གཙོ་ངོས།>> དེང་རབས་མི་སྣ།>>སྨན་པ།

དཔལ་བསྡུས། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༨ཚེས་༡༣ཉིན།

ཚེ་གྲུབ་རྡོ་རྗེ།

1སྨན་གྱི་ཕྱག་ལས་གནང་ཡུལ།
         མདོ་ཁམས་སྡེ་དགེའི་མཛེས་ལྗོངས་གླིང་རྗེ་གེ་སར་རྒྱལ་པོའི་ཕ་ཡུལ་དུ་དབྱར་གྱི་དུས་སྟོན་འཆར་བ་ན་ལྟ་ན་སྡུག་པའི་མེ་ཏོག་དང་ལོ་མ་སོགས་སྨན་གྱི་དྲིས་མ་ཁྱབ་པ་མེད་པའི་སྨན་གྱི་གཞལ་ཡས་ཁང་དང་ཁྱད་པར་མེད་པའི་གནས་འདིར་གནའ་དེང་གི་དུས་སུ་འཚོ་བྱེད་ཀྱི་སྐྱེས་བུ་མང་དུ་བྱོན་མྱོང་ལ་སྐབས་འདིར་འཚོ་བྱེད་སྨན་རབས་པ་ཚེ་གྲུབ་རྡོ་རྗེ་མཆོག་གིས་ནད་པ་འབུམ་ཕྲག་མང་པོའི་ཆེད་དུ་སྐུ་ཉིད་ཀྱིས་ལང་ཚོ་ཕུལ་བ།1970ལོར་སྡེ་དགེའི་སྨན་ཤོད་ཕུ་མ་རྒྱལ་གན་གྲོང་ལ་རྐང་རྗེན་སྨན་པར་མཛད།དེ་བཞིན་དུ1975ལོར་ཕུ་མ་ཡུལ་ཚོའི་མཉམ་འབྲེལ་སྨན་ཁང་།1980ལོར་སྡེ་དགེ་སྨན་ཤོད་ཆུས་སྨན་ཁང་།སྡེ་དགེ་རྫོང་བོད་སྨན་རྩིས་ཁང་།1993ལོར་ཁྲེང་ཏུའུ་ཏེ་ཡང་གྲོང་ཁྱེར་སྒོ་བསྟན་སྨན་ཁང་།1995ལོར་སྡེ་དགེའི་ཕྱོགས་སུ་སྐོར་སྐྱོད་སྨན་པ་མཛད།1997ལོར་རྣམ་གྲོལ་གླིང་སྨན་ཁང་།1999ལོར་སྡེ་དགེའི་བོད་སྨན་ཁང་གི་སྒོ་བསྟེན་སྨན་ཁང་།2000ལོར་རྒྱ་ནག་ཕུའུ་ཅང་བོད་སྨན་སྒོ་བསྟེན་སྨན་ཁང་།2003ལོར་གཡུ་ཐོག་སྨན་ཁང་སོགས་ལ་སྨན་བལྟ་བ་དང་བཙོ་ཐལ་གཙོས་རིན་ཆེན་གྱི་སྨན་སྦྱོར་བཅུ་ཕྲག་དུ་མ་དང་།སྨན་ཕལ་བ་སྣེ་གྲངས་མེད་བསྡུ་སྦྱོར་སྤུས་ལེགས་མཛད་ཅིང་འགྲོ་བའི་ལུས་ཁམས་བདེ་བར་བཀོད་ཅིང་མི་འཇིགས་སྲོག་གི་སྦྱིན་པ་དང་ནད་ཀྱི་དགྲ་དཔུང་བཅོམ་པ་སྨན་དཔའ་ཞེས་དོན་དང་ལྡན་པའོ།
2སྨན་པའི་ཐོབ་ཐང་།
         འཚོ་བྱེད་པ་ཚེ་གྲུབ་རྡོ་རྗེ་སྡེ་དགེ་རྫོང་བོད་སྨན་རྩིས་ཁང་གིས་ཡོན་ཀྲང་གཞོན་པ་དང་།སྤྱི་ལོ1994ལོའི་ཟླ4པའི་ནང་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་ཐིང་གིས་སྨན་པ་འབུམ་རམས་པའི་མཚན་གསོལ།སྡེ་དགེ་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཆབ་གྲོས་ཀྱི་ཨུ་ཡོན།སྤྱི་ལོ2000ལོའི་ཟླ་བ10པའི་ཚེས25ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྨན་ཞིབ་འཇུག་པ་གཞོན་པའི་མཚན་འཛིན་ཐོབ།

