རྣམ་གླིང་རིན་ཆེན་གྱི་སྒྲུང་ཐུང་ཆེད་བསྒྲིགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-20


སྒོལ་མའི་ལས་དབང་།

སྨན་པས་མོ་རང་ལ་མངལ་འཁོར་བའི་གནས་ཚུལ་བཤད་དུས། མོའི་ངོ་མདོག་དེ་མ་ཉིད་དུ་སྐྱ་བོར་གྱུར་ཅིང་། སྙིང་ཁའི་འཕར་ཚད་ཀྱང་ཇེ་མགྱོགས་ནས་ཇེ་མགྱོགས་སུ་གྱུར་སོང་། 


"ཨ་ཧོ། ང་ནི་ཅི་འདྲའི་ལས་ངན་ཞིག་རེད་ཨང"མོས་དེ་ལྟར་ཆིག་ལབ་རྒྱག་ཞོར་མིག་ཟུང་གི་ཁྱོན་ལ་མཆི་ཞག་ཅིག་ངང་གིས་འཁྱིལ་བྱུང་།


མོ་རང་གི་ཨ་མ་ལ་སྐྲན་ནད་ལྕི་མོ་ཞིག་ཕོག་སྟེ་མལ་དུ་ལུས་པ་ནས་བཟུང་། མོས་སྡེ་བའི་ནང་དངུལ་སྒོར་མང་དག་ཅིག་བསྐྱིས་ཡོད་པ་རེད་ཨང་། མཐའ་མ་ཨ་མའི་ན་ཚ་བཅོ་ཆེད་ཀྱི་སྨན་རིན་དང་། གཞན་གྱི་དངུལ་བུན་སྐྱིན་ཚབ་སྤྲོད་ཆེད། མོས་ད་གཟོད་ཤུལ་དུ་ལུས་པའི་མ་རྒན་གཅིག་པུར་བསྐྱུར་ནས་གྲོང་ཁྱེར་དེར་ཡོང་འབབ་གསོག་པར་ཡོང་། མ་གཞི་མོས་གྲོང་ཁྱེར་དེ་རུ་ལས་ཀ་སྤྱིར་བཏང་བ་ཞིག་བཙལ་ཏེ་སྒོར་མོ་ལག་ཏུ་ལོན་པར་འབད་ཀྱང་། ད་ཆ་སྒོར་མོ་ལག་ཏུ་ལོན་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཨ་ཕ་སྟོན་རྒྱུ་མེད་པའི་ནལ་ལེབྱི་ཕྲུགདེ་འདྲ་ཞིག་མངལ་དུ་སྦྲུམ་པས། མོའི་རེ་བ་དང་ཕུགས་འདུན་མཐའ་དག་སྐད་ཅིག་ཉིད་དུ་ཆུ་ཡི་ལྦུ་བ་ཇི་བཞིན་ཡལ་སོང་།


"ཅི་འདྲའི་བྱིས་པ་ལས་ངན་ཞག སྐྱེས་མ་ཐག་ནས་ཨ་ཕའང་མཐོང་རྒྱུ་མེད་ཨང"མོས་དེ་ལྟར་སྡུག་སྐད་རྒྱག་ཞོར་རང་གི་ལྟོ་བའི་ངོས་སུ་ལག་པས་ཕུར་ཕུར་ལན་འགའ་བྱེད་བཞིན་མངལ་དུ་ཆགས་པའི་བྱིས་པ་ལས་ངན་དེའི་ལས་དབང་ལ་འདང་རྒྱག་བྱེད་མགོ་ཚུགས། 


མ་གཞི་བྱས་ན་མོ་རང་འཇིག་རྟེན་འདིར་མི་ཚེ་ཡི་གོམ་པ་དང་པོ་སྤོ་མགོ་ཚུགས་པ་ནས་བཟུང་ད་རེག་བར་དུ་ཨ་ཕ་གཏན་ནས་རིག་མ་མྱོང་། མོས་ནམ་རྒྱུན་རང་གི་ཨ་མར། "ཨ་མ།    ངའི་ཨ་ཕ་གང་དུ་བུད་པ་རེད"ཅེས་འདྲི་སྐབས། མོའི་ཨ་མའི་ངོ་མདོག་དེ་མ་ཉིད་དུ་ནག་རོག་རོག་ཏུ་གྱུར་ནས་སྨྲ་བ་དབ་དིབ་ཀྱིས"ཁྱི་ཕྲུག ཁ་ཚུམས། ཁྱེད་ལ་ཨ་ཕ་ཞེས་པ་གཏན་ནས་ཡོད་པ་མ་རེད"ཅེས་བརྗོད་ཞོར་འགྲམ་ལྕག་མེ་འབར་བ་ཞིག་གཞུ་ངེས་པས། དུས་དེ་ནས་བཟུང་། མོས་ཀྱང་ཨ་མར་རང་གི་ཨ་ཕའི་སྐོར་གཏན་ནས་དྲིས་མ་མྱོང་། འོན་ཀྱང་། ད་ཆ་མོ་རང་ཉིད་ལའང་ཨ་མ་དང་ཆ་འདྲ་བར་ཨ་ཕ་འདི་ཡིན་ཞེས་སྟོན་རྒྱུ་མེད་པའི་བྱིས་པ་ལས་དམན་དེ་འདྲ་ཞིག་མངལ་དུ་སྦྲུམ་པ་ཤེས་དུས། སྔོན་ཆད་ཨ་མར་བཅངས་པའི་སྡང་སེམས་ཀྱི་བསམ་པ་དྲག་པོ་དེ་ཡལ་ནས་ཨ་མའི་ཕྱོགས་སུ་རང་ཤུགས་ཀྱིས་གདུང་སེམས་དྲག་པོ་ཞིག་སྐྱེས་བྱུང་ལ། མོ་རང་ཡང་ཨ་མས་བཞུད་ཟིན་པའི་སྐྱོ་གར་གྱི་མི་ཚེའི་ལམ་བུ་དེའི་ཐོག་འགྲོ་བཞིན་པ་རྟོགས་ནས་ལུས་པོ་ཧྲིལ་བོ་ཉེ་འགྲམ་གྱི་ལྗོན་ཤིང་ཇི་བཞིན་ལྕུག་ལྕུག་ཏུ་འདར་ཏེ། སེམས་པ་ཕྲ་མོ་དགུན་དུས་མ་ཟིན་གོང་ནས་གྲང་ངར་གྱིས་ཡོངས་སུ་བསྡམས་བྱུང་།


"ངས་བྱིས་པ་དེ་གཏན་ནས་བཙའ་མི་ཉན"


ཨ་ཕ་སྟོན་རྒྱུ་མེད་པའི་བྱིས་པ་དེ་འདྲ་ཞིག་འཇིག་རྟེན་འདི་རུ་སླེབས་སོང་ན། བྱིས་པ་དེའང་རང་ཉིད་དང་ཆ་འདྲ་བར་མི་ཚེ་གང་པོ"ནལ་ལེ"ཞེས་གཞན་གྱི་མི་ཁ་དང་འཕྱ་དམོད་ཀྱི་ཀློང་དུ་འཚོ་བ་རོལ་དགོས་པ་མ་ཡིན་ནམ། མོས་དེ་ལྟར་བསམས།


" ངས་རང་གི་མངལ་དུ་སྦྲུམ་པའི་བྱིས་པ་ཆུང་ངུ་དེའི་ཚེ་སྲོག་འཕྲོག་མི་ཉན"


ད་ཆ་བྱིས་པ་དེ་ང་རང་གི་མངལ་དུ་ཚེ་སྲོག་གི་དཔལ་ཡོན་རིམ་གྱིས་རྒྱས་བཞིན་ཡོད་པས།    ངས་སྡིག་པ་ལ་མ་འཛེམས་པར་བྱིས་པ་ཆུང་ངུ་དེའི་ཚེ་སྲོག་འཕྲོག་ན། ང་ལ་རྣམ་སྨིན་ངན་པ་འཁོར་ངེས་རེད། ང་ནི་མི་གསོད་ལག་དམར་བ་ཞིག་ཏུ་གྱུར་བ་མ་ཡིན་ནམ། ཇི་ལྟར་བཤད་ཀྱང་། བྱིས་པ་དེ་ལ་ནག་ཉེས་ཅི་ཡང་མེད་པས། ངས་ལས་རྒྱུ་འབྲས་དང་འགལ་ནས་བྱིས་པ་དེའི་ཚེ་སྲོག་འཕྲོག་ན། ངས་ད་བར་དུ་ཡར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། མར་ཉམ་ཐག་སེམས་ཅན་ལ་བྱམས་དང་སྙིང་རྗེའི་བསམ་པ་བཅངས་ཏེ་སྨོན་ལམ་འདེབས་པ་དང་དགེ་བའི་ཚོགས་གསག་པ་མཐའ་དག་སྟོང་ཟད་དུ་བཏང་བ་མ་ཡིན་ནམ། མོས་སླར་ཡང་དེ་ལྟར་བསམས། གང་ལྟར་ང་།  ཉིན་དེ་དག་གི་རིང་། མོའི་སེམས་པ་ལ་ཁའི་དར་ལྕོག་ཇི་བཞིན་ཡམ་ཡོམ་ངང་མཁའ་ལ་འགུལ་ནས་ལྷོད་ལ་གཏན་ནས་འབབ་ཐབས་མ་བྱུང་།


ཉི་མ་རེ་རེ་བཞིན་ཕར་ལ་འདས་སོང་། མོའི་ལྟོ་བའང་ཉིན་རེ་ལས་མ་འདས་པར་ཇེ་ཆེ་ནས་ཇེ་ཆེར་ཕྱིན་ཏེ་འབུར་འོང་། གྲོད་པ་ཇེ་ཆེར་འགྲོ་བ་དང་བསྟུན་ནས་མོའི་སེམས་ཀྱི་གཏིང་རུམ་དུ་དངངས་འཚབ་ཅིག་དང་བྲེད་ཤ་ཞིག་ངང་གིས་ལངས་བྱུང་། 


ད་ནི་སྟོན་མཇུག་ལ་སླེབས་ཟིན། མོའི་སེམས་པའང་སྟོན་མཇུག་གི་སྡོང་ལོ་ཇི་བཞིན་དམིགས་ཡུལ་མེད་པར་གང་སར་འཕྱན། རོང་ཁུལ་ནས་གཞན་ཡུལ་དུ་ཡོང་འབབ་གསོག་པར་ཡོང་མཁན་གྱི་གླ་པ་དེ་དག་ཀྱང་ད་བར་དུ་གྲོང་ཁྱེར་དུ་གསག་གསག་གྲུང་གྲུང་བྱས་ནས་བྱུང་བའི་སྒོར་མོ་རྣམས་རང་རང་གི་ཁུག་མའི་ནང་བཅུག་སྟེ་དགའ་སྤྲོའི་འཛུམ་མདངས་

འབྱིན་བཞིན་ཕྱིར་ཡུལ་ལ་ལོག་པའི་ལམ་དུ་ཞུགས་སོང་། འོན་ཀྱང་།  མོ་ལ་འབུར་དུ་ཐོན་པའི་ལྟོ་བ་ཆེན་པོ་ཞིག་ལས་གཞན་ཅི་ཡང་མེད་པར་གྱུར། དྲང་མོར་བརྗོད་ན། ད་ཆ་མོས་རང་གི་ཕ་ཡུལ་ལྷག་ཏུ་དྲན་འོང་། ནད་གདུང་གིས་མནར་ཏེ་མལ་སར་ལུས་པའི་ཨ་མ་ཉིད་ཧ་ཅང་དྲན། མོ་རང་ཕ་ཡུལ་ལ་ལོག་འདོད་ཀྱི་འདུན་པ་རྦ་རླབས་བཞིན་མཁའ་ལ་འཕྱུར་ཡང་། ཕ་ཡུལ་དུ་ལོག་པའི་སྤོབས་པ་ཞིག་གང་ན་ཡོད། ཕ་ཡུལ་གྱི་ཡུལ་མི་རྣམས་ལ་ཆད་པའི་དངུལ་བུན་གྱི་ཁུར་བོ་ལྗིད་ཏིག་ཏིག་དེ་དྲན་ན། མོ་རང་ཕ་ཡུལ་དུ་ལོག་ཐབས་བྲལ་སོང་། ད་ཆ་དེའི་ཐོག་ད་དུང་ཨ་ཕ་སྟོན་རྒྱུ་མེད་པའི་ནལ་ལེ་དེ་འདྲ་ཞིག་མངལ་དུ་སྦྲུམ་ཡོད་པས། མོ་རང་ཕ་ཡུལ་དུ་ལོག་འདོད་སྐྱེས་པ་ནི་ཉེས་ཅན་གྱི་བཙོན་པ་ཞིག་ནག་རོག་རོག་གི་བཙོན་ཁང་ལས་ཐར་ཐབས་བྱེད་པ་དང་གཉིས་སུ་མ་མཆིས། དེས་ན། ཕ་ཡུལ་དུ་ལོག་འདོད་སྐྱེས་པ་ནི་མོ་རང་ལ་མཚོན་ན་ནམ་ཡང་མངོན་འགྱུར་དཀའ་བའི་རྨི་ལམ་ཞིག་དང་གཅིག་པ་རེད།


