བསྟན་འཛིན་ཉི་མ།

ངག་དབང་རྒྱ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-16


1

 

        བསྟན་འཛིན་ཉི་མ་ཤི་འདུག་ཟེར་བ་བདེན་ནམ།

         མཚམས་རེ་བསྟན་འཛིན་ཉི་མའི་གདོང་པ་ངའི་མིག་ལམ་དུ་མངོན་སྐབས།   ང་ལ་འཇིགས་སྣང་ལྟ་བུའི་ཚོར་སྣང་ཁྱད་པར་བ་ཞིག་དབང་མེད་དུ་སྐྱེ་ཡོང་།   འོན་ཀྱང་དེ་ནི་ཡང་སྙིང་ཚོར་སྣང་གང་ཞིག་ཡིན་མིན་ངས་རྒྱུ་མ་ཕུ་འདེད་ཀྱིས་བསམ་གཞིག་བྱེད་མི་འདོད།   དེ་ནི་འགྲེལ་ཐབས་མེད་པའི་བདེ་སྣང་ཞིག་ཡིན་ནའང་ཐང་། 

  

        རེད།    བསྟན་འཛིན་ཉི་མ།     ཨ་རག་གི་ཉིང་ཁུས་དམར་སྨུག་དུ་གྱུར་པའི་གདོང་ལ་རྨ་རྗེས་གསར་རྙིང་མང་པོས་ལྷན་པ་བརྒྱབ་ཡོད་པ་དང་།    ཡུན་རིང་ཆུ་དང་མ་འཕྲད་པའི་སྐྲ་ལོ་ཉུང་ཞིང་གཟིང་བ་དེ་ལག་པས་ཤེད་ཀྱིས་འཐེན་པའི་ངང་ཚུལ་དེས་བྱིས་པ་མང་པོར་འཇིགས་སྣང་སློང་བཞིན་ཡོད། 

 

        ཁོས་མཚམས་རེ་གཞན་གྱི་བྱིས་པའི་ལག་ནས་དངུལ་འཕྲོག་སྟེ་ཨ་རག་ཉོ་བར་འགྲོ་ལ།    ཡང་སྐབས་རེ་རང་ལ་དངུལ་ཡོད་དུས"ཟོ་དང་འཐུང་དང་།    མ་གཞི་ང་བསྟན་འཛིན་ཉི་མར་རྒྱུ་དངོས་པོའི་དཔལ་འབྱོར་མེད་ཀྱང་ཡོད་དུས་མཉམ་ཟ་མཉམ་འཐུང་བྱེད་མཁན་དེ་འདྲ་ཡིན"ཟེར་ནས་ནམ་རྒྱུན་རང་དང་འདྲིས་མི་ཆེ་བའི་མི་རྣམས་ལ་སྣེ་ལེན་བྱེད་པར་དགའ།

   

        འོན་ཀྱང་ཁོས་རང་གི་སྤུན་མཆེད་དང་ནམ་རྒྱུན་རོགས་བྱེད་མཁན་རྣམས་ལ་དེ་འདྲའི་ངོ་ཡག་མི་སྟོན་པ་འདྲ་སྟེ།    ཁོས་ཉིན་ཞིག་ར་བཟི་ནས"ང་ལ་སྤུན་དང་གྲོགས་པོ་ཡིན་ཟེར་ནས་རོགས་བྱེད་མཁན་གཅིག་ཀྱང་མེད"ཅེས་ལབ་པས།   ཉིན་དེ་ནས་དངོས་གནས་ཁོ་ལ་འབྲེལ་འདྲིས་བྱེད་མཁན་གྱི་མི་ཧ་ལམ་མེད་པར་གྱུར།   སྤུན་ཉེ་པོའི་འབྲེལ་བ་ཞེས་པ་དེའང་རྒྱུ་དངོས་པོའི་ཁག་ཐེག་བྱུང་ན་གཞི་ནས་ཇེ་ཟབ་ཇེ་ཟབ་ཡིན་པ་དེ་ཚོར་སྣང་ཙམ་ཞིག་ཅི་ལ་ཡིན།    

 

        དགོང་མོ་ཞིག་ལ།     ངས་ཚ་བོ་འཇིགས་མེད་ཁྲིད་ནས་ཚོང་ཁང་ལ་སྐྱོད་སྐབས།   འཇིགས་མེད་སྔོན་ལ་བཏང་ནས་ང་རང་གསང་སྤྱོད་ལ་སོང་བ་ཡིན།   འོན་ཀྱང་ཁོ་རང་ལམ་ཆེན་གྱི་སྟེང་དུ་སྐད་ཆེན་པོས་ངུ་བཞིན་པ་ཐོས་ནས།   ང་རང་མགྱོགས་པོར་འཇིགས་མེད་ཀྱི་གམ་ལ་རྒྱུགས་ནས"ཁྱོད་ག་རེ་བྱས་སོང"ཞེས་དྲིས་པ་ན།    ཁོས"བསྟན་འཛིན་ཉི་མས་ངའི་དངུལ་འཕྲོག་སོང"ཞེས་ངུ་ངག་གིས་ལབ་བྱུང་།   ངས་ཚ་བོའི་གདོང་གི་མིག་ཆུ་ཕྱིས་རྗེས་ཚོང་ཁང་ལ་ཁྲིད་པ་ཡིན།   ཚོང་ཁང་ལ་སླེབས་སྐབས་བསྟན་འཛིན་ཉི་མས་ཨ་རག་དཀར་པོ་ཞིག་ཉོས་ནས་ལག་གཡས་པས་ཨ་རག་ཁ་ནང་འདེད་ཞིང་ལག་གཡོན་པས་རང་གི་སྐྲ་ནས་འཐེན་གྱིན་ཚོང་ཁང་གི་ཟུར་ཞིག་ཏུ་ལངས་ཏེ།   ཚོང་པ་དང་ཉོ་མཁན་རྣམས་ལ་ཁ་བརྡ་དང་ཀུ་རེ་གླེང་ནས་བསྡད་འདུག

 

        ང་རང་ཚོང་ཁང་ལ་སླེབས་པ་མཐོང་སྐབས།   བསྟན་འཛིན་ཉི་མའི་གདོང་མདོག་སྐྱ་བོར་གྱུར་ནས་ཧ་ཅང་དོག་མི་བདེ་བའི་མིག་མདངས་ཤིག་གིས་ང་ལ་ཅེ་རེར་བལྟས་བྱུང་བ་དང་།   མིག་མདངས་སུ་ཁ་སྐྱེངས་ཤིང་གཉོམ་ཡང་ཆུང་བའི་ཉམས་སྣང་ཁྱད་པར་བ་ཞིག་མངོན་བྱུང་།   ངས་མི་ཚེ་གང་པོར་མིག་མདངས་དེ་བརྗེད་པ་མི་འདུག    ངས་ཁོ་ལ་ཁ་ཡ་ཅི་ཡང་མ་བྱས་པར་ཚོང་ཁང་ནས་དོན་པ་ཡིན། 

 

2

 

        བསྟན་འཛིན་ཉི་མ་ཤི་འདུག་ཟེར་བ་བདེན་ནམ།  

 

        ལོ་དེར།   ཀྲུང་དབྱང་ནས་བོད་ཁུལ་ཡོངས་ལ་བདེ་སྡོད་ལས་གྲྭ་ཟེར་བའི་སྡོད་ཁང་གསར་རྒྱག་གི་རྣམ་གྲངས་ཆེན་མོ་ཞིག་གནང་བྱུང་།   རྣམ་གྲངས་དེར་སྡོད་ཁང་གསར་རྒྱག་བྱེད་མཁན་ཚོར་སྐུལ་མའི་ཆེད་དུ་མ་དངུལ་ཡང་འབོར་ཆེན་གཏོང་བའི་འཆར་གཞི་ཞིག་ཀྱང་འདུག  ང་ཚོའི་གྲོང་ཚོའི་ཁྱིམ་དུད་ཚང་མས"སྲིད་ཇུས་དེ་དཔེ་ཡག་པོ་རེད"ཟེར་ནས།   སྔ་རྗེས་སུ་ཁང་པ་གསར་པ་རྒྱག་འགོ་བརྩམས།   དེ་དུས་ནས་ང་ཚོའི་འཚོ་བ་ལའང་འགྱུར་ལྡོག་ཆེན་པོ་བྱུང་།   ང་རང་ཚོང་ཁང་ལ་འགྲོ་སྐབས་ཀྱང་སྒོར་མོ་གཅིག་གཉིས་ཁུར་ནས་རྔན་པ་མང་པོ་ཉོས་ཀྱང་།   ཨ་མས་དངུལ་མང་པོ་འཕྲོ་བརླག་བཏང་བའི་འཁང་ར་མི་བྱེད།   (དེ་དུས་ང་རང་ལོ་ན་ཆུང་བས་སྲིད་ཇུས་ཀྱི་ལེགས་ཉེས་དང་འཚོ་བ་ཡི་མངར་སྐྱུར་ལ་སོགས་པའི་བརྗོད་བྱ་རྒྱ་ཆེན་པོ་དེ་ཚོར་རྒྱུས་ལོན་བྱེད་པའི་བསམ་པ་ག་ལ་ཡོད།   ཟས་ཐུན་རེ་ལ་ཟ་མ་རྒྱགས་ཚད་དང་རྩེད་མོ་སྤྲོ་བོ་རེ་བརྩེ་རྒྱུ་བྱུང་ན་བྱིས་པའི་བསམ་དོན་འགྲུབ་པ་རེད།)

 

        ང་ཚོའི་གྲོང་ཚོར་སྐྱེས་པ་མང་པོ་ཡོད་པ་མ་ཟད།     ?་བཟོ་བ་དང་ཤིང་བཟོ་བ།   ཚོན་གཏོང་མཁན་སོགས་མང་པོ་ཡོད་ཀྱང་།   ཞལ་བ་བྱུགས་ཤེས་པ།   ཤིང་བཟོ་བྱེད་ཤེས་པ།   ཚོན་ཡང་གཏོང་ཤེས་མཁན་བསྟན་འཛིན་ཉི་མ་གཅིག་པུ་རེད།   

 

        སྲིད་ཇུས་དེས་བསྟན་འཛིན་ཉི་མའི་ཕྱུག་འགྱུར་གྱི་སྒོ་མོ་ཡངས་བར་ཕྱེ་སོང་།   ཁང་པ་གསར་རྒྱག་བྱེད་མཁན་ཕལ་མོ་ཆེས་ཁོ་པར་ལག་རྩལ་ཆེན་མོ་བའི་འགན་ཁུར་དུ་བཅུག་གི་ཡོད་པས།   དུས་དེར་བརྒྱབ་པའི་ཁང་པའི་ཁྲོད་ལ་བསྟན་འཛིན་ཉི་མའི་ལག་རིས་མ་འགོས་པ་ཕལ་ཆེར་མེད། 

   

