༄༅།།ཕུན་ཚོགས་རབ་བརྟན།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-13


           འཛམ་གླིང་གི་འཕྲོད་བསྟེན་ལས་རིགས་དར་ཞིང་རྒྱས་པའི་དེང་རབས་སུ་བཅོས་དཀའ་བའི་ནད་རིགས་ཀྱང་ཉིན་རེར་བཞིན་ཇེ་མང་དུ་ཕྱིན་ནས་འབྲས་སྐྲན་དང་ཨེར་ཙི་སོགས་སྔོན་ཆད་མིང་ཙམ་ཡང་ཐོས་མ་མྱངས་པའི་ནད་རིགས་དེ་དག་ད་ལྟ་ལའང་འཛམ་གླིང་ཐོག་བཅོས་ཐུབ་པའི་ལག་རྩལ་ཕལ་ཆེར་བྱུང་མེད་པ་འདྲ།འོན་ཏེ་དཔལ་ཡུལ་གྱི་བོད་ཀྱི་སྨན་པ་མཁས་ཅན་ཕུན་ཚོགས་རབ་བརྟན་གྱིས་ལོ་མང་རིང་ཞིབ་འཇུག་བྱས་ནས་གསར་བསྡུ་བྱས་པའི་བོད་སྨན་གྱིས་འབྲས་སྐྲན་ཕོག་པའི་ནད་པ་མང་དག་ཞིག་བཅོས་ཐུབ་ཡོད་པའི་སྐད་ཆ་གང་མང་ཞིག་སྔོན་ནས་གོ་ཐོས་བྱུང་རུང་སྐད་ཆ་དེ་དག་མིག་མཐོང་ལག་ཟིན་བྱུང་བའི་ནད་པ་དེ་དག་ལས་མི་གཞན་པ་གྱིས་བདེན་བཟུང་དཀའ་རྒྱུ་རེད་སྙམ།དོན་དངོས་ཐོག་དཔལ་ཡུལ་རྫོང་རྒྱང་བསྒྲགས་བརྙན་འཕྲིན་ཅུས་ཀྱིས་ཀྲང་ཅ་ལུའུ་ནི་མིག་མཐོང་ལག་ཟིན་དུ་གཤིན་རྗེའི་ཞགས་ཁ་ནས་ཕྱིར་ཐོན་པའི་བདེན་དཔང་གི་མི་ཞིག་ཡིན།1987ལོར་ཀྲང་ཅ་ལུའུ་ཡི་ནད་གཞི་ཇེ་ལྗིད་དུ་གྱུར་ནས་རྒྱ་ཡུལ་གྱི་ཞིང་ཆེན་མི་དམངས་སྨན་ཁང་ནང་མི་འགྲོ་ཀ་མེད་བྱུང་།འོན་ཏེ་སྨན་ཁང་ནང་མི་འགྲོ་ཀ་མེད་བྱུང་།འོན་ཏེ་སྨན་ཁང་གིས་ཡུན་རིང་བརྟག་དཔྱད་བྱས་མཐར་ཁོའི་ནད་དེ་ཕོ་སྐྲན་གྱི་ནད་གཞི་ཚབས་ཆེན་ཡིན་པའི་ངོས་འཛིན་བྱས་ནས་ཚེ་ཚད་ཀྱང་ལོ་ཕྱེད་ཙམ་ལས་མེད་པའི་ཐག་བཅད།ཁོ་རང་ནད་དྲག་སྐྱེད་ཡོང་བའི་རེ་བ་ཡོངས་སུ་བྲལ་ཏེ་ཕྱིར་དཔལ་ཡུལ་དུ་ལོག ཐེངས་ཤིག་ཁོས་ཚོད་ལྟའི་ཚུལ་གྱིས་ས་གནས་དེ་གའི་སྨན་པ་ཕུན་ཚོགས་རབ་བརྟན་ཁྱིམ་དུ་གདན་འདྲེན་ཞུས།ཕུན་ཚོགས་རབ་བརྟན་གྱིས་ནད་ཀྱི་ངོ་བོར་དབྱེ་ཞིབ་ནན་ཏན་བྱས་ཏེ་སྨན་གསར་བསྡུ་ཐེངས་མང་བྱས་རྗེས་སྟབས་ལེགས་པ་ཞིག་ལ་ཁོའི་ནད་གཞི་ཇེ་དྲག་བྱུང་།དེ་ནས་ལོ་གཅིག་ལྷག་རིང་རྒྱུན་མཐུད་དུ་བོད་སྨན་འཐུང་བས་མཐར་ཁོའི་ནད་གཞི་ཡོངས་སུ་དྲག་སྐྱེད་བྱུང་ངོ།ད་ལྟ་ཁོས་དེའི་གནས་ཚུལ་གླེང་དུས་ཁོས་སྤྲུལ་པའི་ལྷ་རྗེ།ང་ལ་ཚེ་སྲོག་གཉིས་པ་སྦྱིན་མཁན།ཞེས་པའི་ཚིག་གཉིས་ཀྱིས་ཕུན་ཚོགས་རབ་བརྟན་གྱི་ལག་རྩལ་ལ་བསྟོད་བསྔགས་བྱེད་བཞིན་ཡོད། སྤྱིར་བོད་ཀྱི་གསོ་བ་རིག་པ་ནི་བོད་ཀྱི་གསོ་རིག་གི་མེས་པོ་རྣམས་ཀྱིས་རིམ་བཞིན་ཡིག་ཐོག་དང་ངག་ཐོག་བརྒྱུད་ནས་ད་བར་འཕེལ་རྒྱས་བྱུང་བའི་བོད་ཀྱི་རིག་གནས་གཙོ་བོ་ཞིག་ཡིན།རིག་གནས་དེས་ལོ་རབས་དང་དུས་རབས་ཅི་ཙམ་མང་པོའི་ནང་ལྷ་རྗེ་ཅི་འདྲ་མང་པོས་སྡུག་བསྔལ་ནད་ཀྱིས་མནར་བའི་ནད་པ་ཅི་ཙམ་སྐྱོབ་ཡོད་པ་ནི་མི་སུས་ཀྱང་གྲངས་འདྲེན་མི་ནུས་པ་ཞིག་རེད།དཔེར་ན་གཔལ་ཡུལ་གྱི་ལྷ་རྗེ་ཕུན་ཚོགས་རབ་བརྟན་རྐྱང་པས་ནད་པ་དུ་ཙམ་ལ་ཚེ་སྲོག་ཡང་བསྐྱར་སྦྱིན་ཡོད་པ་ཁོ་རང་ཉིད་ཀྱིས་ཀྱང་གྲངས་ངེས་ཅན་ཞིག་བགྲང་ཐུབ་ཀྱིན་མི་འདུག ང་ཚོས་ཚོད་རྩིས་ཤིག་བྱས་ན་ཁོང་གིས་ཉིན་རེར་མང་དུས་ནད་པ་40ཙམ་ལ་ནད་ལྟ་བཞིན་ཡོད་ཅིང་ཆ་སྙོམས་ཉིན་རེར་ནད་པ་10ལས་ཉུང་མི་སྲིད།ལོ་གཅིག་ལ་ནད་པ་3600ཙམ་ཡིན་ཞིང་།ཁོང་གིས་1961ལོ་ནས་ད་བར་ལོ་46ནང་ནད་པ་ཧ་ལམ་ཁྲི16ལྷག་ལ་ནད་ལྟ་མྱངས།གྲངས་ཀ་དེ་ཁོ་ནའི་ཐོག་ནས་བལྟས་ན་ཁོང་གིས་མི་ཡུལ་གྱི་སྡུག་བསྔལ་ཅི་ཙམ་སེལ་ཡོད་པ་དང་།གཤིན་རྗེའི་ཞགས་ཁ་རུ་ཐེབས་པའི་ནད་པ་ཅི་འདྲ་མང་པོའི་ཚེ་སྲོག་གི་རྒྱུ་བ་ཕྱི་རུ་འཐེན་པ་དང་།ཅི་འདྲའི་ནད་པ་མང་པོ་ཞིག་ལ་འཚོ་བའི་རེ་བ་གསར་པ་སྦྱིན་ཡོད་པ་དེ་དག་དྲན་དུས་སྨན་པའི་ལས་དོན་ནི་ཅི་འདྲའི་རླབས་ཆེ་བ་ཞིག་མ་རེད་དམ།

           ཕུན་ཚོགས་རབ་བརྟན་ནི་བོད་རབ་རྒྱན་ཆུ་རྟ་ལོ་སྟེ་སྤྱི་ལོ1942ལོར་དཔལ་ཡུལ་རྫོང་ཨ་ཁྲི་གྲོང་དུ་སྐྱེས།དགུང་ལོ་བརྒྱད་པ་ནས་བོད་ཡིག་འབྲི་ཀློག་སྦྱོང་།དགུང་ལོ12ནས་18བར་དུ་བོད་ཀྱི་གསོ་བ་རིག་པའི་རྒྱུད་བཞི་བློར་ལེན་དང་།དགེ་བའི་བཤེས་གཉེན་དམ་པ་མེས་པོ་ཀརྨ་སྟོབས་ལྡན་གཙོས།ཉག་རོང་ཆོས་དར།འཁོར་སྒོ་དཔལ་འབྱོར།དིས་ཆུང་བློ་ཆོས་སོགས་ཀྱིས་སློབ་ཁྲིད་དང་།མཐོང་བ་རྒྱུད་པའི་ཕྱག་ལེན་མན་ངག་སྐོར་སོགས་ལ་བུམ་པ་གོང་བྱོས་ལྟར་གནང་།འོན་ཀྱང་སྤྱི་ལོ1959ལོར་དུས་དབང་གིས་བོད་ལུགས་གསོ་རིག་ཉམས་ཉེས་སོང་བ་དང་།ཁྱད་པར་དུ་ཁམས་ཁུལ་དུ་སྨན་པ་དང་སྨན་རྫས།སྨན་གྱི་སྤྱོད་ཆས་སོགས་ནི་ཐལ་ཕུང་ནང་གི་མེ་སྟག་ལྟ་བུ་གྱུར།ཡིན་ན་ཡང་དཔྱིད་དུས་ཞིག་ལ་ཨ་ཁྲི་ཡུལ་གྲུར་ཉིན་མོ་རུ་ཁག་གི་མི་རྣམས་ཀྱིས་དཔྱིད་རྨོས་ཀྱི་བྲེལ་འཚབ་ཆེ་བའི་དུས་སུ་རིམས་ནད་ཚབས་ཆེན་ཞིག་ཕོག་ནས་ཞིང་རྨོ་སྐབས་མཛོ་དོར་ཆ་མ་འཛོམས་པ་དང་།ཞིང་ཁར་ས་བོན་འདེབས་མཁན་ཡང་མེད་པ་བྱུང་ཞིང་།དེ་འཕྲལ་མི་རྣམས་ཀྱིས་ཕུན་ཚོགས་རབ་བརྟན་ལ་སྨན་བཅོས་བྱ་དགོས་པའི་རེ་བ་ཞུས་པས་ཁོང་གིས་རྩ་ཆུ་ལྟ་བ་དང་ཟས་སྤྱོད་བསླབ་པ་སོགས་ཀྱིས་མི་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་།དེ་ནས་བཟུང་མི་རྣམས་ཀྱིས་གོང་རིམ་ལ་རེ་ཞུ་ཡང་ཡང་བྱས་མཐར1961ལོར་ས་གནས་དེར་བོད་ཀྱི་སྨན་ཁང་ཆུང་ཆུང་ཞིག་བཙུགས་ནས་མི་སེར་ལ་ཕན་ཐོགས་ཆེན་པོ་བསྐྲུན་པས་ཁོང་གི་སྙན་གྲགས་ཀྱང་ཇེ་ཆེ་རུ་སོང་ནས1981ལོར་སྡེ་དགེ་བོད་སྨན་ཁང་གིས་གདན་འདྲེན་ཞུས་ཏེ་ལོ་གཉིས་ཙམ་སྨན་པའི་ཕྱག་ལས་གནང་།སྤྱི་ལོ1984ལོར་དཔལ་ཡུལ་རྫོང་གིས་བོད་སྨན་ཁང་གསར་དུ་འཛུགས་སྐབས་ཁོང་ཡོའན་ཀྲང་དུ་གདན་འདྲེན་ཞུས་ཤིང་།ཁོང་གིས་ཕྱོགས་གཅིག་ནས་སྨན་ཁང་འཛུགས་སྐྲུན་བྱས་པ་དང་ཕྱོགས་གཞན་ཞིག་ནས་བོད་སྨན་གསོ་སྦྱོང་འཛིན་གྲྭ་ཞིག་བཙུགས་ཤིང་ཁོང་རང་ཉིད་ཀྱིས་སློབ་ཁྲིད་བྱས་ཏེ་སྨན་ཁང་དེའི་སྨན་པ་མང་དག་གསོ་སྐྱོང་བྱས།རྫོང་དེ་གའི་གྲོང་གསེབ་ཏུ་ཡན་ལག་སྨན་ཁང་ཆེ་ཆུང14ཚམ་སྔར་མེད་གསར་འཛུགས་གནང་།ད་དུང་ཉིན་ལྟར་ནད་པ་བཅུ་ཕྲག་ཁ་ཤས་ལ་སྨན་ལྟ་བ་སོགས་མི་མང་པོའི་བྱ་བ་ཁོང་གཅིག་པུས་བསྒྲུབས་ནས་ཤ་ཟད་རུས་སྐམ་དུ་གྱུར་པའི་ངལ་བར་འབད།སྔོན་རྗེས་སུ་སྨན་ཁང་དེར་རིན་ཆེན་མུ་ཏིག་བདུན་ཅུ་སོགས་སྨན་སྣ་རྩ་ཆེན11ཙམ་བསྡུ་སྦྱོར་བྱས་ཤིང་ད་དུང་སྨན་སྣ་གསུམ་ཙམ་ལ་རྒྱལ་ཁབ་ཀྱི་སྨན་ཨང་ཐོབ་ཐབས་བྱས།དེ་དང་ཆགས་ཅིག་སེར་ཤུལ་རྫོང་དང་སྡེ་རོང་རྫོང་དུ་བོད་སྨན་ཁང་གསར་འཛུགས་བྱེད་སྐབས་རོགས་རམ་མཐུན་རྐྱེན་མང་དག་བསྒྲུབས་པ་དང་སེར་ཤུལ་འབྲུག་གྲགས་སྤྲུལ་སྐུ་དང་སྨན་ཤུལ་སྤྲུལ་སྐུའི་གྲ་ཚང་སྨན་ཁང་།དཀར་མཛེས་ལམ་གྲགས་སྤྲུལ་སྐུ་དང་སྐྱབས་མགོན་སྤྲུལ་སྐུ།རྒྱལ་བསྟན་སྤྲུལ་སྐུ་སོགས་ཀྱི་དམངས་ཕན་བོད་སྨན་ཁང་སོགས་གསར་འཛུགས་བྱེད་སྐབས་ཞབས་འདེབས་མི་དམན་པ་ཞུས་ཡོད།

