ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-20


   མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
        ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་གི་འདེམས་བསྐོ་བདེ་བླག་ངང་གཉེར་བར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག་ཕུའུ་ཅིང་གིས་ཨུ་རུ་སུའི་ཙུང་ཐུང་གི་ལས་འགན་བསྟུད་འཛིན་ཐུབ་པར་རྟེན་འབྲེལ་ཡང་ཞུས་པ་རེད། ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་བདེ་བླག་ངང་བདམས་ཐོན་བྱུང་བ་དང་ལས་འགན་བསྟུད་འཛིན་ཐུབ་པ་ནི་ཨུ་རུ་སུའི་མི་དམངས་ཀྱིས་ཡང་དག་པའི་གདམ་ག་ཞིག་རེད། སྐུ་ཞབས་ཙུང་ཐུང་གི་འགོ་ཁྲིད་འོག་ཨུ་རུ་སུའི་མི་དམངས་ཀྱིས་མུ་མཐུད་ནུས་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འབུངས་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་དང་འཛུགས་སྐྲུན་ཁྲོད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་རེད། མིག་སྔར་ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་འགག་རྩའི་དུས་མཚམས་སུ་གནས་ཡོད། འདི་ལོ་ནི་ཀྲུང་གོས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ལོ་ཡིན་ལ། སྒྱུར་བཅོས་སྒོ་འབྱེད་བྱས་ནས་བགྲང་བྱ་40འཁོར་བའི་ལོ་རེད། དེ་སྔ་དང་བསྡུར་ཚེ། འདི་ལོའི་ཀྲུང་གོའི“ཚོགས་འདུ་གཉིས”ལ་དེ་བས་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། སྐབས་གསར་པའི་རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་པ་བདམས་ཐོན་བྱས་པ་ཕུད། ད་དུང་ང་ཚོས་རྩ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་ལྟ་ཞིབ་བཅའ་ཁྲིམས་ཀྱི་འཆར་ཟིན་སོགས་གྲོས་གཞི་གལ་ཆེན་ལ་གྲོས་ཞིབ་ཀྱང་བྱས་ཏེ་རེས་སྐོར་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་བྱེད་འགོ་ཚུགས་ཡོད། དེས་རྒྱལ་ཡོངས་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱ་རྒྱུར་ཕན་པ་ཡོད། སྐུ་ཞབས་ཙུང་ཐུང་གིས་རིང་མིན་གོང་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་ཡིག་སྤེལ་ནས་ཨུ་རུ་སུའི་རྒྱལ་ཁབ་འཛུགས་སྐྲུན་དང་། དམངས་འཚོ་ལེགས་གཏོང་། ཚན་རྩལ་གསར་གཏོད་སོགས་ཐད་ཀྱི་འདུ་ཤེས་གལ་ཆེན་བཏོན་གནང་བར་ང་རྦད་དེ་མོས་མཐུན་ཡོད། ང་ཚོ་རྒྱལ་ཁབ་གཉིས་པོས་སྔོན་གཏན་འཁེལ་བའི་ཁ་ཕྱོགས་གཞིར་བཟུང་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལམ་བུའི་ཐོག་བསྐྱོད་ན་གྲུབ་འབྲས་གསར་པ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས།
        ཞི་ཅིན་ཕིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་ནི་སྐྱིད་སྡུག་མཉམ་མྱོང་གི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་པས། ང་དང་སྐུ་ཞབས་ཙུང་ཐུང་དབར་ཐེངས་མང་ཐུག་འཕྲད་བྱས་ནས་ཀྲུང་ཨུའི་འབྲེལ་བ་རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོའི་ཚོད་བགམ་ཐེག་ཐུབ་རྒྱུར་མཉམ་དུ་སྣེ་ཁྲིད་བྱས་པས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་འབྲེལ་བ་དམ་ཟབ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ཀྱི་གོམ་སྟབས་རྗེས་མའི་འཕེལ་རྒྱས་མཉམ་དུ་ཇུས་འགོད་བྱས་ནས་ཀྲུང་ཨུའི་འབྲེལ་བ་དུས་རབས་གསར་པར་བསླེབ་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
        ཕུའུ་ཅིང་གིས་ཞི་ཅིན་ཕིང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་ལས་འགན་བསྟུད་མར་འཛིན་པར་ཡང་བསྐྱར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག་ཁོང་གིས། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གནང་བའི་གཏན་འབེབས་གལ་ཆེན་འདིས་ཁྱེད་ཀྱི་བླ་ན་མེད་པའི་སྙན་གྲགས་དང་ཀྲུང་གོ་མི་དམངས་ཡོངས་ཀྱིས་ཁྱེད་ལ་གོང་བཀུར་ཞུ་བ་ཡང་བསྐྱར་མཚོན་ཐུབ། ཐེངས་འདིའི་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གནང་བའི་གཏན་འབེབས་རབ་དང་རིམ་པས་ཀྲུང་གོའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ཐེབས་རྒྱུ་ཡིན་པས་རྦད་དེ་ཡང་དག་པ་ཞིག་ཡིན། དེར་བརྟེན་ཨུ་རུ་སུས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་གཏན་འབེབས་འདི་དག་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཁྱེད་སྐུ་ངོ་མས་སྐུལ་འདེད་བཏང་བའི་འོག་མིག་སྔའི་ཨུ་ཀྲུང་དབར་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཨུ་ཀྲུང་དབར་གྱི་མཛའ་གྲོགས་ལ་གཅེས་སྤྲས་བྱེད་པ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་མང་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1