        སྐབས་དེར།   ང་ཚོའི་གྲོང་ཚོར"བུ་མོ་སུ་བསྟན་འཛིན་ཉི་མའི་མནའ་མར་འགྲོ་ཐུབ་ན།   བུ་མོ་དེ་གྲོང་ཚོ་ཡོངས་ཀྱི་སྲུ་མོར་བཀུར་རྒྱུ་ཡིན"ཟེར་བཞིན་ཡོད།    ལྷག་པར་དེ་དུས་བསྟན་འཛིན་ཉི་མ་ད་དུང་ཕོ་ཧྲེང་ཡིན་པས།   གྲོང་ཚོའི་བུ་མོ་མང་པོའི་ཉིན་མོའི་ཁ་བརྡ་དང་མཚན་མོའི་རྨི་ལམ་གྱི་བརྗོད་གཞི་ནི་བསྟན་འཛིན་ཉི་མ་ཡིན་དགོས་བྱུང་།   དུས་དེ་ནས་བཟུང་གྲོང་ཚོའི་བུ་མོ་རེ་གཉིས་ལ་བསྟན་འཛིན་ཉི་མའི་རྒྱུད་པའང་བྱུང་ཡོད་ཀྱང་།    དེ་ཚོ་ཚང་མ་ཁོའི་མནའ་མར་མ་གྱུར་པས།    དུས་སྐབས་དེར་བསྟན་འཛིན་ཉི་མས་གྲོང་ཚོའི་ཕོ་གསར་གཞན་རྣམས་སྡུག་ལ་གཏད་སོང་ཞེས་བཤད་ཆོག

 

        དེ་དུས་ང་རང་སློབ་ཆུང་འགྲིམ་མ་ཐག་པའི་བྱིས་པ་ཞིག་ཡིན།   དུས་རྒྱུན་སློབ་གྲྭ་གྲོལ་ནས་ནང་ལ་ལོག་སྐབས།   བསྟན་འཛིན་ཉི་མའི་ལག་སྐྱོར་འདྲུད་འཐེན་འཁོར་ལོ་ལམ་ལ་བགྲོད་པ་དང་སྟབས་འཁེལ་ན།  བྱིས་པ་ཚོས་དགའ་ཚོར་ཆེན་པོས"ཨ་ཁུ་བསྟན་འཛིན་ཉི་མའི་ཐོར་ཕྲུག་ཡོང་གིས"ཟེར་གྱིན་རྒྱུགས་ཤར་གློད་ནས་འདྲུད་འཐེན་འཁོར་ལོའི་འཁོར་སྒྲོམ་ལས་འཇུས་ཏེ་རྗེས་དེད་ནས་འགྲོ་བས།   གྲོང་ཚོའི་མི་རྒན་ཚོས་ཀྱང་བྱིས་པ་ཚོ་ལ་ལད་མོ་བྱས་ནས་"ཨ་ཁུ་བསྟན་འཛིན་ཉི་མ"ཞེས་བོས་པ་ན།   བསྟན་འཛིན་ཉི་མ་གྲོང་ཚོ་ཡོངས་ཀྱི་ཨ་ཁུར་གྱུར་སོང་།   ཨ་ཁུ་བསྟན་འཛིན་ཉི་མའི་འདྲུད་འཐེན་འཁོར་ལོ་དེ་ངས་མཐོང་མྱོང་བའི་འདྲུད་འཐེན་འཁོར་ལོ་དང་པོ་དེ་རེད་ཟེར་ན་རྫུན་གཏམ་དུ་འགྲོ་ཡང་སྲིད་མོད།   ང་ཚོའི་གྲོང་ཚོར་འདྲུད་འཐེན་འཁོར་ལོ་ཐེངས་དང་པོར་གཏོང་མཁན་ཨ་ཁུ་བསྟན་འཛིན་ཉི་མ་ཡིན་པ་འཁྲུལ་མེད་རེད། 

  

         ཐེངས་ཤིག མཚན་གང་པོར་ཆར་པ་ཆེན་པོ་བབས་ནས་ངོས་མི་སྙོམས་པའི་གཞུང་ལམ་གྱི་སྟེང་དུ་ཆར་ཆུ་མང་པོ་འཁྱིལ་འདུག  ང་དང་སློབ་གྲོགས་ཆུང་ཆུང་གཉིས་སློབ་གྲྭར་འགྲོ་སྐབས།    ཨ་ཁུ་བསྟན་འཛིན་ཉི་མའི་འདྲུད་འཐེན་འཁོར་ལོ་དེ"ཏག་ཏག་ཏག"ཟེར་གྱིན་ང་ཚོའི་ཕྱོགས་ལ་ཡོང་གིན་འདུག  ང་ཚོ་དགའ་སྤྲོ་ཆེན་པོ་འཁོལ་ནས་མཆོང་ལྡིང་བྱེད་བཞིན།   སྔར་རྒྱུན་ལྟར་བྱང་ཆ་ལྡན་པའི་ངང་ནས་འཁོར་སྒྲོམ་གྱི་མཐའ་ནས་བཟུང་སྟེ་ལས་སླ་མོར་འཁོར་སྒྲོམ་ནང་དུ་འཛུལ་ཐུབ་པ་བྱུང་།    

 

        ཨ་ཁུ་བསྟན་འཛིན་ཉི་མས་དུས་རྒྱུན་ལྟར"ལྟས་ཕྲུག་དེ་ཚོ་ཡིན་ན།   རྨས་སྐྱོན་བྱུང་ན་ངས་ཇུས་གཏོགས་བྱེད་ཀྱི་མིན"ཞེས་པའི་གཏམ་དེ་མ་བཤད་པར།   ང་ཚོར་སྣང་འཇོག་གང་ཡང་མ་བྱས་པར་ཤར་རེར་ཕྱིན་སོང་།

   

        ཆར་ཆུས་བཀང་བའི་ལམ་ཞིག་ལ་སླེབས་སྐབས།   ཨ་ཁུ་བསྟན་འཛིན་ཉི་མས་འདྲུད་འཐེན་འཁོར་ལོའི་འཁོར་འགག་རྐང་པས་ཤུགས་ཀྱིས་མནན་ནས་ཆུ་འཁྱིལ་བའི་དཀྱིལ་ལ་བཀག་སོང་།   