སྔོན་ཆད། མ་གཞི་མོ་རང་གི་ཁྱིམ་ཚང་གི་འབྱོར་འཁོས་དེ་ཙམ་བཟང་རྒྱུ་མེད་རུང་། མོ་རང་ཉིད་ལ་མཚན་གུང་གི་ཟླ་བ་ལའང་སྐྱེངས་པ་སྟེར་ནུས་པའི་དཀར་ལ་དམར་མདངས་ཅན་གྱི་ངོ་གདོང་སྒོར་སྒོར་སྙིང་རྗེ་མོ་ཞིག་ཡོད་པས། ས་དེར་ཆ་མཚོན་ན་མོ་ནི་བུ་མོ་ཁམས་འབྲས་དྭངས་པ་ཞིག་རེད་ཅེས་བརྗོད་ཆོག འོན་ཀྱང་། ད་ཆ་མོའི་དཀར་ཞིང་སྒོར་བའི་ངོ་གདོང་གི་ཁྱོན་ལ་ཤ་ཁས་ཡོངས་སུ་ཁེབས་ནས་ནག་རོག་རོག་ཏུ་གྱུར་འདུག དེ་ནི་མཚན་གུང་གི་དཀར་གསལ་ཟླ་བའི་འཛུམ་ཞལ་གྱི་ངོས་སུ་སྤྲིན་ནག་ཅིག་ངང་གིས་འཁོར་བ་དང་ཧ་ཅང་འདྲ། སྔོན་ཆད་སྣུམ་ཐིང་ངེར་གནས་པའི་མགོ་སྐྱེས་ཀྱི་སྐྲ་ལོ་རིང་བོ་དེ་ད་ཆ་གང་སར་འཛིང་ནས་རལ་བར་གྱུར་འདུག་ཅིང་། འོད་ཀྲིག་ཀྲིག་གི་མིག་ཟུང་གྲུང་ཤ་ཅན་དེ་ད་ཆ་ཀོང་དུ་ཐིམས་ནས་རབ་རིབ་ཏུ་གྱུར་འདུག


ད་ནི་དགུན་ཁ་ཤར་བས་ཕྱི་རོལ་གྱི་ནམ་ཟླ་ཧ་ཅང་འཁྱག ད་ཆ་མོའི་ངོ་གདོང་ནི་ཐན་པས་གདུང་བའི་ཞིང་ས་སྐྱ་བོ་ཞིག་དང་འདྲ་བར་ཉམས་ཤ་དང་གསོན་ཤུགས་ཅི་ཡང་མེད་པར་སྐྱ་ཐེར་ཐེར་དུ་སྣང་། ལྷག་པར་དུ་ད་ཆ་ལག་ཏུ་ཡོད་པའི་སྒོར་མོ་མཐའ་དག་ཀྱང་སྔ་མོ་ནས་བཀོལ་ཏེ་ཟད་ལ་ཉེ་བས། གྲོང་ཁྱེར་ཆེན་མོ་དེ་རུ་མོས་མུ་མཐུད་དེ་འཚོ་བ་སྐྱེལ་ཐབས་ཤིག་ག་ལ་ཡོད། 


དེ་ནས་ཉིན་ཤས་འདས་རྗེས། མོའི་ལག་ཏུ་ཕ་ཡུལ་ནས་སྡེ་དཔོན་གྱིས་བསྐུར་བའི་འཕྲིན་ཡིག་ཅིག་འབྱོར་བྱུང་། འཕྲིན་ཡིག་དེའི་ནང་"རང་གི་ཨ་མའི་ནད་གཞི་ཇེ་སྡུག་ཏུ་སོང་འདུག་པས།     མགྱོགས་མྱུར་ཁྱིམ་དུ་ཨ་མར་བལྟ་བར་ཤོག"ཅེས་འཁོད་འདུག སྡེ་དཔོན་གྱིས་བསྐུར་བའི་འཕྲིན་ཡིག་ནང་གི་ཡིག་འབྲུ་དེ་དག་དུག་སྦྲུལ་ལྟར་མོའི་ལུས་སེམས་ཀྱི་ཁྱོན་ལ་འཁྲིལ་བྱུང་བ་དང་། ཡིག་འབྲུ་དེ་དག་ངར་གྱིས་ཕྱུག་པའི་སྤུ་གྲི་རེ་རེ་དང་འདྲ་བར་མོའི་ལུས་ཀྱི་སྟོད་སྨད་གང་སར་ཙག་ཤད་ཡང་ཡང་རྒྱག་འོང་། དེ་ནི་མོ་ལ་མཚོན་ན་སྐྱིད་པོ་ཉིས་བརྩེགས་མེད་པར་སྡུག་པོ་སུམ་བརྩེགས་ཞེས་པ་རང་མ་ཡིན་ནམ། མོས་འཕྲིན་ཡིག་དེ་སྙིང་ཁར་སྦྱར་ནས་ཕྱུ་པའི་ཕུ་ཐུང་གི་སྣེ་མོས་ཁྲུམ་ཁྲུམ་དུ་བཞུར་གྱིན་པའི་རང་གི་མིག་ཆུ་འབྱིད་བཞིན་གཉེར་མའི་དྲ་བས་བཅིངས་པའི་ཨ་མའི་དཔྲལ་བའི་ངོས་ཀྱི་གཉེར་རིས་རེ་རེ་དང་། གཏན་ནས་བཀྲུ་མ་མྱོང་བའི་ཐལ་རྡུལ་གྱིས་བཀང་བའི་སྐྲ་ལོ། ད་དུང་ཚེ་སྲོག་གི་རང་མདངས་སྔ་མོ་ནས་ཤོར་ཟིན་པའི་ཨ་མའི་ངོ་མདོག་སྐྱ་བོ་དེ་ཡིད་ལ་འཆར་བྱུང་བས། མོའི་མིག་ཆུ་དེ་འཁྱག་པའི་ངོས་སུ་ཉི་འོད་ཕོག་པ་ཇི་བཞིན་འགྲམ་པའི་མཁུར་ཚོས་བརྒྱུད་དལ་གྱིས་བཞུར་འོང་། མོས་སླར་ཡང་ཕུ་ཐུང་གི་སྣེ་མོས་མིག་ཆུ་ལན་ཅིག་ཕྱིས་ནས་མགོ་བོ་དུད་དེ་ཅི་ཞིག་ལ་མྱ་ངན་ཞུ་བ་ཇི་བཞིན་སྨྲ་བ་མེད་པར་ཁུ་སིམ་མེར་གནས་དེར་ཙོག་པུར་བསྡད།


ཕྱི་རོལ་ན་གྲང་རླུང་འུར་འུར་དུ་ལྡང་བཞིན་འདུག མོའི་སེམས་པ་སྔ་མོ་ནས་འཁྱགས་ཟིན། འདུ་འཛི་དང་ཟང་ཟིང་གི་མཁའ་དབུགས་སྟུག་པའི་ཁྲ་ཁྲ་ཆིལ་ཆིལ་གྱི་གྲོང་ཁྱེར་དེ་རུ་མོ་ནི་ཅི་འདྲའི་ཉམ་ཆུང་ཞིག་རེད་ཨང་། མོས་མཚམས་ལ་ལར་རང་གི་ལྟོ་བའི་ངོས་སུ་ལག་པ་འཆང་གིན་འབུར་དུ་ཐོན་བཞིན་པའི་ཚེ་སྲོག་ཆུང་ངུ་དེའི་ཕྱོགས་སུ་ཕུར་ཕུར་ལན་འགའ་བྱེད་པ་དང་། ཡང་མཚམས་རེ་ནད་ཀྱིས་མནར་བའི་ཨ་མའི་འདྲ་པར་དེ་སྙིང་ཁར་གླན་ནས་མཆི་མ་ཁྲུམ་ཁྲུམ་དུ་གཏོང་གིན་འདུག ད་ལྟ་མོས་གཏན་ནས་རིག་མ་མྱོང་བའི་རང་གི་ཨ་ཕའི་ཕྱོགས་སུ་སྡང་སེམས་དྲག་པོ་ཞིག་སྐྱེས་བྱུང་ལ། ཝུ་ཆང་བར་མེད་བླུགས་ཏེ་རང་ཉིད་ཀྱི་ལང་ཚོའི་མེ་ཏོག་འཇོམས་མཁན་དང་། འགན་འཁྲིའི་འདུ་ཤེས་ཅི་ཡང་མེད་པའི་མི་བུ་ཐ་ཤལ་བ་དེ་ལ་སྙིང་ཁོང་རུས་པའི་གཏིང་ནས་ཁོང་ཁྲོའི་བསམ་པ་ལྷག་ཏུ་སྐྱེས་ཏེ། མོའི་སེམས་སུ་བག་ལ་ཉལ་བའི་ཁོག་དབུས་ཀྱི་མེ་ལྕེ་དེ་ལྷབ་ལྷུབ་ཏུ་འབར་ནས་གང་སར་མཆེད་བྱུང་།

"ལས་རྒྱུ་འབྲས་མིག་ནང་མི་འཇོག་པའི་མི་ཐ་ཤལ་བ་དེ་ཡིན་ན"


"གཟིག་ལྤགས་བཀབ་པའི་བོང་བུ་དེ་ཡིན་ན"མོས་དེ་ལྟར་ཁྲོ་ཚིག་སྨྲ་བཞིན་རང་ཉིད་ཀྱི་ལང་ཚོ་འཕྲོག་མཁན་དང་། རང་གི་ཕུགས་འདུན་དང་རྨི་ལམ་མཐའ་དག་བརླག་པར་བྱེད་མཁན་གྱི་མི་སྐད་སྨྲ་ཤེས་པ་ལས་དོན་དམ་དུ་བྱོལ་སོང་གི་བརྟུལ་ཞུགས་འཛིན་པའི་མི་ངན་ཁྲེལ་མེད་དེར་ཁོང་ཁྲོའི་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བྱུང་། 


"མི་ཆོག ངས་ངེས་པར་དུ་ཁྱི་རྒན་དེ་ཁྲིམས་ལ་གཏུག་དགོས"


མོས་དེ་ལྟར་ཁྲོ་ཚིག་སྨྲ་ཞོར་རྒྱུན་ཏུ་གྱོན་པར་དགའ་བའི་ནག་དྲེག་ཆགས་པའི་ཉི་འགོག་ཞྭ་མོ་དེ་མགོ་ལ་གྱོན་ཞིང་། གྲོང་ཁྱེར་བའི་བུ་མོར་ལད་མོ་བྱས་ཏེ་ལུས་དང་མི་བྲལ་བའི་ལྟོ་ཕད་ཁྲ་ཁྲ་དེ་དཔུང་པ་གཡས་པའི་ཕྲག་ཐོག་ཏུ་ཁུར་ནས་སྒོ་ཁར་བུད། མོས་རང་ཁྱིམ་གྱི་སྒོ་ཁར་བུད་ནས་གོམ་པ་འགའ་རེ་མདུན་དུ་སྤོས་རྗེས། མོ་ལ་གློ་བུར་དུ་འཇིགས་སྣང་དང་ཐེ་ཚོམ་ཞིག་སྐྱེས་བྱུང་། མོས་གྲོང་ཁྱེར་ཆེན་མོ་དེ་རུ་ཁྲིམས་ཁང་ཞེས་པ་ཞིག་ཡོད་པ་གོ་ཐོས་བྱུང་ཡང་དོན་དམ་དུ་མི་ངན་ཁྲམ་པ་དེ་ཁྲིམས་ལ་ཇི་ལྟར་གཏུག་དགོས་མིན་མི་ཤེས་ལ། ཁོ་ཁྲིམས་ལ་གཏུག་པར་འགྲོ་སོང་གཏོང་བྱེད་ཀྱི་སྒོར་མོའང་མེད། གཉིས་ནས་མོས་མི་ངན་ཨོག་ཚོམ་ཅན་དེའི་མིང་དངོས་ལ་ཅི་ཞིག་ཟེར་མིན་དང་། ས་ཆ་གང་ནས་ཡིན་མིན་སོགས་མདོར་ན་ཁྲམ་པ་དེར་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་པས། གལ་ཏེ་ཁོ་ཁྲིམས་ལ་གཏུགས་ཐུབ་ཀྱང་དོན་དམ་དུ་མོ་རང་ཉིད་ལ་རྒྱལ་ཁ་ཐོབ་མིན་གཏན་ནས་མི་ཤེས་པས། མོའི་སེམས་པ་རེ་ཞིག་སོམ་ཉིའི་དྲ་བར་ཚུད།   མོས་དེ་འཕྲལ་གོམ་ཁ་ཕྱིར་བསྒྱུར་ནས་རང་ཁྱིམ་དུ་ཕྱིར་ལོག་བྱས། ཉི་འོད་གཏན་ནས་འཕྲོ་རྒྱུ་མེད་པའི་མོ་རང་གནས་སྡོད་བྱེད་སའི་ནག་རོག་རོག་གི་ཁང་ཆུང་དེ་རུ་མོའི་སེམས་པ་གྲང་ངར་གྱིས་ཡོངས་སུ་གཙེས་བྱུང་བས། མོས་ཁ་ནས"ད་ནི་ངས་གྲང་ངར་ཆེ་བའི་དགུན་དུས་འདི་ཇི་ལྟར་ཕར་ལ་འཁྱོལ་ཐབས་བྱེད་དམ"ཞེས་ཆིག་ལབ་རྒྱག་ཞོར་རང་གིས་རང་ལ་ལྡོག་འདྲི་ཞིག་བྱེད་པ་དང་སྦྲགས། དགུན་ཁ་དེ་ཇི་ལྟར་ཕར་ལ་སྐྱེལ་དགོས་མིན་ཐད་སེམས་ཚེགས་ཤིག་གིས་ཡོངས་སུ་གཙེས། 


"ངོ་མ་རྣམ་སྨིན་རེད། ངས་ནད་ཀྱིས་མནར་བའི་ཨ་མ་གཅིག་པུ་ཤུལ་དུ་བསྐྱུར་ནས་མི་འཇོན་འཇོན་ཁུལ་གྱིས་གྲོང་ཁྱེར་དེར་ཡོང་བས། ད་ནི་ཆག་སྒོ་ནམ་མཁར་མི་ཤོང་བ་ཞིག་བྱུང་སོང"མོས་མཚམས་ཤིག་ལ་དེ་སྐད་སྨྲ་བཞིན་རང་ཉིད་ལ་འཁང་ར་དང་ལེ་བདའ་བྱེད་བཞིན་འདུག 


"མ་རེད། ཚང་མ་ང་རང་གི་ཨ་མས་ལན་སོང་བ་རེད། གལ་ཏེ་ཨ་མས་ང་རང་སློབ་གྲྭ་ནས་ཕྱིར་འཐེན་བྱས་མེད་ན། ང་རང་གི་ལས་དབང་འདི་འདྲའི་ཉམ་ཐག་ཅིག་ཏུ་འགྱུར་མི་སྲིད་པ་ཁོ་ཐག་ཡིན"མོས་དེ་ལྟར་བསམས། གྲང་ཅང་ཅང་གི་མཚན་མོ་དེར་མོས་དེ་ལྟར་བསམས། 


"མ་རེད། ཚང་མ་ང་རང་ཉིད་ཀྱིས་ལན་སོང་བ་རེད། གལ་ཏེ་ངས་གྲོང་ཁྱེར་བ་ཡིན་ཁུལ་གྱིས་གཏམ་འདོད་བྱས་ནས་ཝུ་ཆང་དེ་དང་དུ་མ་བླངས་ཚེ། ཨ་ཙི། ངའི་སྡུག་སེམས་དེ་ཡིན་ན"མཚན་མོ་དེར་མོའི་ཀླད་པའི་སྦྲིབས་སུ་མི་དྲན་དགུ་དྲན་མང་དག་ཅིག་གཅིག་རྗེས་གཉིས་མཐུད་ཀྱིས་དྲན་འོང་། མོས་རང་ཉིད་ལ་སྡང་སེམས་སྐྱེས་པ་ཇི་བཞིན་ད་ལྟ་ཉེ་འགྲམ་གྱི་མི་བུ་ཡོད་དོ་ཅོག་ལའང་སྡང་སེམས་ཀྱི་བསམ་པ་དྲག་པོ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེ་འོང་། 


མཚན་མོ་དེར་མོ་ལ་གཉིད་ཀྱི་དང་ཁ་ཡེ་ནས་མིན་འདུག མོས་མལ་ཁྲིའི་ཐོག་གན་རྐྱལ་དུ་ཉལ་ནས་འགྲེ་ལོག་ཡང་ཡང་བརྒྱབ་སྟེ་གཉིད་ཐན་ཐུན་ཞིག་འཁུག་པར་རེ་ཡང་། སྙིང་ལ་གཟན་པའི་ཆག་སྒོ་དེ་དག་དྲན་ན་མོའི་སྙིང་ཁར་སྤུ་གྲིས་ལན་འགར་བསྣུན་པ་ཇི་བཞིན་ན་ཟུག་ཅིག་དྲག་ཏུ་ལྡིང་ནས། མོའི་གློ་སྙིང་མཆིན་གསུམ་གྱི་ལྷུ་ལག་རེ་རེར་ཟུག་གཟེར་ཞག་ངང་གིས་རྒྱས་འོང་། 


རླུང་བུ་ཞིག་འུར་འུར་དུ་ལྡང་འོང་། གྲང་ལྷགས་རྒོད་པའི་དགུན་གཞུང་དེར་མོའི་རྣ་ཡི་བུ་གར་ལྷང་ལྷང་དུ་ཐོས་པ་ནི་སྲང་ལམ་དེའི་ཐོག་ཡར་རྒྱུགས་མར་རྒྱུགས་བྱེད་བཞིན་པའི་ཁྱི་རྒན་འགའི་ཟུག་སྐད་དང་། གྲང་རླུང་ངར་མོའི་འཁུན་སྒྲ་ཁོ་ན་ལས་གཞན་ཅི། དུས་རྒྱུན་ཡིན་ན། ཁྱི་རྒན་དེ་དག་གི་ཟུག་སྐད་མོའི་རྣ་བར་གོ་ཐེངས་རེར། མོ་ལ་ཕ་ཡུལ་དང་ཕ་ཡུལ་གྱི་སྦྲ་གུར་ནང་འཚོ་བཞིན་པའི་འབྲོག་ཁྱི་དག་དྲན་དུ་བཅུག་པས། མོ་ལ་ཕ་ཡུལ་ལྟ་བུའི་བདེ་བ་ཞིག་ལོངས་སུ་སྤྱོད་ཐུབ་ཅིང་། མོའི་ཁེར་རྐྱང་གི་སྣང་བ་མཐའ་དག་ཕ་མཐར་ཡལ་ནས་སེམས་ལ་དྲོད་ཁོལ་ཞིག་ངང་གིས་འཕེལ་བར་བྱེད་མོད། དོ་ནུབ་མོས་ཁྱི་རྒན་དེ་དག་ལའང་སེམས་གཏིང་ནས་འཚིག་པ་ཟ་འོང་། 


གཉིད་མི་ཁུག་པའི་མཚན་མོ་དེར་མོས་ཁྱི་རྒན་དེ་དག་གི་ཟུག་སྐད་ལས་གཡོལ་ཆེད་ལག་པ་གཉིས་པོས་མགོ་ལ་སྦར་མོ་བཀབ་ནས་མལ་སའི་གཏིང་རུམ་དུ་འཚང་ཡང་། གཉིད་ཁུག་རྒྱུ་ལྟ་ཅི།  ཀླད་པའི་ནང་གོ་རིམ་མེད་པའི་འཆར་ཡན་ཅན་གྱི་གཏམ་རྒྱུད་མང་དག་ཅིག་ངང་གིས་འཆར་འོང་། གཉིད་མེད་པའི་མཚན་མོ་དེར། མོས་སྐབས་རེ་རང་གི་སྐྲ་ཡི་ལན་བུ་རིང་པོ་ནས་འཇུས་ཏེ་ཤུགས་ཀྱིས་འཐེན། སྐབས་རེ་ལག་གཡས་པས་ཁུ་ཚུར་གྱིས་རང་གི་བྲང་ཁའི་ངོས་སུ་ཡང་ཡང་རྡུང་བར་བྱེད། མཚན་མོ་དེར། གཉིད་ཀྱི་དང་ཁ་ཡེ་ནས་མེད་པའི་མཚན་མོ་དེར། མོས་སྒྲོག་རྩེའི་ངོས་ནས་ཝུ་ཆང་བླུགས་ཡོད་པའི་ཆང་ཕོར་ལག་ཏུ་བཟུང་ནས་ཤེད་ཀྱིས་འཐུང་མགོ་ཚུགས། མོས་ཝུ་ཆང་གི་ཤེལ་དམ་དེ་དག་དབུགས་ཐེངས་རེ་རེ་བྱས་ནས་ཁྱུར་མིད་དུ་བཏང་སྟེ་རྔམ་འཐུང་བྱས་རྗེས། མོའི་ལུས་སེམས་གཉིས་ཀ་དལ་གྱིས་?ད་བྱུང་།  


མཚན་མོ་དེར། མོ་རང་ཡོངས་སུ་བཟི་སོང་། མོ་རང་གི་ལུས་པོ་བཟི་སོང་། མོ་རང་གི་སེམས་པ་བཟི་སོང་། མོ་རང་གི་རྣམ་ཤེས་ཀྱང་བཟི་སོང་། མོ་རང་ལ་དྲན་པ་རབ་རིབ་ཅིག་ཡོད་དུས། རྒྱུས་མངའ་མེད་པའི་མི་རྒན་ཞིག་གིས་མོ་རང་གི་སྒོ་མོ་ཤེད་ཀྱིས་ཕྱེས་བྱུང་། ཁོས་གོམ་པ་རེ་རེ་བྱས་ཏེ་མོའི་འཁྲིས་སུ་སྤོས་ཡོང་ནས་མོ་རང་གི་མགྲིན་པ་ལ་དམ་དུ་འཁྱུད་བྱུང་། ཁོས་ཧ་ཅང་བྱང་ཆ་ལྡན་པའི་སྒོ་ནས་མོའི་གདོང་ལ་མཆུ་སྦྱར་བྱུང་བས། མོ་རང་ལ་གློ་བུར་དུ་ཚོར་བ་ཁྱད་མཚར་ཞིག་སྐྱེས། མཚམས་ཤིག་ལ་མོ་རང་གི་ལུས་པོ་མཁའ་ལ་འཕྱོ་བཞིན་པའི་བྱ་སྤུ་ཇི་བཞིན་ཡམ་ཡོམ་ངང་འགུལ་བྱུང་། ལུས་པོ་ཡམ་ཡོམ་ངང་འགུལ་ཐེངས་རེར་མོའི་ལུས་སེམས་ཧྲིལ་བོ་སྔར་བས་?ད་པར་གྱུར་ནས་སྐད་ཅིག་མའི་རིང་ལ་སྐྱོ་སྣང་གིས་ནོན་པའི་མོ་རང་གི་སེམས་ཀྱི་ཁུར་བོ་ལྕི་མོ་དེ་གར་སོང་ཆ་མེད་དུ་ཡལ་ནས་མོ་ལ་བདེ་ལྷང་ལྷང་གི་ཚོར་སྣང་སྐྱིད་པོ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས། མོས་ཀྱང་ལུས་པོའི་ཤེད་ཤུགས་ཡོད་རྒུ་ཕྱིར་བཏོན་ནས་སྐྱེས་པ་དེའི་དཔྲལ་བ་དང་། ངོ་གདོང་། མཁུར་ཚོས་སོགས་ལ་མཆུ་འདབ་སྦྱར་ནས་ལུས་སེམས་ཧྲིལ་བོར་ངར་ཤུགས་ཤིག་གིས་ཡོངས་སུ་ཕྱུག་འདུག དལ་གྱིས་མོའི་ལུས་ཀྱི་ཤེད་ཤུགས་ཟད་ནས་དབུགས་ཀྱང་འབྱིན་རྔུབ་བྱ་བར་དཀའ། མོའི་སྣང་བར་རང་གི་ལུས་ཀྱི་སྟོད་སྨད་གང་སར་རྔུལ་ཆུའི་ཟིལ་བ་ཁྲུམ་གྱིལ་ལེར་གང་ཞིང་། ལུས་པོའི་ཁྱོན་ལ་གཏན་ནས་འབྱུང་མ་མྱོང་བའི་ཚ་དྲོད་ཅིག་ངང་གིས་འཕེལ་བྱུང་། མཚན་མོ་དེར་ལྷགས་པའི་གནས་ཚུལ་དེ་མོས་གཏན་ནས་བརྗེད་མི་སྲིད། སྐབས་དེ་དུས་མོ་རང་གྲོང་ཁྱེར་དེ་རུ་སླེབས་མ་ཐག་ཡིན། མཚན་མོ་དེར་ཐོན་པའི་གནས་ཚུལ་དེ་དག་གིས་སྔོན་ཆད་འཇའ་བཞིན་བཀྲ་བའི་མོའི་ཕུགས་འདུན་གྱི་སྲབ་མདའ་དེ་དལ་བ་དལ་བུར་འོད་ཟེར་གྱིས་དབུལ་བའི་གཡང་གཟར་གྱི་གཅོང་རོང་དུ་ཁ་ལོ་བསྒྱུར་སོང་། 


ཞོགས་པ་མལ་ལས་ལངས་དུས། མོའི་མགོ་བོ་འཐམ་མེ་འཐོམ་མེར་གྱུར་ནས་ན་ཟུག་ཅིག་ངང་གིས་ལྡང་འོང་ཞིང་། མལ་ཁང་དེའི་ནང་ཆང་དྲི་དང་དུད་དྲི་འདྲེས་མའི་དྲི་མ་སྐྱུག་བྲོ་བ་ཞིག་མོའི་སྣ་ལམ་དུ་འཐུལ་འོང་། མཚན་མོ་དེར་ལྷགས་པའི་གནས་ཚུལ་དེ་ནི་མོ་རང་གི་ངོས་ནས་བརྗོད་ན་ཅི་འདྲའི་གསང་བ་ལྐོག་འགྱུར་ཅན་ཞིག་རེད་ཨང་། དེ་ནི་རྨི་ལམ་ཞིག་དང་ཅི་འདྲའི་འདྲ། གང་ལྟར་མཚན་མོ་དེར་ཐོན་པའི་གནས་ཚུལ་དེས་མོའི་ལྷིང་འཇགས་ཀྱི་འཚོ་བ་རྨང་ནས་བཅོམ་སོང་།      མདང་ནུབ་ཝུ་ཆང་ཁོ་ནར་མགོ་བོ་འཁོར་བས། མོས་ད་གཟོད་མདང་ནུབ་རང་གི་ཁ་ལ་ཟས་ཁམ་གང་ཡང་ཟོས་མེད་པ་གཞི་ནས་རྟོགས་བྱུང་། ད་ལྟ་མོའི་གྲོད་པ་ཧ་ཅང་ལྟོགས། འོན་ཀྱང་། མོ་ལ་ཟས་ཟ་བའི་དང་ཁ་ཡེ་ནས་མིན་འདུག རྨི་ལམ་ལྟ་བུའི་མཚན་མོ་དེར། མོའི་ལང་ཚོ་དང་ཕུགས་འདུན་མཐའ་དག་གདོང་རིས་མི་གསལ་བའི་སྐྱེས་པ་ཨོག་ཚོམ་ཅན་དེས་ཡོངས་སུ་འཕྲོག་སོང་།    དུས་དེ་ནས་བཟུང་། ཁོ་མོའི་མིག་ཆུ་ནི་ཆར་ཞོད་འབེལ་བའི་དབྱར་ཁ་དེའི་ནམ་ཟླ་དང་ཆ་འདྲ་བར་ལྷུང་ལྷུང་དུ་མོའི་སྙིང་ཁར་བབས་བྱུང་། མོས་རང་ཁྱིམ་གྱི་འབོལ་ཁྲིའི་སྟེང་ལྗིད་ཏིག་གེར་ཙོག་སྟེ་དབུགས་རིང་ཡང་ཡང་འཐེན་ཞོར་ཐ་མག་རྐང་གཅིག་ལ་མེ་བསྒོས་ནས་དུ་བ་རྔུབ་མགོ་བརྩམས། མོས་དུ་བ་ཁམ་འགའ་འཐེན་རྗེས། མུ་མཐུད་དེ་སྔར་སོང་གི་སྐྱུག་བྲོ་བའི་གནས་ཚུལ་དེ་ཡིད་ལ་དྲན་བྱུང་། མོས་མནོ་བསམ་ཇི་ཙམ་བཏང་ཡང་གང་ལྟར་ཀླད་པའི་ནང་ཨོག་ཚོམ་གྱིས་གང་བའི་མི་རྒྱུས་མེད་ཅིག་གི་ངོ་རིས་རབ་རིབ་ཅིག་ལས་གཞན་ཅི་ཡང་དྲན་མ་བྱུང་།


   "བུད་མེད་ཆང་རྐྱལ་དེ་ཡིན་ན། ཆང་འཐུང་རྒྱུ་ལས་གཞན་ཅི་ཡང་ཤེས་ཀྱི་མི་འདུག"


