་ཆེད་མཁས་མཁན་པོ་པཎ་ཚེ་དང་།ར་སྐོར་ཐུབ་ནོར།བློ་བཟང་དོན་གྲུབ།དིས་ཆུང་བློ་ཆོས།རྡོ་ལོ།ཉི་མ་ཚེ་རིང་སོགས་ལ་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་སྤྱི་ལ་སྦྱོང་པ་ཆེན་པོ་གནང་།
          1986ལོར་སློབ་མཐར་ཕྱིན་ནས་དཀར་མཛེས་ཚགས་པར་ཁང་དུ་ལས་དོན་སྒྲུབ་འགོ་ཚུགས།གསར་འགྱུར་ལས་དོན་ནི་སློབ་གྲྭའི་ནས་སྦྱོང་མ་མྱོང་པའི་ལས་རིགས་གསར་པ་ཞིག་ཡིན་པས་ཁོང་གིས་གསར་འགྱུར་འབྲི་རྒྱུར་དང་འདྲ་པར་རྒྱག་རྒྱུ།རིག་རྩལ་རྩོམ་ཡིག་འབྲི་རྒྱུ་སོགས་ལ་འབད་བརྩོན་ཆེན་པོ་བྱས་ནས་ཡུན་རིང་མ་འགོར་བར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་།མཚོ་སྔོན་བོད་ཡིག་ཚགས་པར།སི་ཁྲོན་མི་རིགས་དུས་དེབ།གངས་དཀར་རི་བོ་དུས་དེབ།དཀར་མཛེས་ཚགས་པར་སོགས་སུ་ཁོང་གིས་བྲིས་པའི་རྩོམ་ཡིག་དང་འབྲི་གཟུགས།པར་རིས་སོགས་བཀོད་རྒྱུ་ཇེ་མང་དུ་གྱུར་པ་མ་ཟད།རྩོམ་ཡིག་མང་པོ་ཞིག་ལ་ཞིང་ཆེན་རིམ་པ་ཡན་གྱི་བྱ་དགའ་ཐོབ།ལས་ཞོར་དུ་ཐང་ཀ་ལ་མཐའ་རྒྱན་སྤྲས་པ་དང་།ཚགས་པར་དང་དུས་དེབ་ཀྱི་རི་མོ་འཆར་འགོད།ཚོང་རྟགས་འཆར་འགོད།སྒོ་བྱང་སོགས་ཀྱི་ཡིག་གཟུགས་འབྲི་རྒྱུ་སོགས་ལའང་དགའ་ཞེན་ཆེན་པོ་གནང་ནས་གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོབ་ཡོད།
          1989ལོར་བོད་ཀྱི་མཁས་དབང་དཀོན་མཆོག་བསྟན་འཛིན་གྱི་མཛུབ་སྟོན་འོག་ཁོང་གིས་གུ་རུ་མཚན་བརྒྱད་ཀྱི་ཞལ་ཐང་ཆེན་མོ་ཞིག་ཚེམ་དྲུབ་བྱས་ནས་དེ་ལ་མཐའ་རྒྱན་ལེགས་པོ་སྤྲས་པ་ནས་བཟུང་སྐལ་བཟང་རྡོ་རྗེའི་ལས་རྩལ་ལ་མི་རྣམས་ཧ་ལས་པར་གྱུར།
 དེ་ནས་བཟུང་ཁོང་གིས་ཀྱང་གཙོ་བོའི་ལས་ཕྱོགས་དེ་ཐང་ཀར་མཐའ་རྒྱན་སྤྲས་པར་བསྒྱུར་ནས་སྲོལ་རྒྱུན་གྱི་ཐང་ཀའི་མཐའ་རྒྱན་ལེགས་ཆ་ཕྱོགས་བསྡུས་དང་དེང་གི་རྒྱལ་ཕྱི་ནང་གི་མཐའ་རྒྱན་བཟོ་རྩལ་ཟུར་སྤྱད་གནང་ནས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཐང་ཀའི་མཐའ་རྒྱན་གྱི་ཁྱད་འཕགས་བཟོ་རྩལ་བསྐྲུན་རྒྱུའི་ལམ་བུ་ཞུགས།