        "ལྟས་ཕྲུག་ཁྱོད་ཚོ་ཡིན་ན།    ཐོར་ཕྲུག་ནས་ལྷུང་ན་ང་ཁྱོད་ཚོའི་ཕ་མར་བརྩིས་གང་འདྲས་ཟེར་སྤྲོད་དགོས་རེད།   མར་བབས་ཤོག"

        ཨ་ཁུ་བསྟན་འཛིན་ཉི་མས་ང་ཚོ་ཆུ་ནང་འབབ་ཏུ་བཅུག་པས།   སློབ་གྲྭར་སླེབས་རྗེས་རྒན་ལགས་ཀྱིས་ང་ཚོར་གྱོན་གོས་རློན་པ་བཟོས་འདུག་ཟེར་ནས་ཁ་རྡུང་དྲག་པོ་བཏང་བྱུང་།   ཉིན་དེ་ནས་ཨ་ཁུ་བསྟན་འཛིན་ཉི་མ་ཞེས་པའི་མི་དེར་ཁོང་ཁྲོ་གཏིང་ནས་སྐྱེས་བྱུང་མོད།    ཕྱིས་སུ།   ཚོང་ཁང་ཞིག་གི་ནང་ནས་བསྟན་འཛིན་ཉི་མས་ང་ལ་སྒོར་གཅིག་བྱིན་བྱུང་བས།   ངས་ཁོ་ལ"ཨ་ཁུ་བསྟན་འཛིན་ཉི་མ།   ཐུགས་རྗེ་ཆེ"ཞེས་བཤད་པ་ཡིན།    

 

3

 

        བསྟན་འཛིན་ཉི་མ་ཤི་འདུག་ཟེར་བ་བདེན་ནམ།  

 

        ཨ་ཁུ་བསྟན་འཛིན་ཉི་མས་ཕྱིས་སུ་ཡུལ་གཞན་ཞིག་ནས་མནའ་མ་གཅིག་བླངས་བྱུང་།   དེ་ནས་ཁོ་པར་ཁྱིམ་ཚང་ཞེས་པའི་དྲོ་སྐྱིད་རྣལ་མ་ཞིག་བྱུང་ཡོད།    ཨ་ཁུ་བསྟན་འཛིན་ཉི་མའི་མནའ་མ་དེ་ལས་གྲུང་པོ་ཞིག་འདུག་པས།     དེ་གར་ཡང་བསྐྱར་མྱང་ཚ་དཀར་རྒྱན་གྱིས་བདག་བྱས་པའི་གཏམ་དཔེ་ཁྱོ་ཕྱུག་ཆུང་མ་གྲུང་།   བལ་འཇམ་སྣམ་བུ་ལེགས"ཞེས་པ་དེ་མོ་ལ་ཐེངས་གཅིག་བཀོལ་དགོས་བྱུང་།    

 

        དེ་དུས་བདེ་སྡོད་ལས་གྲྭའི་རྣམ་གྲངས་ཧ་ལམ་མཇུག་སྒྲིལ་བའི་མཚམས་སུ་སླེབས་ཡོད་ཀྱང་།   རྒྱལ་ཁབ་ནས་དངུལ་སྨར་ཕང་མེད་དུ་སྟེར་བའི་སྲིད་ཇུས་དེ་འདྲ་ཟམ་མི་ཆད་པར་ཡོང་གི་འདུག  

 

        ལོ་ཞིག་ལ་ང་ཚོའི་ཕ་ཡུལ་གཅིག་པུར་སྔོན་ཆད་འབབ་མ་མྱོང་བའི་དྲག་ཆར་ཞིག་བབས་སོང་།    མི་ཚོས"དེ་ནི་ཕུ་ནས་གཏེར་ཁ་བཏོན་པས་ཡུལ་ལྷ་གཞི་བདག་ཁྲོས་ནས་ཡུལ་ལ་ཆད་པ་གཏང་བ་རེད"ཟེར།   དེའང་བདེན་པར་འདུག་སྟེ་ང་ཚོའི་གྲོང་ཚོའི་ཁང་པ་མང་པོ་དྲག་ཆར་དེའི་ཁྲོད་དུ"རྨས་སྐྱོན"སོང་ཡང་།   གྲོང་ཚོ་གཞན་ལ་ཐ་ན་ཆར་ཐིགས་ཙམ་བབས་མི་འདུག འདི་ནི་ངོ་མ་ཡ་མཚན་སྐྱེ་དགོས་པ་ཞིག་མ་རེད་དམ།

   

        དྲག་ཆར་དེའི་རྗེས་ལ།   ཤང་དང་རྫོང་།   ཐ་ན་ས་ཁུལ་སོགས་ནས་འགོ་ཁྲིད་མང་པོ་ཕེབས་ཏེ།    ང་ཚོས་གནོད་འཚེ་དེར་ཁ་གསབ་ལེགས་པོ་བྱེད་ངེས་ཞེས་ལབ་ནས་གནོད་འཚེའི་ཚབས་ཆེ་ཆུང་ལ་གཞིགས་ཏེ་ཐོ་བཀོད་བྱས་ནས་གོང་རིམ་ལ་ཕུལ།   དེ་དུས་ཨ་ཁུ་བསྟན་འཛིན་ཉི་མ་སོགས་གྲོང་ཚོའི་ཕོ་གསར་མང་པོ་ཕུ་ལ་གཏེར་འདོན་པ་དེ་ཚོ་མཉམ་དུ"ཡུལ་ལྷའི་སྙིང་འབྲུ"བཞིན་ཡོད།   

 

        གྲོང་ཚོའི་འགོ་འཁྲིད་ཚོ་གནོད་འཚེའི་ཐོ་བཀོད་བྱེད་པར་འགྲོ་སྐབས།   ཨ་ཁུ་བསྟན་འཛིན་ཉི་མའི་ཆུང་མས་མིག་ཆུ་ཆར་ལྟར་བཞུར་གྱིན"ངའི་ཁང་པ་གྲོང་ཚོ་ཡོངས་ནས་གནོད་འཚེ་ཚབས་ཆེ་ཤོས་ཕོག་མཁན་དེ་རེད་འདུག"ཟེར་ནས་སྐད་རྒྱབ་པས།   ཁོའི་ནང་ལ་གནོད་འཚེའི་ཁ་གསབ་མང་ཤོས་ཐོབ།   