          1998ལོར་ཕ་ཡུལ་དུ་ཕྱིར་ལོག་ནས་སྔར་ཨ་ཁྲི་ཡུལ་གྲུའི་ཕ་མེས་ཀྱི་གསོ་རིག་ཉམས་གསོ་བྱ་ཆེད2000ལོར་དཔེ་ཝ་ཤང་དུ་སྒོ་བསྟེན་སྨན་ཁང་གསར་པ་དངོས་སུ་བཙུགས་ཐུབ་པ་བྱུང་ཞིང་།མུ་མཐུད་ཕ་ཡུལ་མི་དམངས་ལ་ཞབས་འདེགས་བསྒྲུབས།དེང་སྐབས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1000ལྷག་ཡོད་པའི་བོད་ལུགས་སྨན་ཁང་ཆ་ཚང་ཞིག་བཙུགས་ནས།ནད་སྡོད་ཁང་དུ་ནད་པ་ཆེས་མང་སྐབས་40ཙམ་ཡོད་པ་དང་སྒོ་བསྟེན་སྨན་ཁང་དུ་ནད་པ80ཙམ་ཡོད་ཅིང་།སྨན་རྫས་སྣེ་གྲངས138ཙམ་ཐོན་སྐྱེད་བྱེད་ཐུབ།ད་རུང་ཁོང་གིས་རང་ཉིད་ཀྱི་རྒྱུ་ནོར་བཙོངས་ནས་ཕ་ཡུལ་ལ་དྭ་ཕྲུག་18ཙམ་གསོ་སྐྱོང་བྱ་བའི་སློབ་གྲྭ་བཙུགས་ནས་རྗེས་རབས་པ་མང་དག་གསོ་སྐྱོང་གནང་། 1998ལོར་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་ཁང་དང་ཀྲུང་སྨན་དོ་དམ་ཅུས་ཀྱིས་ཁོང་ལ་སི་ཁྲོན་ཞིང་ཆེན་གྱི་སྨན་པ་མཁས་ཆེན་ཞེས་པའི་མཚན་སྙན་གནང་།ལོ་དེའི་ཟླ11པར་རྒྱལ་སྤྱིའི་བོད་སྨན་མཐུན་ཚོགས་ཀྱི་གདན་ཞུ་ལྟར་ཨ་རིའི་རྒྱལ་ཁབ་ཏུ་ཕེབས་ནས་སྐབས་དང་པོའི་རྒྱལ་སྤྱིའི་བོད་ལུགས་གསོ་རིག་གི་ཚོགས་འདུའི་ཐོག་ཕེབས་ནས་རྒྱལ་སྤྱིའི་ཐོག་བོད་ཀྱི་གསོ་བ་རིག་པའི་དཀའ་གནད་སྐོར་ཉམས་མྱོང་སྤེལ་རེས་གནང་།2002ལོར་དཀར་མཛེས་ཁུལ་བོད་སྨན་ཞིབ་འཇུག་ཁང་གིས་ཁོང་ཞིབ་འཇུག་པ་སྐུ་གཞོན་དུ་གདན་འདྲེན་ཞུས་སོ། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་གསོ་སྤྱད་སྨན་གྱིས་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱུན་མི་ཆད་པར་འབྱུང་བའི་སྨོན་ལམ་ཞུ་བཞིན་ཡོད།




རྩོམ་ཡིག་རྗེས་མ།
༄༅།།སྐུ་ནུབ་འོད་ཟེར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1