   "བུ་མོ་ཀླད་མེད་དེ་ཡིན་ན། ཉིན་གང་ཁྱིམ་དུ་བསྡད་ནས་སྒོར་མོ་ཞིག་གང་ནས་འཚོལ"


"མོ་ལ་ན་ཚ་ཡོད་པ་མིན་ནམ། ལྟོས་དང་། མོའི་ངོ་མདོག་སྐྱ་བོ་དེ་ལ"


མོ་རང་གི་འཁྲིས་སུ་འཚོ་བཞིན་པའི་མི་དེ་དག་གིས་རྒྱུན་པར་མོ་རང་ལ་མངོན་ལྐོག་གང་རུང་ནས་དེ་ལྟར་ལབ་གླེང་སྣ་ཚོགས་བྱེད་བཞིན་འདུག འོན་ཀྱང་། ད་བར་དུ་མོས་མི་ཁ་དེ་ཚོའི་ཕྱོགས་སུ་རྣ་བ་གཏན་ནས་བླགས་མ་མྱོང་ལ་དེ་ཚོར་སྣང་དོགས་ཅི་ཡང་བྱས་མྱོང་མེད། ད་ཆ་མོས་རང་ཉིད་ངོ་ཤེས་ཀྱི་མི་འདུག ཉེ་འཁོར་དུ་འཚོ་བཞིན་པའི་ཁྱིམ་མཚེས་དེ་དག་གི་ངོས་ནས་བརྗོད་ན། མོ་ནི་བཤད་མི་ཤེས་པའི་མི་ལྐོག་གྱུར་བ་ཞིག་རེད། ཉིན་དེ་དག་མོ་ལ་མཚོན་ན་ཧ་ཅང་ཁེར་རྐྱང་ཡིན་ལ། ཤིན་ཏུ་ནས་སྟོང་འཇགས་ཤིག་ཀྱང་ཡིན། ད་ཆ་མོའི་ལག་གི་སྒོར་མོའང་ཟད་ལ་ཁད། གྲོང་ཁྱེར་དེ་ཅི་འདྲའི་གཞི་རྒྱ་ཆེ་ཞིང་འཁྲུག་ཆ་དོད་པ་ཞིག་ཡིན་ཡང་། གལ་ཏེ་ལག་ཏུ་སྒོར་མོ་མེད་ན་ཡོད་ཚད་ཀྱི་ཡོད་ཚད་སྟོང་པ་ཉག་གཅིག་ཡིན་པ་མོས་གཞི་ནས་རྟོགས་བྱུང་། ལག་གི་སྒོར་མོ་བཀོལ་ནས་ཚར་ལ་ཉེ་དུས། མོའི་ཡིད་ཀྱི་ནོར་འཛིན་ཡངས་མོའི་ངོས་སུ་དལ་བ་དལ་བུར་ཕ་ཡུལ་དང་ཕ་ཡུལ་གྱི་ཨ་མ་དྲན་བྱུང་། འོན་ཀྱང་། ཕ་ཡུལ་ཟེར་བ་ད་ལྟ་མོའི་ངོས་ནས་བརྗོད་ན་ཧ་ཅང་ཆ་རྒྱུས་ཆེ་ལ་ཧ་ཅང་ལྐོག་གྱུར་ཅན་གྱི་ཐ་སྙད་སྐམ་པོ་ཞིག་ལས་གཞན་ཅི། ཕ་ཡུལ་དྲན་ཐེངས་རེར། མོའི་སེམས་པ་མེ་ལྕེ་བཞིན་གྱེན་ལ་འབར་ཞིང་ཤྭ་འོད་ཇི་བཞིན་ངང་གིས་བ?ལ་འོང་། 


ད་ཆ་མོའི་འབུར་དུ་ཐོན་པའི་ལྟོ་བ་ནི་ཕུ་བཏབ་པའི་ལྒང་བུ་ཞིག་དང་འདྲ་ཞིང་། མིག་ཟུང་ནི་མིག་ཆུ་གཏོང་ཚད་མང་བས་ཡོངས་སུ་སྐྲངས་འདུག སྔོན་ཆད་ཀྱི་རྨི་ལམ་འཇམ་པོ་ད་ཆ་འཇའ་བཞིན་ཡལ་ཟིན་ལ། ལུས་སེམས་ཧྲིལ་བོའང་ཤིན་ཏུ་ནས་ཨ་ཐང་ཆད་པའི་ཉམས་ཤིག་ཕྱིར་མངོན་འོང་། མོས་ད་ཆའི་རང་ཉིད་ཀྱི་སྣང་བརྙན་སྐྱོ་བོ་དེ་མཐོང་ཐེངས་རེར་རང་དབང་མེད་པར་བྱིས་དུས་ཀྱི་བདེ་ཞིང་སྐྱིད་པའི་འཚོ་བ་དག་དྲན་བྱུང་། དེ་དུས་མོས་ཨ་མས་བསླས་པའི་སྐེ་དཀྲིས་དམར་བོ་དེ་སྐེ་ལ་བསྐོན་ནས་རྫི་གླུ་ཐན་ཐུན་རེ་ངག་ལ་ལེན་ཞོར་ནོར་ལུག་གི་རྗེས་སུ་འབྲངས་ཤིང་། མུ་མཐའ་མི་མངོན་པའི་ལྗང་མདོག་གི་རྩྭ་ཐང་ཐོག་ཏུ་བག་ཡངས་ངང་འཚོ་བར་རོལ་བའི་ལྷིང་འཇགས་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བ་དག་དྲན་བྱུང་། སྐབས་དེ་དུས་གྲང་ལྷགས་རྒོད་པའི་ནམ་ཟླ་དང་། ཁ་ཆར་བུ་ཡུག་འཚུབ་པའི་གནམ་གཤིས་ཅི་འདྲ་ཞིག་ཡིན་རུང་། མོ་རང་གི་ཨ་མས་མོ་རང་པང་ཁར་ཉར་ཏེ་ལུས་ལ་དྲོད་ཁོལ་སྦྱིན་ངེས་པས། མོས་དེ་འདྲའི་གནམ་གཤིས་ངན་པར་སྐྲག་སྣང་བྱ་དགོས་ཅི་ཡང་མེད། འོན་ཀྱང་། ད་ཆའི་ཤ་རལ་སྙིང་གས་ཀྱི་ཆག་སྒོ་དེ་འདྲའི་མདུན་དུ་མོས་ཇི་ལྟར་བྱས་ནས་འཚོ་བ་ཕར་ལ་ཕུད་ཐབས་བྱེད་དམ། 


གྲང་རླུང་ལྡོམ་བུ་ཞིག་མོའི་སྒེའུ་ཁུང་བརྒྱུད་དལ་གྱིས་མོའི་ཁང་ཆུང་དེའི་ཁྱོན་དུ་ལྡང་བྱུང་བས།  མོའི་སེམས་པ་སྔར་རྒྱུན་བཞིན་གོར་མ་?་ལྟར་འཁྱག་སིབ་སིབ་ཏུ་བཏང་། མཚན་མོ་དེར། མོའི་ལུས་པོའི་ཁྱོན་ལ་སྨྲ་མི་ཤེས་པའི་ན་ཟུག་ཞེ་མེར་བ་ཞིག་ཐོལ་གྱིས་ལྡང་བྱུང་།  ན་ཟུག་དེས་མོའི་དོན་ལྔ་སྣོད་དྲུག་ལ་བཟོད་པར་དཀའ་བའི་ཟུག་གཟེར་དྲག་པོ་ཞིག་ལྡང་ནས་མོའི་དབུགས་ཀྱང་འབྱིན་རྔུབ་བྱ་དཀའ་བར་བཏང་། དལ་གྱིས་མོའི་འདོམས་ནས་ཁྲག་དམར་བར་མེད་བཞུར་བྱུང་། མོ་རང་གི་སེམས་པ་ཡུད་ཙམ་ཞིག་གི་རིང་འཇིགས་པས་ཡོངས་སུ་མནར་བྱུང་བས།  ས་འབོལ་ཁྲིའི་ངོས་ནས་དལ་གྱིས་ཡར་ལངས་ཏེ་སྒྲོག་རྩེའི་ངོས་སུ་ལག་པ་ཁེན་ནས་གོམ་པ་འཁྱར་འཁྱོར་ངང་མདུན་དུ་སྤོ་བཞིན་མལ་ཁྲིའི་ཐོག་གན་རྐྱལ་དུ་ཉལ་ནས་བསྡད།   འོན་ཀྱང་།  མོའི་ན་ཟུག་འཇགས་ཐབས་བྲལ་ལ།  འདོམས་ནས་བཞུར་བའི་ཁྲག་དམར་དེ་ཡང་ད་དུང་བཞུར་མཚམས་མི་ཆད། ན་ཟུག་ཐོལ་གྱིས་ལྡང་ཐེངས་རེར། མོ་རང་གི་ཁ་ནས་ན་ཟུག་གི་འཁུན་སྒྲ་རང་དབང་མེད་པར་ཤོར་ཞིང་།  ཐ་ན་མཚམས་ལ་ལར་མོ་རང་ན་ཟུག་གིས་ཡོངས་སུ་བརྒྱལ་ཏེ་དྲན་པའང་འཐོར་ལ་ཁད་བྱེད། མོས་ད་བར་དུ་དེ་འདྲའི་ན་ཟུག་ཅིག་མྱང་མ་མྱོང་བ་འདྲ། ན་ཟུག་དང་འཁྱག་གྲང་གི་གདུང་བས་མནར་བའི་ཉིན་དེར་མོ་རང་གི་ལུས་སེམས་སྔ་མོ་ནས་གྲང་རེག་གིས་ཡོངས་སུ་བཅོམ་ཟིན། དུས་རྒྱུན་ཡིན་ན་མཐོ་སྒང་གི་གྲོང་ཁྱེར་དེར་བཀོལ་ནས་ཟད་མཐའ་མེད་པ་དྲོད་ཁོལ་གྱིས་ཕྱུག་པའི་ཉི་མའི་འོད་ཟེར་ངར་མོ་དེ་ཡིན་ཡང་། དེ་རིང་གི་ནམ་མཁའ་སྤྲིན་ནག་གིས་ཡོངས་སུ་བསྒྲིབས་འདུག གང་ལྟར་ང་། མོ་རང་ལ་བྱིས་པ་བཙའ་བའི་ཉིན་དེ་ནི་ཉི་མ་མཐོང་དཀོན་པའི་མཁའ་དབུགས་སྐྱ་བོ་ཞིག་རེད། ཉིན་དེར་ནམ་མཁའ་ན་ཚོམ་བུ་ཚོམ་བུར་རྒྱུ་བའི་སྤྲིན་དཀར་མཐོང་རྒྱུ་མིན་འདུག ཉེ་འཁོར་གྱི་རི་རབ་རྣམས་ཀྱིས་ཀྱང་གྲིབ་མའི་ལྭ་བ་མཐུག་པོ་ཞིག་གྱོན་ཏེ་སྨུག་ཀློང་གི་ཁྲོད་དུ་མག་མོག་ངང་ཀྲོང་ངེར་ཙོག་འདུག མོའི་ངོ་གདོང་སྔ་མོ་ནས་འཁྱག་སྟེ་དམར་ལམ་ལམ་བྱེད། བཟོད་བསྲན་བྱ་དཀའ་བའི་ན་ཟུག་མང་དག་ཅིག་སྡུག་རུས་བྱས་མཐར་མོས་གཞི་ནས་"ཨང་། ཨང་།"ཞེས་པའི་བྱིས་པའི་ངུ་སྒྲ་ཞིག་རྣ་བར་ལྷང་ལྷང་དུ་ཐོས་བྱུང་། བྱིས་པ་དེའི་ངུ་སྐད་མོའི་རྣ་བར་ཐོས་རྗེས་མོའི་སེམས་ལ་ཐོག་མར་སྨྲ་མི་ཤེས་པའི་སྤྲོ་སྣང་ཞིག་དང་དགའ་བ་ཞིག་དལ་གྱིས་འཕེལ་བྱུང་ཡང་།  བྱིས་པ་དེ་ཨ་ཕ་སྟོན་རྒྱུ་མེད་པའི་ནལ་ལེ་ཞིག་ཡིན་པ་དྲན་ན་དལ་གྱིས་སེམས་ལ་སྐྱོ་ལྷང་ལྷང་གི་ཚོར་བ་སྐྱུར་མོ་ཞིག་ཀྱང་ངང་གིས་སྐྱེ་འོང་།


མོས་རང་གི་ཕྱུ་པའི་ཕུ་ཐུང་གི་སྣེ་མོས་བྱིས་པ་དེའི་ལུས་ཀྱི་སྟོད་སྨད་གང་སར་འགོས་པའི་འཛར་འཛོར་རྣམས་གཙང་མར་ཕྱིས་ཤིང་། སྔོན་ཆད་མོ་རང་ངོ་མས་ཁབ་སྐུད་ལ་བརྟེན་ནས་བཙེམས་པའི་གྱོན་པ་རྣམས་བྱིས་པ་དེའི་ལུས་ལ་བསྐོན། བྱིས་པ་དེའི་བྱད་བཞིན་དེ་མོ་རང་གི་ཨ་མ་དང་ཨ་ན་མ་ན་རེད། མོས་བྱིས་པ་དེའི་ཡི་གར་འོང་བའི་ངོ་གདོང་སྙིང་རྗེ་མོ་དེ་མཐོང་ཐེངས་རེར། རྒྱང་རིང་གི་འབྲོག་ཁུལ་ཞིག་ན་མལ་སར་ལུས་པའི་ཉམ་ཐག་གི་ཨ་མ་དྲན་འོང་། མོའི་སེམས་པ་སླར་ཡང་མུན་ནག་གི་ཀློང་དུ་ཚུད་སོང་། མོས་བྱིས་པ་དེ་རང་གི་བྲང་ཁར་སྦྱར་ནས་ཧ་ཅང་དུང་བའི་མིག་ཟུང་གིས་བྱིས་པ་དེའི་ངོ་གདོང་གི་ཁྱོན་ལ་ཞིབ་ལྟ་ཞིག་བྱས། གློ་བུར་དུ་མོའི་སེམས་ལ་ཅི་ཞིག་དྲན་པ་ལྟར་མོས་བྱིས་པ་དེ་མལ་སའི་ནང་བཅུག་ཅིང་། མྱུར་དུ་མལ་ཁྲིའི་སྟེང་ནས་མར་བབས་ཏེ་འདུར་མ་རྒྱུགས་ཀྱིས་གྱང་ངོས་སུ་བཀལ་ཡོད་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་བརྙན་གྱི་མདུན་དུ་ཕྱིན་ཏེ་སྙིམ་པ་བྲང་ཁར་སྦྱར་ནས་མིག་ཟུང་བཙུམས་ཏེ་གདངས་གསལ་ལ་མི་གསལ་གྱི་སྒོ་ནས་སྨོན་ཚིག་གམ་སྐྱབས་ཞུའི་ཚིག་དབ་དིབ་འགའ་སྨྲས་རྗེས་གུས་ཕྱག་ཡང་ནས་ཡང་དུ་འཚལ་བར་བྲེལ་སོང་། 