          2003ལོར་ཁོང་གིས་ཁྲེང་ཏུའུ་རུ་སྐལ་བཟང་རྡོ་རྗེའི་ཐང་ཀ་བཟོ་རྩལ་ཁང་ཞེས་པའི་ལས་སྒྲུབ་ཁང་གཉེར་ནས་སྔོན་རྗེས་སུ་ཞལ་ཐང་1000ལྷག་ལ་མཐའ་རྒྱན་སྤྲས་ཤིང་། 2008ལོར་དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་དངོས་མང་བཤམས་སྟོན་ཁང་དུ་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ་སུམ་བརྒྱ་ཙམ་ཡོད་པའི་བོད་ཀྱི་ཞལ་ཐང་དང་བྲིས་གཟུགས་ཀྱི་བཤམས་སྟོན་ཁང་བཙུགས་ནས་བོད་ཀྱི་ཞལ་ཐང་དང་འབྲི་གཟུགས་ཀྱི་སྒྱུ་རྩལ་ཁྱད་ཆོས་དེ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བཏང་རྒྱུའི་ནུས་པ་གལ་ཆེན་ཐོན་ཡོད།ཆེད་མཁས་པ་ཚོས་བལྟས་པ་ཙམ་གྱི་སྤུས་ཀ་ཐོག་ནས་སྐལ་བཟང་རྡོ་རྗེའི་བཟོ་རྩལ་ཡིན་པ་ཧ་གོ་ཐུབ་པ་བྱུང་ནས་རིམ་བཞིན་ཁོའི་ཐང་ཀའི་མཐའ་རྒྱན་དེ་སྤུས་ལེགས་ཁྱད་འཕགས་ཀྱི་ཐུན་མིན་བཟོ་རྩལ་ཞིག་ཡིན་པར་ཁས་ལེན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།2006ལོར་དཀར་མཛེས་ཁུལ་གྱིས་ཁོང་ལ་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞེས་པའི་མཚན་སྙན་གནང་།ཁོང་གི་ཕུལ་བྱུང་གི་བོད་ཡིག་བྲིས་གཟུགས་ཀྱིས་རྒྱལ་ཡོངས་ཀྱི་བོད་ཡིག་བྲིས་གཟུགས་འགྲན་བསྡུར་འགྲན་བསྡུར་ལས་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡིག་གཟུགས་འགྲན་བསྡུར་ལས་བྱ་དགའ་ཨང་དང་པོ་ཐོབ།ད་སྐབས་ཁོང་གིས་བོད་ཀྱི་བྲིས་གཟུགས་ཀྱི་འབྲི་སྟངསས་དང་།མཐའ་རྒྱན་རྒྱག་སྟངས།ཐ་ན་སྣག་ཤོག་སྤྱོད་སྟངས་སོགས་ལའང་ལྷག་ཏུ་ཞིབ་འཇུག་གནང་བཞིན་བྲིས་གཟུགས་ཀྱི་རྣམ་དེ་དེང་རབས་མིའི་བསམ་ཕྱོགས་མཐུན་ཐབས་བྱས་ཏེ་སྣག་ཤོག་དང་མཐའ་རྒྱན་སྤྲས་སྟངས་སོགས་ཀྱང་རྒྱལ་སྤྱིའི་འགྲོས་དང་བསྟུན་ཞིང་།མཐར་ཐུག་སྒྱུ་རྩལ་ཚོང་རའི་འགྲན་རྩོད་ནང་བོད་ཀྱི་བྲིས་གཟུགས་རིན་ཐང་དང་བོད་ཀྱི་བྲིས་པའི་ཐོབ་ཐང་དེ་རྒྱ་ཡིག་གི་བྲིས་གཟུགས་ཀྱི་སྒྱུ་རྩལ་པ་ནང་བཞིན་སྐད་གྲགས་ཡོང་ཐུབ་བྱུང་བའི་ལས་ལ་འབད་ནས་བོད་ཀྱི་བྲིས་གཟུགས་དེ་རྒྱལ་ཕྱི་ནང་གི་ཁང་ཁྱིམ་གྱི་དབུས་སུ་བཤམས་ཐུབ་ཡོང་བར་འབད་པ་བླ་ལྷག་ཏུ་བསྐྱེད་བཞིན་མཆིས་སོ།།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1