3རང་ལུས་མི་དམངས་ལ་ཕུལ་བ།

         རྒྱ་ཆེ་བའི་ཞིང་འབྲོག་མི་དམངས་དང་ལས་བྱེད་པ་འབུམ་ཚོ་མང་པོའི་ཚེ་སྲོག་དང་ལུས་ལ་ཕན་པའི་སྨན་བཅོས་ལས་ཀའི་ཞབས་འདེགས་གང་ལེགས་བྱས་ནས་སྨན་བཅོས་དང་།ནད་སྨན་སྤྲོད་རྒྱུ།སྨན་འཐུ་བསྒྲུབས།སྨན་སྦྱོར་བཅས་ཀྱི་ལས་ཀ་ལོ་བཅུ་ཕྲག་ལྷག་ལ་བགྱིས་ཏེ་ཐོ་དངུལ་དང་།གཏེར་སྲེག་མེ་དཔྱད་སོགས་ཀྱི་རིན་གཏན་ནས་མི་ལེན་པ་ནད་པ་རྣམས་ལ་སྙིང་རྗེ་ཁོ་ནར་མཛད།སྐུ་ཉིད་ཀྱི་གཡུ་ཐོག་སྨན་ཁང་སོགས་ལ་འཚོ་བྱེད་སྨན་པ་གཙོ་བོའི་ཕྱག་ལས་མཛད་ཅིང་སྨན་སྦྱིན་གྲངས་མེད་ཀྱིས་མི་དམངས་འབུམ་ཚོ་མང་པོའི་སྲོག་གི་སྦྱིན་པ་དང་ལུས་ཀྱི་ཟུག་གཟེར་ཞི་བའི་བྱམས་བརྩེའི་ལྷག་བསམ་བཟང་པོའི་བདེ་འཇམ་བསིལ་རླུང་གིས་དཔྱིད་དཔལ་དུ་བསུ་ཞིང་འཚེ་མེད་རྫོགས་ལྡན་གྱི་དཔལ་ལ་བཀོད་པར་མཛད་རྗེས་ལོ་ངོ་བཅུ་ཕྲག་དུ་མའི་རིང་ལ་གྲགས་ཅན་གྱི་སྨན་ཁང་དང་ཚན་རིག་སོགས་ཆ་རྐྱེན་ལྡན་པའི་རྒྱ་ནག་གི་སྨན་ཁང་ཆེ་གྲས་མང་པོས་འཆི་ཐག་བཅད་ཅིང་གསོ་དཀའ་བའི་ནད་པ་མང་ལ་སྨན་བཅོས་བྱས་ནས་བདེ་བླག་ཏུ་གསོ་བར་ཐུབ་པས་ཕྱོགས་ཀུན་ནས་བསྔགས་བརྗོད་ཀྱི་མཚན་སྙན་ཕྱོགས་ཡོངས་ལ་ཁྱབ་པར་གྱུར་ཡོད།

 4སྨན་གྱི་བསྡུ་སྦྱོར་གཞན་ལས་མཁས་པ།
          སྨན་སྦྱོར་གྱི་ལག་ལེན་ཐད་འཚོ་མཛད་པ་སུས་ཀྱང་འགྲན་ཟླ་བྲལ་ཞིང་།དུས་རྟག་པར་སྨན་རྫས་སྣ་ཚོགས་ངོས་འཛིན་དང་།འཚོལ་སྒྲུབ་ལས་སྣོན་གྱི་བྱ་བ་ལ་སྐུ་ངལ་མི་འཛེམ་པ་སྨན་རིགས་ཉར་ཚགས་བྱེད་པ།སྨན་སྦྱོར་སྐབས་ངོས་འཛིན་མ་ནོར་བ་དང་།སྨན་རྒྱུ་སྤུས་ལེགས་ལས་ཚབ་དང་རྙིང་རིགས་ཀྱིས་མཐུས་པར་མི་བྱེད་པ་སྦྱོར་ཚད་གཏན་འཁེལ་གནང་བ།དམིགས་བསལ་དུག་འདོན་དགོས་རིགས་སོགས་ཉམས་མྱོང་དང་བསྟུན་ནས་