 

        དེའི་ཕྱིས་སུ།    ཨ་ཁུ་བསྟན་འཛིན་ཉི་མ་ཨ་ཕར་གྱུར་སོང་།   ཁོའི་གདོང་གི་སྐྱིད་ཉམས་དེ་བྱིས་པ་ཞིག་ལ་མངར་ཆ་?ག་གཅིག་བྱིན་པ་བཞིན་ཧ་ཅང་ལྷད་མེད་ཡིན།

   

        ང་རང་དགུན་ཁའི་དགུང་གསེང་ལ་ལོག་པའི་ཉིན་ཞིག་གི་ཞོགས་པར་ཉི་འོད་ཧ་ཅང་དྲོ།   ཕྱི་རོལ་གྱི་ཁ་ཤུལ་ལ་ཉི་འོད་ཕོག་ནས་མིག་ལ་གཟན།   ཨ་ཁུ་བསྟན་འཛིན་ཉི་མ་གྲོང་ཚོའི་མི་ཁ་ཤས་དང་མཉམ་དུ་ཡུལ་ལྷན་ཁང་གི་སྒོ་འགྲམ་དུ་ཉི་མ་ལྡེ་བཞིན་འདུག

 

        "ཧ་ཧ།   ད་ལོའི་ལོ་གསར་ལ་ང་ཨ་ཕར་འགྱུར་རྒྱུ་ཡིན་པ་འདྲ།   དངོས་གནས་དུས་ཚོད་ཞེས་པ་དེ་འགྲོ་མགྱོགས་པར་དཔེ་རེད།   ང་རང་ཕྲུ་གུ་སྣབས་ལུགས་ཤིག་ནས་ད་ལྟ་ཕྲུ་གུ་སྣབས་ལུགས་ཤིག་གི་ཨ་ཕར་འགྱུར་རྒྱུ་རེད།" ཨ་ཁུ་བསྟན་འཛིན་ཉི་མས་གཏམ་གླེང་བྱེད་དུས་སྐད་ཆ་དེ་འདྲ་ཞིག་བཤད་སོང་།   

 

        "རེད།   རེད།   སྔོན་མ་ཨ་ཁུ་རང་ཆུང་དུས་འཚུབ་དྲགས་ནས་གླགས་མི་འཁེལ་བ་ཞིག་ཡོད།   ད་ཆ་གྲོང་ཚོའི་མི་ཚང་མས་མིག་དཔེ་བལྟ་སར་འགྱུར་སོང་བ་རེད།   དུས་ཚོད་ཀྱིས་ཡོད་ཚད་ལ་ར་སྤྲོད་བྱེད་སྲིད་ལ་ཡོད་ཚད་ལ་འགྱུར་བའང་བྱུང་སྲིད་ཅེས་པ་དེ་དངོས་གནས་རེད།" མཐོ་རིམ་སློབ་འབྲིང་འགྲིམ་མྱོང་བའི་བསོད་བཀྲ་གཏམ་དེའི་རིགས་འཆད་ལ་གོམས་ཡོད་པ་འདྲ།    དེ་དུས་བསོད་བཀྲའི་གཏམ་ལ་ཨ་ལན་སྦྱིན་མཁན་ཕལ་ཆེར་བྱུང་བ་མེད།   ང་རང་བྲེལ་བ་ཆེ་བས་ཁོ་ཚོའི་གཏམ་ལ་ཉན་ནས་སྡོད་ཁོམ་མ་བྱུང་།

   

4

 

        བསྟན་འཛིན་ཉི་མ་ཤི་འདུག་ཟེར་བ་བདེན་ནམ།  

 

        ད་ལྟ་ང་ཚོའི་གྲོང་ཚོར་འཕེལ་རྒྱས་ཆེན་པོ་བྱུང་སྟེ།    གྲོང་ཚོར་རླངས་འཁོར་མང་པོ་ཡོད་ལ།    ལམ་གྱི་གཡས་གཡོན་དུ་ཉི་ནུས་ལམ་སྒྲོན་ཡང་བསྒར་ཡོད།    དུད་ཁྱིམ་ཚང་མའི་ནང་དུ་བརྙན་འཕྲིན་དང་ཁ་པར་ཡོད་ལ།   ཁྱིམ་ཚང་ཕྱུག་པའི་མི་འགའ་ལ་ལག་ཐོགས་ཁ་པར་ཡང་ཡོད་པ་མ་ཟད།    གྲོང་ཚོར་ཟ་ཁང་དང་ཇ་ཁང་ཡང་མང་པོ་བྱུང་སོང་། 

  

        "ང་ཚོས་ལས་ཀ་གང་ཡང་མ་ལས་ཀྱང་རྒྱལ་ཁབ་དྲིན་ཆེན་པོ་དེས་ང་ཚོ་ལྟོགས་སུ་འཇུག་མི་སྲིད།"

 

        "རེད།   གུང་ཁྲན་ཏང་དྲིན་ཆེན་པོ་རེད།    ད་ལྟ་སྲིད་ཇུས་བཟང་པོའི་འོག་ལ་ང་ཚོར་གང་ཟ་གང་འཐུང་གི་འཚོ་བ་ཞིག་བྱུང་བ་རེད། "

 

        "ཡ།   བདེ་སྐྱིད་ཀྱི་འཚོ་བ་དེའི་ཆེད་དུ་གཙང་བཞེས་གནང་རོགས།"

 