བྱིས་པ་དེ་ནི་བུ་མོ་ཞིག་རེད། བྱིས་པ་དེ་ཉིན་རེ་ལས་མ་འདས་པར་འཚར་ལོང་འབྱུང་གིན་ཡོད་པས། མོས་རང་གི་ཤ་ལས་མཆེད་པའི་བྱིས་པ་དེ་ཉིན་རེ་བཞིན་མ་འདས་པར་ནར་སོན་པ་མཐོང་དུས་མོའི་སེམས་ལ་སྐྱིད་སྣང་ཞིག་ངང་གིས་འཕེལ་འོང་། རེད་ཨང་། འདས་ཟིན་པའི་ལོ་ཟླ་དེ་དག་གི་ནང་བུ་མོ་ཁོ་ན་རང་ཉིད་ཀྱི་འདུག་རོགས་གཅིག་པུ་དེ་ཡིན་པས་མི་ཚད་གྲོང་ཁྱེར་དེ་རུ་རང་ཉིད་ཀྱི་གཉེན་ཉེ་གཅིག་པུ་དེའང་ཡིན་པས། མོས་རང་གི་བུ་མོ་གང་མགྱོགས་འཚར་ལོང་བྱུང་ན་ཅི་མ་རུང་ཨང་སྙམ། གཡོ་ཟོལ་བྲལ་བའི་བུ་མོ་དེའི་བྱད་བཞིན་མཐོང་ཐེངས་རེར།  མོའི་སེམས་ཀྱི་སྐྱོ་སྣང་མཐའ་དག་གར་སོང་ཆ་མེད་དུ་ཡལ་ཞིང་། མ་མཐར་ཡང་མོས་བུ་མོ་ཆུང་ངུ་དེའི་སླད་དུ་འཚོ་བ་ལ་ཡིད་ཐང་གཏན་ནས་ཆད་མི་ཉན་སྙམ། 


མོས་དེ་འཕྲལ་བུ་མོ་རྒྱབ་ཏུ་ཁུར་ནས་གྲོང་ཁྱེར་དེ་རུ་ལས་ཀ་ཞིག་འཚོལ་བར་སོང་། མོས་ཁྱིམ་ཚང་མང་པོའི་སྒོ་ཁ་རུ་སོང་ནས་ལས་ཀ་ཞིག་འཚོལ་ཐབས་བྱས་ཀྱང་མོ་ལ་ལས་ཀ་སྣེ་གཅིག་ཀྱང་ལག་ཏུ་མ་རེག མོ་རང་དེ་འཕྲལ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་སྐབས། མོའི་གོམ་ཁ་རང་དབང་མེད་པར་ཕ་ཡུལ་གྱི་ཕྱོགས་སུ་བསྒྱུར་སོང་། 


     མོ་རང་དེ་ལྟར་ཕ་ཡུལ་དུ་འགྲོ་བའི་རླངས་འཁོར་ནང་ཞུགས། ད་ལྟ་གྲོང་ཁྱེར་ནས་ཕ་ཡུལ་བར་གྱི་ལམ་ཁའི་ངོས་སུ་སྣུམ་ནག་བཏིང་ནས་ཧ་ཅང་ཁོད་ཡངས་པར་གྱུར་འདུག 

ཡུན་རིང་ཕ་ཡུལ་དུ་ལོག་མ་ཐུབ་པས། མོས་ཕ་ཡུལ་དུ་དེ་འདྲའི་འགྱུར་བ་བྱུང་ཡོད་འགྲོ་བསམ་བསམ་གཏན་ནས་མ་བྱུང་། 


   མོ་རང་ཕ་ཡུལ་དུ་སླེབས་དུས་ཉི་མ་སྔ་མོ་ནས་ནུབ་རིར་བྱོན་ཟིན། དེ་ནི་མོ་ལ་མཚོན་ན་རང་མཚང་སྲུང་པའི་དུས་ཚོད་ཅིག་མ་ཡིན་ནམ། མོས་བྱིས་པ་རྒྱབ་ཏུ་ཁུར་ནས་ལྟོ་ཕད་ཆུང་ངུ་དེ་ལག་ཏུ་བཟུང་སྟེ་རང་ཁྱིམ་གྱི་སྒོ་མོ་བརྡུངས། འོན་ཀྱང་། སྒོ་མོ་ཇི་ཙམ་བརྡུངས་ཀྱང་སྒོ་འབྱེད་མཁན་གཏན་ནས་མ་བྱུང་བས་མོའི་སེམས་པ་དེ་འཕྲལ་བློང་བློང་པོར་གྱུར་སོང་། མོའི་སེམས་ལ་གློ་བུར་དུ་ཞེད་སྣང་དང་དངངས་འཚབ་ཅིག་གིས་ཡོངས་སུ་ཁེངས། གློ་བུར་དུ་མོའི་ཁྱིམ་ཚང་གི་སྦྲིབས་ནས་གློ་ལུ་བའི་སྒྲ་ཞིག་མོའི་རྣ་བར་ཐོས་བྱུང་བས། མོའི་སེམས་པ་སྐད་ཅིག་ཉིད་དུ་གཡའ་དག་པར་གྱུར་ནས་ཁྱིམ་གྱི་སྒོ་མོ་ཤེད་ཀྱིས་ཕུད་ནས་ནང་དུ་འཛུལ། ཨ་མས་མོ་རང་མཐོང་མ་ཐག་དེ་མ་ཉིད་དུ་གདོང་ལ་གྲུང་ཤ་ཞིག་རྒྱས་ནས་ལག་པ་མོའི་ཕྱོགས་སུ་བསྲིངས་བྱུང་བས། མོས་ཀྱང་གདོང་ལ་མཆི་ཞགས་ཤིག་འཁོར་བཞིན་ཨ་མའི་ཕྱོགས་སུ་བརྒྱུགས་ནས་ཨ་མའི་མགུལ་ལ་དམ་དུ་འཁྱུད་དེ་ངུས་བྱུང་། མོའི་ངུ་སྐད་དེས་བུ་མོ་ཆུང་ངུ་དེ་གཉིད་ལས་སད་ནས་ངུས་བྱུང་བས། དུས་རྒྱུན་ཁ་ཁུ་སིམ་པའི་ཁྱིམ་ཚང་ཆུང་ངུ་དེ་ངུ་སྒྲས་འུར་ཟིང་ངེར་གྱུར་སོང་། མོའི་ཨ་མས་བྱིས་པ་ཆུང་ངུ་ཞིག་གི་ངུ་སྐད་ཐོས་པས་དེ་འཕྲལ་ཧ་ཅང་དོགས་མི་བདེ་བའི་མིག་ཟུང་ཞིག་གིས་མོ་ལ་ལྟ་བཞིན "བྱིས་པ་དེ་སུའི་རེད། ཁྱེད་ལ་བྱིས་པ་དེ་འདྲ་ཞིག་ནམ་བྱུང་བ་རེད"ཅེས་དྲིས་བྱུང་བས། མོས་མིག་ཆུ་གཏོང་བཞིན་མོ་རང་ལ་འཕྲད་པའི་གནས་ཚུལ་རྣམས་ཆད་ལྷག་མེད་པར་གཅིག་གཅིག་གཉིས་གཉིས་ཀྱིས་ཨ་མ་ལ་བཤད། མོའི་སྐད་ཆར་ཉན་རྗེས། ཨ་མའི་གདོང་པའི་ཁྱོན་དུ་གཏན་ནས་མཐོང་རྒྱུ་དཀོན་པའི་ཁྲོ་ཉམས་ཤིག་རྒྱས་ནས་མོ་ལ་འགྲམ་ལྕག་མེ་འབར་བ་ཞིག་བཞུས་ཏེ"ཐོད་དཀར་མ།    ཐོད་དཀར་མ་ཁྱོད་ཡིན་ན། མི་འཇོན་འཇོན་མདོག་ངང་གྲོང་ཁྱེར་དུ་ཕྱིན། ད་ཆ་ཡོང་འབབ་སྐར་གང་ཡང་བསྟན་རྒྱུ་མེད་པར། བྱི་ཕྲུག་དེ་འདྲ་ཞིག་ཁྲིད་ནས་ཡོང་སྟེ་ཅི་བྱེད། དཀོན་མཆོག་མཁྱེན"ཞེས་མོ་ལ་འཁང་ར་དང་སྡུག་སྐད་རྒྱག་བཞིན་ངུས་བྱུང་། ཨ་མས་གློ་བུར་དུ་ཅི་ཞིག་དྲན་པར་ལྟར་མོ་རང་གི་ངོ་གདོང་གི་ཁྱོན་ལ་ཞིབ་ལྟ་ཞིག་བྱས་པས། སྔོན་ཆད་དཀར་ཞིང་སྒོར་བའི་མོའི་གདོང་པ་ད་ལྟ་སྐམ་ཞིང་རིད་ལ་ཤ་ཁེབས་ཀྱིས་ཡོངས་ཁེབས་ཤིང་། མགོ་ཐོག་གི་སྐྲ་ལོ་སྣུམ་ཐིང་ངེར་གནས་པ་དེ་ཡང་ད་ཆ་གང་སར་འཛིང་ནས་གཡག་གི་རྔ་མ་ལྟ་བུ་ཞིག་ཏུ་གྱུར་བ་མཐོང་བྱུང་བས། སེམས་ལ་ན་ཟུག་ཅིག་ཐོལ་གྱིས་ལྡང་ནས་མོ་བྲང་དུ་སྦྱར་བཞིན"ད་ཡིན་ན་ཁྱེད་སྡུག་མཐོང་སོང་། ལས་མི་དག་པའི་བུ་མོ་ཁྱེད་ཡིན་ན། ངོ་མ་སྙིང་རྗེ"ཞེས་བརྗོད་བཞིན་མུ་མཐུད་ནས་ངུས་བྱུང་། ཨ་མའི་ལག་པས་མོའི་མིག་ཟུང་གི་མཆི་མ་འབྱིད་ཞོར"བུ་མོ་གླེན་མ་ཁྱེད་ཡིན་ན། གྲོང་ཁྱེར་ནི་ཕྱུག་བདག་ཚོའི་སྡོད་ས་རེད། ང་ཚོ་གཉོམ་ཆུང་དག་གྲོང་ཁྱེར་དུ་ཕྱིན་ན་གཞན་གྱི་མཐོང་ཆུང་བྱ་ཡུལ་ལས་ལས་ཀ་ཞིག་གང་ནས་རྙེད། ད་ནས་བཟུང་ཨ་མའི་འཁྲིས་སུ་སྡོད་ཅིག གྲོང་ཁྱེར་དུ་སྡུག་མྱོང་བར་འགྲོ་མི་དགོས"ཞེས་མོ་ལ་བཤད། མོས་ཀྱང་མགོ་བོ་ལྕོག་ལྕོག་ལན་འགའ་བྱས་ནས་ཨ་མའི་མཁུར་ཚོས་ངོས་སུ་འགྲམ་པ་སྦྱར་བྱུང་། 


      ལོ་ཡི་འཁོར་མོ་ཡང་ནས་ཡང་དུ་འཁོར་ཞིང་དབྱར་དགུན་སྟོན་དཔྱིད་ཀྱི་ནམ་ཟླའང་རེས་མོས་ཀྱིས་ཕར་ལ་བཞུད་བཞིན་འདུག ལོ་ངོ་དེར་མོ་རང་གི་ཨ་མ་འཇིག་རྟེན་འདི་དང་རྒྱང་དུ་གྱེས་སོང་། ཨ་མ་དེ་ལྟར་བུད་རྗེས་མོའི་སེམས་ཀྱི་ནམ་མཁའ་རུ་སྐྱོ་བའི་ན་བུན་ངང་གིས་འཁྲིགས་བྱུང་། ཨ་མ་འཚོ་བའི་ལོ་ཟླ་དེ་དག་གི་རིང་ཨ་མས་དབྱར་གསུམ་ཙད་དང་དགུན་གསུམ་ཙག་མང་དག་ཅིག་མྱངས་ཏེ་སྐྱིད་པའི་ཉི་མ་ཐེངས་གཅིག་ཀྱང་བསྐྱལ་མྱོང་མེད་པ་འདྲ། 