ཕྱག་ལེན་ཞིབ་མོར་མཛད།སྡེ་དགེ་སྨན་ཤོད་ཕུ་མ་ཡུལ་ཚོའི་བོད་སྨན་ཁང་དང་།སྡེ་དགེའི་པར་ཁང་གི་སྨན་ཁང་།སྡེ་དགེ་རྫོང་བོད་སྨན་རྩིས་ཁང་།དཀར་མཛེས་ཁུལ་བོད་སྨན་ཁང་།མུ་ལྷའི་བོད་སྨན་ཁང་།གཡུ་ཐོག་སྨན་ཁང་བཅས་ལ་བདུད་རྩི་སྨན་གྱི་རྒྱལ་པོ་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་མཛད་པ་ལ་མཁས་པའི་ཕྱག་རྗེས་ཀྱི་ཡང་རྩེར་གྱུར་པའི་ཚུལ་ནི།ཇི་སྐད་དུ།མ་བཏུལ་ལོག་པའི་དུག་གིས་སྲོག་འབྱིན་ཞིང་།།བཏུལ་ན་འཚིག་མེད་སྲོག་གིས་དཔལ་སྟེར་བ།ཞེས་གསུངས་པ་བཞིན་གདུག་ཅིང་རྩུབ་པའི་ཁམས་དང་ལྡན་པའི་དངུལ་ཆུའི་དུག་འདི་ལག་ལེན་ལྡན་གྱི་འདུལ་སྦྱོར་མ་བྱས་ན་ལུས་སྲོག་ལ་གནོད་པ་འབྱུང་ངེས་ཡིན་མོད།འོན་ཀྱང་དེ་ཉིད་གཉེན་པོ་སྨན་སྦྱོར་སྡེབ་མཁས་ན་བདུད་རྩིའི་བཅུད་དུ་བསྒྱུར་ནས་བཅུད་ལེན་ཀུན་གྱི་ཡངས་རྩེར་གྱུར།བཅོས་བརྡུགས་ནད་ཀྱང་རྩད་ནས་འབྱིན་ཞིང་འཆི་མེད་ལྷ་ཡི་བདུད་རྩིའི་འགྲན་ནུས་སུ་བྱུང་བ་འདི་ཉིད་གནའ་དེང་གང་དུའང་སྔོན་བྱོན་དམ་པ་གྲུབ་ཆེན་ཨུ་རྒྱན་པ་སོགས་དང་མཁན་ཆེན་ཚེ་རྣམ་རིན་པོ་ཆེ་གཙོས་སྐྱེས་བུ་འགས་ཕྱག་ལེན་ཐེབས་པ་ལས་སྨན་པ་ཕལ་གྱིས་བློ་དང་སྤྱོད་ཡུལ་དུ་མ་གྱུར།ཁོང་གིས་བླ་མ་དམ་པའི་ཕྱག་ལེན་དངོས་འཁྲུལ་མེད་དུ་གཟིགས་ནས་ལེགས་འགྲུབ་བྱུང་བར་ཡིད་རྟོན་རུང་བའི་གདེངས་ཚོད་བརྙེས་ནས་དངུལ་ཆུ་གཙོ་སྦྱང་ཐེངས་དྲུག་དང་།རིན་ཆེན་གྲང་སྦྱོར་ཆེན་མོ་ཐེངས་གཉིས་རཏྣ་བསམ་འཕེལ་ལམ་མུ་ཏིག་བདུན་ཅུ།གཞན་ཡང་རིན་ཆེན་མང་སྦྱོར།རིན་ཆེན་བྱུང་དམར་ཉེར་ལྔ།རིན་ཆེན་གཡུ་རྙིང་ཉེར་ལྔ།རིན་ཆེན་དབང་རིལ་ཉེར་ལྔ།རིན་ཆེན་མུ་ཏིག་ཉེར་ལྔ།རིན་ཆེན་བཙོ་བཀྲུ་ཟླ་ཤེལ།ཟངས་ཐལ་ཞེ་གསུམ་སོསག་རིན་ཆེན་རོགས་ཐེངས་བརྒྱད་ཅུ་ལྷག་སྦྱོར་སྡེབ་དང་།སྨན་དཀྱུས་མ་བརྒྱ་ལྷག་གི་སྦྱོར་བ་ཐེངས་གྲངས་མེད་བསྡེབས་པས་སྨན་གྱི་ནུས་པ་སོགས་གཞན་ལས་ཁྱད་དུ་འཕགས་ཞེས་རྣམ་གྲོལ་གླིང་ནས་དཔལ་ཡུལ་སྐྱབས་རྗེ་