        ལོ་དེ་དག་ལ་ང་ཚོའི་གྲོང་ཚོར་བདེ་འཁོད་ལས་གྲྭ་ནས་བརྩིས་ཏེ་ཆར་ཞོད་གེགས་སེལ་དང་མཐའ་མཚམས་རོགས་དངུལ།   སྤྱི་ཚོགས་འགན་བཅོལ་ཟེར་བ་སོགས་རྒྱལ་ཁབ་ཀྱི་རོགས་སྐྱོར་རང་བཞིན་གྱི་རྣམ་གྲངས་རབ་དང་རིམ་པ་ཐོན་ཡོད།   ང་ཚོའི་གྲོང་ཚོའི་བྱིས་པ་རྣམས་ཀྱི་རྩེད་ཆས་ཀྱི་གོང་ཚད་ཇེ་མཐོ་དང་སྤུས་ཀ་ཇེ་བཟང་དུ་སོང་ཡོད་ལ་གྲོང་མི་རྣམས་ཀྱི་སྦི་རག་གི་འཐུང་རྩལ་ཇེ་ཆེ་དང་འཐུང་ལུགས་ཇེ་མང་དུ་སོང་ཡོད།    འོན་ཀྱང་།   འཚོ་བ་གསར་པའི་མངར་ཁ་མྱོང་མཁན་རྣམས་ཀྱི་ཁྲོད་ལ་སྔོན་ཆད་བྱུང་མ་མྱོང་བའི་ཕ་མ་རྒན་རྒོན་སྒོ་ལ་ཕུད་མཁན་དེ་འདྲའང་དར་བཟོ་བྱེད་ཀྱི་འདུག 

 

        སྐབས་དེར།   ཨ་ཁུ་བསྟན་འཛིན་ཉི་མའི་བྱིས་པ་དེ་ཚེ་ཡིས་མ་ཟིན་པར་ལོ་གཉིས་ལ་སླེབས་རྗེས་ཤི་སོང་།   དགུན་ཁ་དགུ་གསུམ་པ་འདྲེན་པའི་སྐབས་ཤིག་ལ་ཕྲུ་གུ་དེ་འཁྱགས་ཤི་ཐེབས་སོང་ཟེར་།   

 

        ཕལ་ཆེར་དུས་དེ་ནས་ཡིན་ནམ།   ཡང་ན་དེ་ལས་སྔ་ཙམ་ཞིག་ནས་ཡིན།    གང་ལྟར་གྲོང་ཚོའི་ནང་དུ་བསྟན་འཛིན་ཉི་མ་ཞེས་པའི་ཆང་རྐྱལ་ཞིག་མང་དུ་ཕྱིན་ལ།    ཨ་ཁུ་བསྟན་འཛིན་ཉི་མ་ཟེར་བའི་འཇོན་ཐང་ཅན་ཞིག་མེད་པར་གྱུར་བ་རེད།   བསྟན་འཛིན་ཉི་མའི་བྱིས་པ་ཤི་རྗེས།   ཁོས་དགོང་ལྟར་ཇ་ཁང་ནང་དུ་སྦི་རག་འཐུང་བར་ཕྱིན་ནས་ར་མ་བཟི་བར་དུ་ལོག་གི་མེད་ལ།   ནང་དུ་སླེབས་རྗེས་ཆུང་མའི་སྐྲ་ནས་འཇུས་སྟེ་རྒྱག་རྡུང་ཆེན་པོ་བྱས་པས།    ཁོ་ཐེངས་མ་གཉིས་ཙམ་བཙོན་འཇུག་བྱས་ཀྱང་བཙོན་གྲོལ་ཐོབ་རྗེས།    སླར་ཡང་སྦི་རག་བཏུངས།   སྦི་རག་བཏུངས་རྗེས་སླར་ཡང་ཆུང་མའི་སྐྲ་འཐེན་ནས་རྒྱག་རྡུང་ཆེན་པོ་བྱས་པས།     ཆུང་མ་དེ་འུ་ཐུག་ནས་རང་ཡུལ་དུ་མི་ལོག་ཀ་མེད་བྱུང་།   

 

        དེ་ནས་བསྟན་འཛིན་ཉི་མ་ལམ་ལ་འགྲོ་སྐབས་ག་དུས་ཡིན་ཡང་རང་གི་སྐྲ་ནས་འཐེན་ཏེ་འགྲོ་མཁན་ཞིག་ཏུ་གྱུར།     ཨ་ཁུ་བསྟན་འཛིན་ཉི་མའི་ཉི་མ་ནུབ་སོང་།    

 

        ཨ་ཁུ་བསྟན་འཛིན་ཉི་མའི་ཕྲུ་གུ་མི་ཡུལ་ལ་སླེབས་པའི་ཉིན་གཉིས་པར།   ཁོ་རང་རང་གིས་བུ་ལོན་གཡར་བའི་ཁྱིམ་ཚང་ཚང་མའི་སྒོ་ཁར་ཕྱིན་ནས་བུ་ལོན་གསབ་མི་དགོས་ཞེས་བཤད་ལ་ཡུལ་གྱི་དགོན་པའི་གྲྭ་དམངས་ལ་མང་ཇ་ཐེངས་གཉིས་བླུད་ཅིང་གྲྭ་པ་ཡོངས་ལ་སྐུ་ཡོན་ཡང་མི་ཉུང་བ་བཀྱེད།   

 

        སྔོན་ཆད་ཕྱུག་བདག་སུས་ཀྱང་དེ་འདྲའི་མཛད་པ་སྤེལ་མ་མྱོང་ཟེར།  ཨ་ཁུ་བསྟན་འཛིན་ཉི་མར་ཐུགས་རྗེ་ལེགས་འབུལ་ཞུ་ཆེད།   དགོན་པ་ནས་ཁོའི་བྱིས་པ་དེར་ཆེད་མངགས་སྐྱབས་འགྲོ་ཡང་ཐེངས་མང་བཏོན་ཡོད་པ་གོ་རྒྱུ་འདུག  

 

5

 

        བསྟན་འཛིན་ཉི་མ་ཤི་འདུག་ཟེར་བ་བདེན་ནམ།   

 

        "ཨ་ཅེ(དབུས་གཙང་ཁ་སྐད་དུ་ཆུང་མ་ལ་གོ་བ་ཡིན།)མེད་ཀྱང་སྐྱོན་མིན་འདུག ཕོ་ཧྲེང་ལ་ཆང་དང་ཐ་མག་གི་སྐྱོ་རོགས་ཡོད་ན་སྐྲག་དགོས་རྒྱུ་གང་ཡོད།"  སྐབས་དེ་དུས།   བསྟན་འཛིན་ཉི་མར་ད་དུང་དངུལ་ལོར་མང་པོ་ཡོད།   ཁོ་ཨ་རག་སྤུས་ཀ་ཇེ་ཡག་གོང་ཇེ་མཐོ་དེ་ཚོ་མ་གཏོགས་ཁ་ལ་མི་རེག  ཐ་མག་ཡང་སྒོར་མོ་བཅུ་ཅན་འབའ་ཞིག་ཉོས་ནས་དུ་བ་སྒོར་སྒོར་གནམ་ལ་གཏོང་གིན་གྲོང་ཚོ་སྤྱི་ལ་མེད་པའི་བདེ་བ་ཞིག་ལ་ལོངས་སྤྱོད་བྱས། 

 

        "ང་ལ་ཨ་རག་དཀར་པོ་འཐུང་རྒྱུ་བྱུང་ན་ཉིན་གང་ཟ་མ་ཁ་ལ་མ་རེག་ཀྱང་ལྟོགས་རྒྱུ་མེད།"  (ཕྱིས་སུ་བསྟན་འཛིན་ཉི་མ་ཨ་རག་དཀར་པོ་འཐུང་མཁན་ཞིག་ལ་འགྱུར་བ་འདྲ།)   སྐད་ཆ་དེ་ཤོད་དུས།   བསྟན་འཛིན་ཉི་མའི་སྒོར་མོ་ཕལ་ཆེར་ཟད་ལ་ཉེ།

  

        བསྟན་འཛིན་ཉི་མས་མཚམས་རེ་མི་གཞན་གྱི་སྒོ་བརྡུངས་ནས་དེ་སྔོན་གྱི་བུ་ལོན་རྙིང་པ་ཡོད་པ་དེ་ཚོ་ལེན་པར་འགྲོ་བ་ཡང་མཐོང་ལ།    སྐབས་རེ་གཞན་དང་དངུལ་གྱི་དོན་དུ་རྩོད་པ་བྱུང་ནས་ཡུལ་ལྷན་གྱི་གཞུང་ལས་ཁང་དུ་མགོ་བོ་སྒུར་ནས་སྐྲ་ལོ་ཤེད་ཀྱིས་ལག་པས་འཐེན་གྱིན་ཅི་ཞིག་ལ་བསམ་བློ་གཏོང་བ་ཡང་མཐོང་། 

  

        "ངའི་ནང་ལ་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་ཞིག་ཡོད་ཀྱང་།   བེད་སྤྱོད་གཏོང་མཁན་མེད་པས་བསྒྲིགས་ནས་བཞག་ན་འཕྲོ་བརླག་འགྲོ་ཉེན་ཆེ།   དེ་ལས་གོང་ཚད་དམའ་ཙམ་བྱས་ནས་ཉོ་མཁན་ཡོད་ན་འཚོང་རྐྱང་ཡིན།"

 

        བསྟན་འཛིན་ཉི་མས་སྐད་ཆ་དེའི་རིགས་ཤོད་དུས།   ཁོའི་ཁྱིམ་ལ་ཅ་ལག་ངོ་དྲགས་པ་ཕལ་ཆེར་མཐོང་རྒྱུ་མེད།    གྲོང་ཚོའི་དབུ་ཁྲིད་སུས་ཀྱང་བསྟན་འཛིན་ཉི་མའི་ཁྱིམ་ཆས་ཉོ་མི་ཆོག་པའི་བཀའ་རྒྱ་དེ་སྔ་ཙམ་བཀྲམ་ཡོད་ན་ཁོའི་ཁྱིམ་ལ་ད་དུང་རང་ཉིད་ལ་དྲོད་ལེན་བྱེད་ཀྱི་ལྕགས་ཐབ་གཅིག་རང་ལྷག་ཡོད་ངེས།   

 

        གོང་རིམ་ནས་བསྟན་འཛིན་ཉི་མའི་ཁྱིམ་ལ་རྒྱུན་མཁོའི་ནང་ཆས་ཁ་ཤས་བྱིན་ཡོད་པ་འདྲ།   འོན་ཀྱང་བསྟན་འཛིན་ཉི་མས"ཁང་པ་ལ་དྲོད་མི་འདུག"ཟེར་ནས་ཁྱིམ་མཚེས་ཀྱི་རྩྭ་ཁང་ནང་དུ་ཉལ་བར་ཕྱིན་པ་དེར་བཀག་འགོག་བྱེད་ཐུབ་མཁན་བྱུང་མེད།   

 