ད་ཆ་མོའི་བུ་མོའང་ལོ་ངོ་བརྒྱད་ལ་སླེབས་ཟིན། བུ་མོའི་ཕེར་ཤ་ཅན་གྱི་བྱེད་ལུགས་དེ་དག་དང་། ཐལ་མདོག་འཕྱུར་བའི་ངོ་མདོག་སྐྱ་བོ་དེ་མཐོང་ན་མོས་རང་དབང་མེད་པར་རང་ཉིད་ཀྱི་བྱིས་དུས་ཀྱི་འཚོ་བ་དེ་དག་དྲན་འོང་། བུ་མོས་ཐལ་སྐྱའི་ཁྲོད་རྩེད་མོ་རྩེད་མཚམས་བཞག་སྟེ་མོ་རང་གི་གན་དུ་ཡོང་ནས"ཨ་མ། ངའི་ཨ་ཕ་གང་དུ་ཡོད"ཅེས་དྲིས་བྱུང་། བུ་མོས་གློ་བུར་དུ་དྲིས་ པའི་སྐད་ཆ་དེས་མོའི་སེམས་ཀྱི་ཁྱོན་ལ་གྲང་འདར་ཞིག་བརྒྱབ་ཅིང་། ངོ་མདོག་དེ་མ་ཉིད་དུ་ནག་རོག་རོག་ཏུ་བཏང་། མོས་ལག་པ་ཡར་བརྐྱངས་ནས་བུ་མོའི་འགྲམ་པའི་ངོས་སུ་འགྲམ་ལྕག་ཚ་བོ་ཞིག་གཞུ་གྲབས་བྱས་མོད། ལག་པ་སླར་ནམ་མཁའི་སྐར་ཚོགས་ལ་ཀེར་ཏེ"ལྟོས་དང་། རང་གི་ཨ་ཕ་གན་ན་ཡོད"ཅེས་བཤད་པས། བུ་མོས་ཀྱང་ཨ་མའི་སྐད་ཆའི་ནང་དོན་རྟོགས་པ་ལྟར་མཚན་གུང་གི་སྐར་ཚོགས་དབུས་སུ་མིག་ཟུང་ཅེར་ནས་བསྡད་བྱུང་། 


དུས་ཚོད་ཇི་ཙམ་ཕར་ལ་འདས་པ་མོར་གསལ་ཆ་མིན་འདུག ནམ་རྒྱུན་མཚན་གུང་གི་དུས་སུ་བུ་མོས་རང་ཁྱིམ་གྱི་ཕ་རོལ་ན་ཡོད་པའི་དེའུ་འབུར་དེའི་སྟེང་ཙོག་ནས་ནམ་མཁའི་སྐར་ཚོགས་ལ་ཅེ་རེར་ལྟ་བཞིན་འདུག གལ་ཏེ་སྐར་ཚོགས་མཐོང་རྒྱུ་མེད་པའི་མཚན་གུང་ཞིག་དང་འཕྲད་ཚེ།   མོས་མྱུར་དུ་ཨ་མའི་གན་དུ་རྒྱུགས་ཡོང་ནས"ཨ་མ། ངའི་ཨ་ཕ་མཐོང་རྒྱུ་མིན་འདུག ངའི་ཨ་ཕ་གང་དུ་བུད་སོང་བ་རེད"ཅེས་སྨྱོས་པ་ལྟར་ངུ་བར་བྱེད་པས། མོའང་བྱ་ཐབས་ཟད་དེ་མཐར་བུ་མོའི་འགྲམ་པའི་ངོས་སུ་འགྲམ་ལྕག་མེ་འབར་བ་རེ་གཞུ་བར་བྱེད། སྐྱེས་པ་ནས་ད་བར་དུ་མོས་རང་གི་བུ་མོར་ལག་པ་གཏན་ནས་འགུལ་མ་མྱོང་། འོན་ཀྱང་། དེ་རིང་མོས་བུ་མོའི་འགྲམ་པར་འགྲམ་ལྕག་ཞུས་པས། བུ་མོའི་སེམས་པ་ཧ་ཅང་འཁྱག་པར་གྱུར། བུ་མོ་ཆུང་ཆུང་དེས་དེ་འཕྲལ་རང་ཁྱིམ་དུ་རྒྱུག་ནས་ཕྱིན་ཏེ་རྒྱུན་པར་གྱོན་པར་སྤྲོ་བའི་གོན་པ་འགའ་ལྟོ་ཕད་ནང་བླུགས་རྗེས་ཕྱིར་ཐོན་བྱུང་། བུ་མོས་ལྟོ་ཕད་རྒྱབ་ཏུ་ཁུར་ནས་ཡུལ་གཞན་ལ་འགྲོ་བའི་ཚུགས་ཀ་དེ་མོའི་ཨ་མས་མཐོང་བྱུང་བས། མོའི་སེམས་ལ་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ཏེ།"བདུད་ཕྲུག ལྟོ་ཕད་ཁུར་ནས་གང་དུ་འགྲོའམ"ཞེས་དྲིས་པས། མོས་ཨ་མའི་ཕྱོགས་སུ་མིག་ལོག་ཅིག་ལྟ་ཞོར"ང་གྲོང་ཁྱེར་དུ་བུད་འགྲོ"ཞེས་བཤད་དེ་རྟབ་རྟབ་པོར་གྲོང་ཁྱེར་དུ་འགྲོ་བའི་ལམ་ལ་ཞུགས་སོང་། མོས་བུ་མོའི་ཉམ་ང་བའི་ཚུགས་ཀར་ལྟ་ཞོར་རང་དབང་མེད་པར་མིག་ཆུ་ས་ལ་འཐོར་འོང་།


བུ་མོ་དེ་ལྟར་བྲེལ་བྲེལ་འཚུབ་འཚུབ་ངང་གྲོང་ཁྱེར་དུ་བུད་སོང་། སྒྲོལ་མས་བུ་མོའི་ཁེར་རྐྱང་གི་རྒྱབ་གཟུགས་ལ་ཅེར་བཞིན་སེམས་ཚེགས་ཤིག་དང་གནོང་འགྱོད་ཀྱི་བསམ་པ་དྲག་པོ་ཞིག་ཡིད་མཁའ་རུ་འཕྱོ་བཞིན་དབུགས་རིང་ཡང་ཡང་དུ་འཐེན་བྱུང་། བུ་མོའི་རྟབ་རྟབ་པོའི་འགྲོ་སྟངས་ནི་སྔོན་ཆད་མོ་རང་གྲོང་ཁྱེར་དུ་འགྲོ་བའི་རྣམ་པ་དང་ཧ་ཅང་འདྲ། ཧ་ཅང་འདྲ། 




ཉིན་གཅིག་གི་འཚོ་བ།

ཉི་མ་འཆར་ལ་ཉེ། ཁྱེད་རང་སྔ་མོ་ནས་མལ་ལས་ལངས་ཟིན། 

 

ཞོགས་པའི་ཉི་གཞོན་ཐོག་མ་སྒེའུ་ཁུང་བརྒྱུད་ཁྱེད་རང་གནས་སྡོད་བྱ་ཡུལ་གྱི་ཁང་མིག་དེའི་ནང་དལ་གྱིས་འཕྲོས་བྱུང་། 

 

གླ་ཕོགས་བཟང་བའི་དངུལ་ཁང་གི་ལས་ཀ་དེ་ནས་ཕྱིར་ཐོན་བྱས་ཏེ་ནག་རོག་རོག་གི་ཁང་མིག་ཆུང་ངུ་དེ་རུ་དཔེ་ཆ་ལྟ་ཀློག་བྱ་རྒྱུར་གདམ་ཁ་བྱས་པ་ནས་བཟུང་། ཁྱེད་ཀྱིས་ཉིན་ལྟར་རང་ཁྱིམ་གྱི་སྒོ་མོ་དམ་པོར་མནན་ཏེ་ཆེས་མི་བྲིན་པའི་དཔེ་ཆ་འགའ་ལ་ཤི་འཐམ་རོ་འཐམ་བྱས་ནས་བསྡད།

 

"ཁོ་ནི་མི་སྨྱོན་པ་ཞིག་རེད"

 

"ཁོ་ནི་ཆང་རྐྱལ་ཞིག་རེད"

 

ཁྱིམ་མཚེས་ཚོས་ཁྱེད་ཀྱི་ལྐོག་ཏུ་ལབ་གླེང་དེ་འདྲ་བྱེད་བཞིན་པ་ཐེངས་གཅིག་གཉིས་ག་ལ་ཡིན།

 

གྲོང་ཁྱེར་ཆེན་མོ་དེ་ཅི་འདྲའི་འདུ་འཛིས་ཕྱུག་ཀྱང་། ཁྱེད་ལ་མཁོ་བ་ནི་ལྷིང་འཇགས་ཡིན།    ཁྱེད་ཀྱིས་རང་གི་ཁ་ངོ་སྟབས་བདེ་ཞིག་བཀྲུས་ཤིང་། ལག་པས་གང་སར་གཟེངས་པའི་སྐྲ་ལོའི་ངོས་སུ་ཆུ་བྲན་ནས་སྐྲ་ཤད་ཀྱིས་ཤད་ཤད་ལན་འགའ་བྱས་རྗེས། སྔར་རྒྱུན་བཞིན་འབོལ་ཁྲིའི་ཐོག་ཙོག་ནས་དཔེ་ཆ་ལྟ་ཀློག་བྱ་མགོ་བརྩམས། དཔེ་ཆ་དེ་དག་ནི་ཁྱེད་རང་ཆེས་ལྟ་བར་སྤྲོ་བའི་རྩོམ་རིག་སྐོར་གྱི་དཔེ་ཆ་འབའ་ཞིག་ཡིན་པས། ཁ་སང་ཁྱེད་ཀྱིས་རང་གི་ཟླ་བ་གཅིག་གི་འཚོ་བའི་འགྲོ་གྲོན་གྱི་དངུལ་སྒོར་དེ་དག་སྤྲད་ནས་ཕྱིར་བླུས་པ་མ་ཡིན་ནམ། 

 

ཁྱེད་ལ་མཚོན་ན། དཔེ་ཆ་དེ་དག་གི་ཀློང་ནས་རང་ཉིད་ཀྱི་རེ་སྙེགས་བྱེད་བཞིན་པའི་འཇིག་རྟེན་དང་འཚོ་བ་གཞན་ཞིག་གསར་རྙེད་ཐུབ་པས། ཁང་མིག་ཆུང་ངུ་དེའི་ནང་དཔེ་ཆ་ལྟ་ཀློག་བྱས་ནས་སྡོད་རྒྱུ་ནི་ཁྱེད་ལ་མཚོན་ན་བདེ་སྐྱིད་ཅིག་ཅི་ལ་མིན། ཁྱེད་ཀྱིས་ད་རེག་བར་དུ་མིག་མདུན་གྱི་འཚོ་བ་དེ་ལ་འདང་རྒྱག་གཏན་ནས་བྱས་མ་མྱོང་། ཆུང་མ་དང་། རླངས་འཁོར། ཁང་པ། ཨཱ་ཨཱ།    ཁྱེད་ཀྱི་འཁྲིས་སུ་འཚོ་བཞིན་པའི་སྤྱི་ཚོགས་དེ་མི་རྣམས་ཧ་ཅང་ཁག ཁོ་ཚོས་མང་པོ་མང་པོ་ཞིག་འཐོབ་སླད་རེ་བ་རྟ་རྔ་ཙམ་ཞིག་བཅང་སྟེ་དཀའ་སྤྱད་ཀྱི་རྔུལ་ཆུ་ཁྲུམ་ཁྲུམ་དུ་བཞུར་ཡང་། མཐའ་མ་ཁོ་ཚོས་མང་པོ་མང་པོ་ཞིག་བོར་བརླག་ཏུ་སོང་ཡོད་པ་མ་ཡིན་ནམ། འོན་ཀྱང་། ཁྱེད་ལ་ཆ་མཚོན་ན། དེ་དག་ལ་དོན་དམ་པའི་སྙིང་བོ་ཅི།

  དེ་རིང་ནི་གཟའ་ཉི་མ་ཡིན་པས། ཁྱེད་ཀྱིས་སྔར་རྒྱུན་བཞིན་རང་གི་སློག་པ་མཐུག་པོ་དེ་ལུས་ལ་གྱོན་ནས་སྒོ་ཁར་བུད་དེ་དཔེ་ཆ་གསར་བ་རེ་ཨེ་རྙེད་ལྟ་བར་ཕྱིན། གྲོང་ཁྱེར་དེ་རུ་མི་ཚོགས་ཧ་ཅང་སྟུག རླངས་འཁོར་ཡང་ཧ་ཅང་མང་། ཁང་པ་གཅིག་ལས་གཅིག་མཐོ། འོན་ཀྱང་། དེ་དག་ཁྱེད་དང་འབྲེལ་བ་སྤུ་ཙམ་ཡང་མེད་པས། ཁྱེད་ཀྱིས་གྲོང་ཁྱེར་འདིའི་ཤིན་ཧྭ་དཔེ་འཚོང་ཁང་ཞིག་ལ་གཟས་ཏེ་བུད་སོང་། ཤིན་ཧྭ་དཔེ་འཚོ་ཁང་གི་སྦྱིན་བདག་མ་དེས་ཁྱེད་རང་མཐོང་མ་ཐག་དེ་མ་ཉིད་དུ་ཁྲེལ་དགོད་ཅིག་དགོད་ཞོར།"ཁྱེད་ཀྱི་གདོང་པ་ཧ་ཅང་དམར་ཞིང་སྨུག་ཟེར། ད་དུང་ཁྱེད་ཀྱིས་རྒྱ་སྐད་བཤད་པ་སྒྲ་དག་མོ་ཞིག་མ་རེད་ཟེར"མོའི་སྐད་ཆར་ཉན་རྗེས། ཁྱེད་ཀྱི་བསམ་པར་"ང་ནི་བོད་རིགས་ཡིན"ཞེས་བརྗོད་འདོད་སྐྱེས་ཀྱང་། ཁྱེད་ཀྱི་ཅི་ཡང་མ་བཤད་པར་རང་ཉིད་ལ་མཁོ་བའི་དཔེ་ཆ་འགའ་ཤས་ཉོས་རྗེས་དཔེ་འཚོང་ཁང་དེའི་སྒོ་ཁར་བུད། 


གྲོང་ཁྱེར་དེའི་མི་རྣམས་གཙང་སྦྲ་ཧ་ཅང་དོད། གཙང་སྦྲ་ཧ་ཅང་དོད་པས། ཁྱེད་ཀྱིས་མི་དེ་དག་མི་རིགས་གང་ཞིག་ཡིན་མིན་ཡང་དབྱེ་བ་འབྱེད་དཀའ། ལམ་བར་དུ། མི་མང་པོས་འགྲོ་ཞོར་འདུག་ཞོར་དུ་མིག་ཟུང་ཁྱེད་ལ་ཅེར་འོང་། ཁོ་ཚོའི་མིག་ཟུང་གི་ཀློང་དུ་མཐོང་ཆུང་གི་ཉམས་སྣང་ཞིག་གིས་ཡོངས་སུ་ཁེངས་འདུག ཕྱི་མཛེས་ནང་སྟོང་གི་མི་བུ་དེ་དག་གི་མིག་ཟུང་རེ་རེ་རིག་ན། ཁོ་ཚོས་ཁྱེད་ལ་སྙིང་རྗེ་སྐྱེ་བ་ཇི་བཞིན། ཁྱེད་ཀྱིས་ཀྱང་ཁོ་ཚོར་སྙིང་རྗེ་ཡི་བསམ་པ་དྲག་པོ་ཞིག་སྐྱེ་འོང་། 