པད་ནོར་རིན་པོ་ཆེས་གདན་དྲངས་ཏེ་རྣམ་གྲོལ་འཚོ་བྱེད་སྨན་ཁང་གསར་དུ་བཏབ་རྗེས་ཨ་རི་ཀ་དང་།ཐའེ་ཝན།སིང་ག་བྷུའུ།ཤང་ཀང་།རྒྱ་གར།བལ་ཡུལ།ཕྱིར་སྡོད་བོད་རིགས་སོགས་ཀྱི་ནད་པ་ཉིས་སྟོང་ལྷག་ལ་སྨན་བཅོས་གནད་སྨིན་བྱས་པས་སེ་ར་དགོན་པའི་བླ་གྲྭ་རྒན་པོ་འགས་ང་ཚོ་ལོ་ངོ་སུམ་ཅུ་ལྷག་ལ་སྨན་བཅོས་གང་འདྲ་བྱས་ཀྱང་མ་ཐུབ་པ་རྣམས་ཀྱང་ད་རེས་ནད་ལས་གྲོལ་ཐུབ་པ་འདི་ཁྱེད་ཉིད་ལ་སྨན་རྫས་ཡག་པོ་ཞིག་ཡོད་པ་རེད་དང་སེམས་བཟང་པོ་ཡོད་པའི་སྟོབས་ཡིན་ཞེས་བསྔགས་བརྗོད་ཀྱང་མང་པོ་ཐོབ།སྐུ་ཉིད་ཀྱིས་འདི་འདྲ་ཕན་པ་བཟང་པོ་བྱུང་བ་ནི་གྲུབ་དབ་ང་པདྨ་ནོར་བུས་ཐུགས་རྗེ་ཁོ་ན་ཡིན་ཞེས་གསུངས་པ་རེད།དེ་ལྟར་བྱམས་དང་སྙིང་རྗེའི་ཕྱུག་པའི་ཁོར་ཡུག་ན་མི་རྣམས་ཀྱང་སེམས་ལ་འཁྲུགས་རྩོད་མེད་ཅིང་ཡི་རང་དང་མཐུན་སྒྲིལ།རང་དབང་དང་ཞི་བདེའི་ངང་དུ་ལུས་ཀྱི་ནད་དང་སེམས་ཀྱི་སྡུག་བསྔལ་མཐའ་དག་ཉི་མས་བ་མོ་བཞུས་པ་བཞིན་སྐྱེ་རྒུ་མཐོ་དམན་ཀུན་གྱིས་བསྟོད་བཀུར་གྱི་མེ་ཏོག་འབུལ་བཞིན་ཡོད་དོ།
5བོད་སྨན་གྱི་སློབ་ཕྲུག
          གཞན་ཡང་ཁོང་གིས་བློ་གསར་དོན་གཉེར་ལྡན་པའི་སློབ་ཚོགས་ཀྱང་མཆོག་གྱུར་ཚོགས་གཉིས་དང་།མཚོ་སྔོན་རྡོ་རྗེ་གཙོས་སྡེ་དགེ་དང་།བོད་ལྗོངས།མཚོ་སྔོན།འཇང་ཡུལ།རྒྱ་གར།བལ་ཡུལ།འབྲུག་ཡུལ་སོགས་ནས་བྱུང་བའི་སློབ་མ་ཆིག་བརྒྱ་ལྷག་ཙམ་ལ་གདུལ་བྱའི་ཁམས་དབང་དང་མཐུན་པར་སློབ་ཁྲིད་ཞིབ་མོར་གནང་རྗེས།ད་སྐབས་ས་གནས་སོ་སོ་ལ་བོད་ལུགས་གསོ་རིག་གི་ཕྱག་ལས་མཛད་བཞིན་པ་རེད།གཞན་བརྩམས་ཆོས་ཀྱང་བཀྲ་འབུམ་རྒྱུད་བཞིའི་དཀའ་འགྲེལ་དང་།མི་ཕམ་སྨན་ཡིག་བསྡུ་སྒྲིག་པ།དངུལ་ཆུའི་ཟིན་བྲིས།ཀར་བརྒྱུད་ལོ་རྒྱུས་སྡེབ་སྒྲིག་པ།སྡེ་དགེའི་པར་ཁང་ནང་དུ་མི་ཕམ་སྒྲ་སྐད་གཉིས་ཤན་སྦྱར་ཞུ་དག་པ།རྙིང་གཟུངས་གསར་གཟུངས་སོགས་གཟུངས་ཀྱི་སྐོར་བཅས་ཀྱི་ཞུ་དག་པ་ཡང་ཡིན་ནོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1