        "ང་སྐྱོབ་རོགས།   ང་ལ་ཁ་ཡ་བྱེད་མཁན་མེད་པ་གང་རེད།"བསྟན་འཛིན་ཉི་མ་ཧ་ལམ་རིག་པ་དྭངས་གསལ་ལ་གནས་པའི་དུས་ཤིག་མེད་པ་འདྲ།   གོམ་ཚུགས་འཁྱར་འཁྱོར་དེ་སྔ་མོ་ནས་བསྟན་འཛིན་ཉི་མའི་རྒྱུན་གཏན་གྱི་གོམ་པའི་སྤོ་སྟངས་ཆགས་ཡོད་པ་འདྲ།   དེ་ལྟར་གཅིག་མཇུག་གཉིས་མཐུད་ཀྱི་རྨ་ཁས་བསྟན་འཛིན་ཉི་མའི་གདོང་པ་ཞོར་ལས་བྱེད་མཁན་ཚོའི་ཉལ་ཁང་བཞིན་ཛ་རེ་ཛོ་རེ་བལྟ་མི་ཉེན་པ་ཞིག་ཆགས་འདུག འོན་ཀྱང་ཕར་བལྟས་ཚོད་ལ་ཁོ་པའི་ཁོག་ནང་ན་ཚ་འདྲ་མི་འདྲ་དེ་འདྲ་མེད་པ་འདྲ།   ཨ་ཆུ་ཆུ།   གནམ་གཤིས་དེའི་གྲང་ངར་ལ།  

 

        ཨ་ཡ་མཚན།   སྐབས་དེར་ངས་གློ་བུར་དུ་དོན་དག་ཞིག་དྲན་བྱུང་།   ཨ་ཁུ་བསྟན་འཛིན་ཉི་མའི་ངོ་ཤེས་ཤིག་གིས་མི་འགའ་ཁྲིད་ནས་རི་མྱུལ་ལ་སླེབས།   དེ་ནས་ཡུལ་མིའི་བླ་རི་གོང་ལྷ་དཀར་པོ་ནས་གཏེར་ཁ་འདོན་རྒྱུ་ཡིན་པའི་བཀའ་རྒྱ་ཞིག་འབྱོར་སོང་།  

 

        ངའི་ཨ་ཕ་དང་མཁན་པོ་དཀོན་མཆོག་སོགས་ཆོས་ལ་དད་པའི་ཡུལ་མི་ཁ་ཤས་ཀྱིས"གཏེར་ཁ་འདོན་པ་ནི་ཡུལ་ལྷའི་སྙིང་འདོན་པ་དང་ཁྱད་པར་མེད་པས།   ཡུལ་ལྷས་ཡུལ་ལ་ཆད་པ་གཅོད་རྒྱུ་རེད"ཟེར་ནས་མཐའ་གཅིག་ཏུ་བཀག་མོད།   ཨ་ཁུ་བསྟན་འཛིན་ཉི་མས"ཡུལ་གྱི་དཔལ་འབྱོར་དར་རྒྱས་ཀྱི་ཆེད་དུ།   ཡུལ་ལྷས་ང་ཚོར་གསོལ་རས་ཕྲན་བུ་ནི་སྟེར་དགོས་བྱུང་།   ཡུལ་ལྷ་དྲིན་ཆེན་དེས་ང་ཚོ་ཕྱུག་པོ་འགྱུར་བར་རེ་བ་ལས་ཕུང་ན་བསམ་མི་སྲིད"ཅེས་ཁོང་ཁྲོ་ཆེན་པོས་ལབ་སོང་།  

 

        གཏེར་འདོན་གྱི་ལས་གྲྭ་དེ་ཀླན་ཀའི་ཁྲོད་ལ་ཟླ་བ་གསུམ་ལ་ལས་ཀྱང་།   ཕྱིས་སུ་ལས་གྲྭ་དེར་རྒྱལ་ཁབ་ཀྱི་ཆོག་མཆན་གང་ཡང་ཐོབ་མེད་པར་དཔོན་པོ་ཁ་ཤས་ཀྱིས་ལྐོག་ཏུ་དབང་ཆ་ཁོ་ཚོར་སྟེར་བ་རེད་ཟེར།    གང་ལྟར།   ཤང་ཀྲང་བཀྲ་ཤིས་དེ་ནས་ང་ཚོའི་ཤང་ལ་ལས་ཀ་བྱེད་ཀྱིན་མི་འདུག མི་ཁ་ཤས་ཀྱིས་ཁོ་རང་བཙོན་དུ་བཅུག་པ་རེད་ཟེར།   ཁ་ཤས་ཀྱིས་སྨན་ཁང་དུ་ལུས་པ་རེད་ཟེར།   ཁ་རེ་རེས་གཏམ་རེ་རེ་བཤད་པས་གང་ཡིན་ཆ་འཇོག་བྱེད་པར་དཀའ།   གཏེར་འདོན་ལས་གྲྭ་ནི་མཚམས་མི་འཇོག་ཀ་མེད་བྱུང་།   ངའི་དྲན་པ་ཉོག་མེད་ན་དེ་དུས་ཨེམ་ཆི་དཔལ་འབར་ཉིན་ལྟར་ཨ་ཁུ་བསྟན་འཛིན་ཉི་མའི་ནང་ལ་བསྐྱོད་དགོས་ཀྱི་ཡོད་པ་འདྲ།  (ང་ཚོའི་ལུང་པར་ཡུལ་གཞན་ལ་མེད་པའི་དྲག་ཆར་ཆེན་པོ་ཞིག་བབ་པ་དེའང་དེ་དུས་ཡིན།)

 

6

 

        བསྟན་འཛིན་ཉི་མ་ཤི་འདུག་ཟེར་བ་བདེན་ནམ།  

 

        ང་ལ་ཨ་ཁུ་བསྟན་འཛིན་ཉི་མ་མཐོང་འདོད་ཤིན་ཏུ་ཆེ་མོད།      འོན་ཏེ་ཁོ་རང་གཏན་ནས་མཐོང་མ་བྱུང་།  

 

        ད་ལྟ་འཇིག་རྟེན་འདིར་བསྟན་འཛིན་ཉི་མ་ཞེས་པའི་མི་དེ་འདྲ་ཞིག་ཡོད་མྱོང་བ་ལ་དོ་ཁུར་བྱེད་མཁན་སུ་དག་ཡོད། 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1