 

ལྟོས་དང་། བུད་མེད་དེ་ལ། མགོ་བོའི་སྐྲ་ལོ་ཡོངས་རྫོགས་དམར་པོར་བཏང་ཞིང་། ངོ་གདོང་གི་ཁྱོན་ལ་བྱུག་རྫས་བྱུག་སྟེ་དཀར་ཐིང་ཐིང་བྱེད་ལ། ངོ་གདོང་ལས་ཀྱང་ཆེ་བའི་མིག་ཤེལ་ནག་པོ་དེས་ཅི་ཞིག་ཡིན་ཁུལ་བྱེད་ཀྱིན་འདུག ཡང་ན་ཅི་ཞིག་གབ་ཀྱིན་འདུག མོའི་རྟིང་ཀ་ཙོག་ཙོག་གི་འཇུར་རྟ་ཡུ་རིང་དེའི་ཐྲག་ཐྲག་གི་གོམ་སྒྲས་ཁྱེད་ཀྱི་བྲང་ཁ་ཡང་ཡང་བརྡུང་འོང་། ཁྱེད་ཀྱིས་ཨམ་ཕྲག་ལས་ཐ་མག་བཙལ་ཏེ་དུ་བ་རྐང་གཅིག་ལ་མེ་བསྒོས་ནས་ཤུགས་ཀྱིས་རྔུབས། གློ་བུར་དུ་རྒྱབ་ཕྱོགས་ནས་མི་ཞིག་གིས་ཁྱེད་ཀྱི་ཕྲག་པར་ལག་པས་རྡེབ་རྡེབ་ལན་འགའ་བྱས་བྱུང་བས། ཁྱེད་ཀྱིས་ཁ་ཕྱིར་འཁོར་ནས་ལན་ཅིག་བལྟས་པ་ན་མི་དེ་ནི་གྲོང་ཁྱེར་དོ་དམ་ཁུལ་ནས་རེད་འདུག ཁོས་ངག་ནས་ཅི་ཡང་མི་སྨྲ་བར་ངོ་གདོང་ནག་རོག་རོག་ངང་ཁྱེད་ལ་སྡིག་མཛུབ་ཅིག་བསྟན་ནས་ཁྱེད་ལ་དུ་བ་འཐེན་མི་ཆོག་པའི་བརྡ་བྱས། 

 

ཁྱེད་ཀྱིས་དཔེ་འཚོང་ཁང་ནས་ཉོས་པའི་དཔེ་ཆ་རྣམས་རང་གི་མཆན་འོག་ཏུ་བཅུག་ནས་ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་ལ་ཞུགས། 

 

ལམ་བར་དུ་ཁྱེད་ཀྱིས་དོན་དག་མང་དག་ཅིག་ལ་འདང་རྒྱག་བྱས། སྔོན་ཆད་ཡིན་ན་གྲོང་ཁྱེར་དེའི་ནམ་མཁའ་སྔོ་ཞིང་དྭངས་ལ་སྤྲིན་དཀར་གང་སར་རྒྱུ་བཞིན་ཡོད་ཅིང་། ཉི་མ་ཡང་ཚ་ཆིལ་ཆིལ་ངང་འཕྲོས་འོང་མོད། ལོ་ངོ་མང་པོ་ཞིག་འདས་པའི་དེ་རིང་གི་དུས་འདིར། གྲོང་ཁྱེར་དེ་ནི་སྨུག་སྤྲིན་གྱིས་ཡོངས་སུ་བཏུམས་ཏེ་སྐྱ་ཐེར་ཐེར་ཅིག་ཏུ་གྱུར་ནས་ཉི་མའི་འོད་ཟེར་དང་། སྤྲིན་དཀར། ནམ་མཁའ་སྔོན་མོ། སྐར་ཚོགས་དང་ཟླ་བ་སོགས་ཀྱི་ཐ་སྙད་དེ་དག་ད་ལྟ་ལོ་རྒྱུས་ཀྱི་དེབ་ཐེར་དང་། ཚིག་མཛོད་ནང་དུ་མ་གཏོགས་མཐོང་རྒྱུ་མིན་འདུག ན་བུན་ཇི་བཞིན་འཁྲིགས་པའི་གྲོང་ཁྱེར་དེའི་མཁའ་དབུགས་སྐྱ་བོ་དག་ཁྱེད་ཀྱི་མིག་ལམ་དུ་རྒྱུ་དུས། ཁྱེད་ཀྱི་སེམས་ཀྱི་ནམ་མཁའི་ཁྱོན་ལ་ཁ་བའི་འདབ་མ་སྐྱ་ལྷེབ་ལྷེབ་ཏུ་བབས་བྱུང་།

 

ཉི་མ་ནུབ་རིར་བཞུད་ལ་ཉེ། ཁྱེད་རང་རང་ཁྱིམ་དུ་ཕྱིར་སླེབས་དུས་དུས་ཚོད་འཕྱི་པོ་ཆགས་འདུག ཁྱེད་ཀྱིས་རང་ཁྱིམ་གྱི་སྒོ་མོ་དལ་གྱིས་ཕྱེས་ནས་ནང་དུ་འཛུལ་རྗེས་སླར་ཡང་སྒོ་མོ་དེ་དམ་དུ་མནན་བྱུང་། འབོལ་ཁྲིའི་སྟེང་ཙོག་རྗེས། ཁྱེད་ཀྱིས་མཆན་འོག་གི་དཔེ་ཆ་སོ་མ་དེ་དག་ལག་ཏུ་བླངས་ནས་སྔར་རྒྱུན་བཞིན་ལུས་སེམས་རྣལ་མོས་དཔེ་ཆ་ལྟ་ཀློག་བྱ་མགོ་ཚུགས། 

"མི་དེའི་ཀླད་པའི་དབང་རྩར་ན་ཚ་ཡོད་པ་མིན་ནམ"

 

"མི་དེས་རང་ཉིད་ཤུབས་ཀྱི་བཙོན་རར་བཅུག་ནས་ཅི་བྱེད"

 

"ཁོ་ནི་ཉེས་ཅན་ཞིག་ཡིན་ནའང་ཐང"


ཁྱིམ་མཚེས་ཚོས་སླར་ཡང་ཁྱེད་རང་ལ་སྡིག་མགོ་ཚུགས། འོན་ཀྱང་། ཁྱེད་ཀྱིས་ནམ་ཡང་ཁོ་ཚོར་ལེ་བདའ་དང་འཁང་ར་བྱ་མི་སྲིད། དེ་ནི་ཁྱེད་ཀྱི་རང་གཤིས་ཡིན། ཁོ་ཚོའི་ངོས་ནས་བརྗོད་ན། ཁྱེད་ནི་ནམ་ཡང་རྟོགས་དཀའ་བའི་མི་བུ་ལྐོག་གྱུར་བ་ཞིག་ཡིན། མི་དེ་དག་གིས་ཁྱེད་ལ་ཡ་མཚན་ཅན་གྱི་མིག་ཟུང་གིས་ལྟ་ཞོར་དེ་ལྟར་ལྐོག་ལབ་བྱེད་ཀྱིན་འདུག དེ་ནི་ཁྱེད་ཀྱི་སྣང་ངོར་ཁོ་ཚོ་སྨྱོན་པར་མཐོང་བ་ཇི་བཞིན། ཁྱེད་དང་ཉེ་འགྲམ་གྱི་མི་བུ་དེ་དག་ནི་འཇིག་རྟེན་གཅིག་ཏུ་འཚོ་བའི་མི་ཐ་དད་པ་གཉིས་ཡིན། ཡང་ན། ཁྱེད་དང་ཁྱིམ་མཚེས་ཚོ་ནི་འཇིག་རྟེན་གཉིས་སུ་འཚོ་བའི་གསང་བ་ཅན་གྱི་མི་བུ་རིགས་མི་འདྲ་བ་གཉིས་ཡིན། ཁྱེད་ཀྱི་ཡིད་ངོར། སྒོར་མོ་དང་ཆང་འཐུང་གར་རྩེད་ཁོ་ནའི་སླད་དུ་འདུར་རྒྱུགས་བྱེད་པའི་ཁྱིམ་མཚེས་དེ་དག་ནི་ནར་མ་སོན་པའི་བྱིས་པ་ཞིག་གིས་གར་སྟབས་བྱེད་པ་དང་། རྫུ་འཕྲུལ་ཅན་གྱི་སྒྱུ་མའི་ཟློས་གར་ཁོ་ན་ཉིད་ལས་གཞན་ཅི།

 

ཁྱེད་ཀྱིས་ཉིན་གང་ཁྱིམ་དུ་ཞུགས་ནས་འཛམ་གླིང་གི་གྲགས་ཅན་བརྩམས་སྒྲུང་མང་དག་ཅིག་ལ་ལྟ་ཀློག་བྱས་ལ། རང་ཉིད་ཀྱིས་ཀྱང་རྩོམ་ཡིག་མ་ཡིན་པའི་རྩོམ་ཡིག་མང་དག་ཅིག་བྲིས་ནས་དུས་དེབ་ཁང་དུ་བསྐུར་མྱོང་། འོན་ཀྱང་། དུས་དེབ་ཁང་མང་དག་ཅིག་གིས་ཁྱེད་ཀྱི་རྩོམ་ཡིག་གི་ནང་དོན་ཤེས་ཀྱི་མིན་འདུག མ་རེད། ཁོ་ཚོས་ཁྱེད་ཀྱི་ནང་སེམས་རྟོགས་ཀྱི་མེད་པས། ད་རེག་བར་དུ། ཁྱེད་ཀྱིས་རྔུལ་ཁྲག་དང་མིག་ཆུས་བྲིས་པའི་རྩོམ་ཡིག་དེ་དག་ཚགས་པར་དང་དུས་དེབ་ཁང་གཅིག་གིས་སྤེལ་མ་མྱོང་། འོན་ཀྱང་། ཁྱེད་ཀྱིས་དོན་དག་དེའི་རྐྱེན་པས་དཔེ་ཀློག་ལ་བཅངས་པའི་བརྩེ་བ་རྣལ་མ་དེ་གཏན་ནས་བོར་མ་མྱོང་། ཁྱེད་ཀྱིས་སླར་ཡང་དུ་བ་རྐང་གཅིག་ལ་མེ་བསྒོས་ནས་ཤེད་ཀྱིས་རྔུབ་ཅིང་། མིག་ཟུང་དཔེ་ཆའི་ངོས་སུ་ཧྲིག་ཧྲིག་ཏུ་ལྟ་བཞིན་འདུག

 

མུན་རུབ་སོང་། མུན་ནག་གི་མཚན་མོ་ནི་ཁྱེད་ལ་མཁོ་བའི་དུས་ཚོད་ཡིན། ཁྱེད་རང་དེ་ལྟ་བུའི་ཁ་ཁུ་སིམ་པའི་མཚན་མོའི་ནམ་ཟླར་ཧ་ཅང་དགའ། ཁྱེད་ཀྱིས་ལོ་མང་ཉར་ཚགས་བྱས་པའི་ཨ་རག་དམར་བོ་དེ་ཚུར་བླངས་ནས་རྔམ་འཐུང་བྱ་མགོ་ཚུགས། 

 

"ཏག ཏག"ཁྱིམ་གྱི་སྒོ་བརྡུངས་བྱུང་། མཚན་མོ་དེ་འདྲ་ཞིག་ལ་སྒོ་རྡུང་མཁན་དེ་སུ་ཡིན་པ་ཁྱེད་ཀྱི་སེམས་ལ་ཁྲིག་ཁྲིག་ཡིན། "ཨོ། སླར་ཡང་ལོ་ངོ་གཅིག་ཕར་ལ་འདས་སོང"ཁྱེད་ཀྱིས་དེ་ལྟར་ཆིག་ལབ་རྒྱག་ཞོར། ཨམ་ཕྲག་ནས་དངུལ་ཁུག་ཕྱིར་བཏོན་ཏེ་སྒོ་འགྲམ་དུ་བསྐྱོད་རྗེས་སྒོ་མོ་ཕྱེས་ནས་སྒོ་རྡུང་མཁན་གྱི་མི་དེའི་ལག་ཏུ་སྒོར་ཉིས་བརྒྱ་ཁང་གླར་སྤྲད། 

 

ཉིན་གང་གི་དུས་ཚོད་དེ་ལྟར་ཕར་ལ་འདས་སོང་། ཁྱེད་ཀྱིས་དཔེ་ཆ་ལྟ་ཀློག་བྱ་མཚམས་བཞག་སྟེ་འབོལ་ཁྲིའི་སྟེང་ནས་ཡར་ལངས་རྗེས་རང་ཁྱིམ་གྱི་གློག་འོད་ཀྱི་ཁ་བཀག་ནས་མལ་དུ་འཛུལ། གློ་བུར་དུ་ཁྱེད་ཀྱི་གྲོད་པ་ཧ་ཅང་ལྟོགས་བྱུང་བས། ཁྱེད་ཀྱིས་ད་གཟོད་རང་ཉིད་ཉིན་གང་དཔེ་ཀློག་ཁོ་ནར་མགོ་འཁོར་བས། ཁ་ལ་ཟས་ཁམ་གང་ཡང་ཟ་ཁོམ་བྱུང་མེད་པ་གཞི་ནས་རྟོགས།



ལྷ་སའི་ཉི་འོད།



གཅིག



ང་རང་ནི་ལོ་ངོ་ལྔའི་ཡར་སྔོན་དུ་ལྷ་སར་ཡོང་བ་ཡིན།


ང་རང་ཐོག་དང་པོར་ལྷ་སར་སླེབས་པའི་དུས་ཚོད་ནི་ཕལ་ཆེར་ལོ་ངོ་བརྒྱད་ཀྱི་ཡར་སྔོན་དུ་ཡིན་པ་འདྲ། སྐབས་དེ་དུས་ལྷ་སའི་མཐའ་འཁོར་དུ་ད་དུང་ད་ལྟའི་ཐོག་བརྩེགས་ཁང་ཆེན་དང་།  སྣུམ་ནག་གི་གཞུང་ལམ། གཞི་རྒྱ་ཆེ་བའི་བཟོ་གྲྭ་སོགས་གང་ཡང་མི་འདུག དེ་དུས་གྲོང་ཁྱེར་དེའི་མཐའ་འཁོར་དུ་དུ་བ་སྔོ་ལྷོག་ལྷོག་ངང་འཕྱུར་གྱིན་པའི་ཞིང་པའི་དུད་ཚང་དང་། མགོ་ལྕོག་ལྡེམ་ལྡེམ་གཡོ་བཞིན་པའི་ཞིང་ནང་གི་མྱུ་གུ  ད་དུང་རླུང་གི་གོམ་འགྲོས་དང་བསྟུན་ནས་གཡས་གཡོན་གཉིས་སུ་ཕར་གཡོ་ཚུར་གཡོ་བྱེད་བཞིན་པའི་ལྗོན་ཤིང་སོགས་ཀྱིས་ཡོངས་སུ་བཀང་འདུག སྐབས་དེ་དུས་ང་རང་ལ་ཁོམ་པ་རེ་བྱུང་ཚེ་གནས་དེར་སོང་ནས་འཆམ་འཆམ་བྱེད་པ་དང་སྦྲགས། ཞིང་གྲོང་གི་མཁའ་དབུགས་གསར་པ་རྔུབ་ཞོར་ཁ་ཁུ་སིམ་པའི་ཞིང་གྲོང་གི་འཚོ་བ་ལ་ཉམས་ལེན་བྱས་ཏེ། རྩོམ་གྱི་རྒྱུ་ཆ་གསོག་འཇོག་བྱེད་པར་འགྲོ་རྒྱུར་ཧ་ཅང་དགའ།


ལོ་ངོ་ལྔ་ལྷག་འདས་པའི་དེ་རིང་གི་དུས་འདིར།  ང་རང་ལས་ཀའི་དགོས་མཁོའི་དབང་གིས་གྲོང་ཁྱེར་དེ་རུ་གཏན་སྡོད་བྱ་མགོ་ཚུགས། འོན་ཀྱང་། ང་ནི་གྲོང་ཁྱེར་དེའི་ཁུགས་སོ་ཅིག་ཏུ་ལས་ཀ་བྱེད་བཞིན་པའི་སྤྱིར་བཏང་གི་ལས་བྱེད་པ་ཆུང་ཆུང་ཞིག་ལས་ད་དུང་མིང་དོན་མཚུངས་པའི་ལྷ་ས་བའམ་གྲོང་ཁྱེར་བ་རྣལ་མ་ཞིག་གཏན་ནས་མ་ཡིན། རྒྱུ་མཚན་ནི་མ་གཞི་ལོ་ངོ་དེ་དག་གི་རིང་བདག་གིས་དཀའ་སྤྱད་འབད་བརྩོན་དང་བཟའ་མཁས་འཐུང་མཁས་ཀྱིས་དངུལ་སྒོར་ཕྲན་བུ་བསགས་ཡོད་མོད།  ང་རང་གི་ཐེམ་ཐོ་སྔར་བཞིན་གནས་འདིར་བསྒྱུར་ཐབས་མ་བྱུང་ལ། གྲོང་ཁྱེར་འདི་རུ་ད་དུང་ང་ལ་དབང་བའི་ས་ཆ་སྦར་མཐིལ་གང་ཡང་མེད་པས་ཡིན།  གྲོང་ཁྱེར་འདི་རུ་འཚོ་བཞིན་པའི་མི་བུ་མང་པོ་ཞིག་ང་དང་ཅི་འདྲའི་འདྲ། གནས་དེར་རང་ཉིད་སྒེར་ལ་དབང་བའི་ཁང་པ་ཆུང་ངུ་ཞིག་ལག་ཏུ་འཐོབ་རྒྱུར་འབད་བརྩོན་བྱེད་བཞིན་པའི་མི་བུ་ཧ་ཅང་གི་མང་བ་ཡིན། འོན་ཀྱང་། གྲོང་ཁྱེར་ཆེ་གྲས་དེ་འདྲ་ཞིག་ཏུ་ཁང་པ་ཉོ་རྒྱུ་ནི་རྒྱ་མཚོའི་ནང་ནས་ཁབ་འཚོལ་བའི་དཔེ་ལྟར་ཧ་ཅང་གི་དཀའ་མོ་ཡིན་པ་སུ་ཡིས་མི་ཤེས། 


མ་གཞི་བོད་མི་ཞིག་ལ་ཆ་མཚོན་ནས་བཤད་ན། ལྷ་ས་ནི་ཆོས་ལྡན་གྱི་ཞིང་ཁམས་འགལ་མེད་ཅིག་ཡིན་པས། བོད་མི་སུ་ཞིག་ཡིན་རུང་ལྷ་སར་འཚོ་བ་སྐྱེལ་ནས་སྡོད་འདོད་ཧ་ཅང་ཆེ། རྒྱུ་མཚན་ནི་གཅིག་ནས་གནས་དེའི་མཁའ་དབུགས་ལྟོས་བཅས་ཀྱིས་གྲོང་ཁྱེར་གཞན་དང་བསྡུར་ན་ཅུང་ཟད་བཟང་བ་ཡིན་ལ། གཉིས་ནས་གནས་དེར་པོ་ཏ་ལ་དང་། སེ་འབྲས་དགའ་གསུམ་གཙོས་པའི་དགོན་སྡེ་མང་དག་ཅིག་གནས་ཆགས་པས་ཡིན། དྲང་པོར་བརྗོད་ན། ང་རང་ཡང་ལྷ་སར་འཚོ་བ་བསྐྱལ་རྒྱུར་ཧ་ཅང་དགའ། འོན་ཀྱང་། འཚོ་བའི་ཡོང་སྒོ་ཅུང་ཟད་ཞན་པའི་མི་ཞིག་ལ་ཆ་མཚོན་ནས་བཤད་ན། གྲོང་ཁྱེར་དེ་རུ་འཚོ་བ་བསྐྱལ་དགོས་ཚེ་དཀའ་ཁག་མང་དག་ཅིག་ལ་གདོང་པ་གཏད་དགོས་རྒྱུ་སྨྲ་མི་དགོས།  


གཉིས།


མེ་ཏོག་ལྷ་མཛེས་ནི་ང་དང་ཕ་ཡུལ་གཅིག་གི་མི་ཡིན་པ་མ་ཟད་ད་དུང་ཆུང་ངུའི་དུས་སུ་ང་དང་གཟུགས་དང་གྲིབ་མ་ཇི་བཞིན་འགྲོགས་མྱོང་བའི་ངའི་སློབ་གྲོགས་ཀྱང་ཡིན། སློབ་ཆུང་སློབ་མཐར་ཕྱིན་རྗེས། མེ་ཏོག་ལྷ་མཛེས་ཀྱི་ཕ་མས་མོ་རང་མུ་མཐུད་དེ་སློབ་གྲྭར་མ་གཏང་བར་ལུག་རྫིར་མངགས། དུས་དེ་ནས་བཟུང་།  ང་དང་མེ་ཏོག་ལྷ་མཛེས་ཀྱི་ལས་དབང་ཡོངས་སུ་ཐ་དད་པར་གྱུར། མོ་རང་ནི་འུར་?་ལག་ཏུ་ཐོགས་ཏེ་ལུག་ཁྱུའི་འབའ་སྐད་ཀྱི་ཁྲོད་དུ་འཚོ་བ་སྐྱེལ་བཞིན་པའི་ལུག་རྫི་བུ་མོ་ཞིག་ཏུ་གྱུར་ལ། ང་རང་ནི་ཕ་མ་བཟང་པོའི་བཀའ་དྲིན་འོག་སྨྱུ་གུ་ལག་ཏུ་ཐོགས་པའི་སློབ་གཉེར་བ་ཞིག་ཏུ་གྱུར། ངེད་གཉིས་དེ་ལྟར་ལམ་བུ་མི་འདྲ་བ་གཉིས་སུ་ཁ་གྱེས་པས། ངས་དེ་རིང་མ་གཏོགས་མོ་གཏན་ནས་རིག་རྒྱུ་མ་བྱུང་། དེ་རིང་ང་དང་ཁོ་མོ་རྒྱང་རིང་གི་ཉི་མ་ལྷ་ས་རུ་ངོ་འཕྲད་ཡོང་བསམ་པ་ཡིད་ལ་གཏན་ནས་འཆར་མ་མྱོང་། 


"ཡཱ། མེ་ཏོག་ལྷ་མཛེས། ཁྱེད་བདེ་མོ"ངས་མོ་ལ་ལག་འཇུ་ཞིག་བྱས་ཏེ་འཚམས་འདྲི་བྱས།    མོས་ཐོག་མར་ང་རང་ངོས་འཛིན་མ་ཐུབ་པར་ངའི་གདོང་ལ་ཅེར་ནས་བསྡད་བྱུང་བས། ངས་མོ་ལ་དྲན་གསོའི་ཚུལ་དུ"ཁྱེད་ཀྱིས་ང་ཡང་བརྗེད་སོང་བ་མ་ཡིན་ནམ། ང་སེང་ཕྲུགཆུང་དུས་ངའི་སྐྲ་ལོ་རིང་ཞིང་རལ་བ་ཞིག་ཀྱང་ཆགས་ཡོད་པས།  སློབ་མ་མང་པོས་ང་ལ་དེ་ལྟར་འབོད་པར་བྱེདཡིན་ཡཱ"ཞེས་བཤད་པས། མོས་དེ་མ་ཉིད་དུ་ང་རང་དྲན་སོས་ཏེ"ཨོ། རེད། ཁྱེད་ངོ་མ་སེང་ཕྲུག་རེད"ཅེས་བཤད་ཞོར་ངོ་གདོང་གི་ཁྱོན་ལ་འཛུམ་མདངས་ཤིག་རྒྱས་ནས་མིག་ཟུང་ངའི་ལུས་པོའི་ཁྱོན་ལ་ཕུར་ཚུགས་སུ་བལྟས་འདུག འོན་ཀྱང་ངའི་མིག་མདུན་དུ་ལངས་ནས་བསྡད་པའི་བུ་མོ་དེ་ནི་ངའི་ཆུང་བྱིས་པའི་དུས་ཀྱི་སློབ་གྲོགས་བུ་མོ་སྣ་ལུད་ཅན་དེ་རེད་ཟེར་ན་སུ་ཡིས་ཡིད་ཆེས་བྱ་སྲིད། མོའི་གདོང་པ་དཀར་ཞིང་རྒྱགས་ལ། སེར་ལ་སྣུམ་པའི་སྐྲ་ལོ་དེ་ནི་ནེམ་ཤ་ལྡན་པའི་རྒྱ་ལྕང་གི་ལོ་མ་ཐུར་དུ་དཔྱངས་པ་དང་མཚུངས། མོའི་མགུལ་ངོས་དང་མཛུབ་མོའི་ཁྱོན་ལ་གསེར་གྱི་རྒྱན་ཆས་ཡོངས་སུ་བཏུམས་ཤིང་། ཁ་ནས་ལྷ་སའི་སྐད་དག་པོ་ཞིག་རྒྱག་གིན་འདུག་པས། མོ་ནི་འབྲོག་ཁུལ་ནས་འོང་བའི་བུ་མོ་ཞིག་རེད་ཟེར་ན་ངོ་མ་ཡིད་ཆེས་བྱ་དཀའ་ལ། ཡུལ་གྱར་བ་ཞིག་རེད་ཟེར་ན་དེ་བས་ཀྱང་དང་ལེན་བྱ་ཐབས་བྲལ། མ་གཞི་ང་རང་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཆུང་ཆུང་ཞིག་གི་བརྟུལ་ཞུགས་བཟུང་ཡོད་ཀྱང་། མོའི་མདུན་དུ་ང་ནི་ལྷ་སའི་ཁྲོམ་གཞུང་ཐོག་གི་སྤྲང་རྒན་ཞིག་དང་ཅི་འདྲའི་འདྲ།


ང་དང་མེ་ཏོག་ལྷ་མཛེས་ནི་རྩྭ་ཐང་ཐོག་ནར་སོན་པའི་འབྲོག་ཕྲུག་ཅིག་ཡིན། ང་ཚོ་ནི་མི་རབས་དུ་མའི་རིང་ནོར་ལུག་ཁོ་ནར་བརྟེན་ནས་འཚོ་བ་ཕར་ལ་སྐྱེལ་མཁན་ཤ་སྟག་ཡིན་པས། ནོར་ལུག་ནི་ང་ཚོའི་འཚོ་རྟེན་ཉག་གཅིག་ཏུ་གྱུར་བ་སྨྲ་མི་དགོས། འོན་ཀྱང་། ལོ་ངོ་འགའ་ཤས་ཀྱི་ཡར་སྔོན་དུ་ངེད་ཚོའི་འབྲོག་ཁུལ་དུ་གང་ནས་དར་མིན་ཆ་མི་འཚལ་བའི་དགེ་བཅུའི་ཁྲིམས་ཞེས་པ་ཞིག་དར་ཁྱབ་ཏུ་སོང་བས། དུས་རྒྱུན་ནོར་ལུག་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་མཁན་གྱི་ང་ཚོའི་སྡེ་བའི་ཡུལ་མི་མང་པོ་ཞིག་དུས་དེ་ནས་བཟུང་ནོར་ལུག་གྲོང་ཁྱེར་དུ་དེད་ནས་ཕྱིར་འཚོང་བྱ་མ་ཐུབ་ལ། འཚོང་མཁན་འགའ་རེ་ཡོད་པའང་ཕལ་ཆེ་བ་མཚན་གུང་གི་སྐབས་སུ་གཞན་གྱི་ལྐོག་ཏུ་ཕྱིར་འཚོང་བྱ་དགོས་བྱུང་བས། གལ་ཏེ་ནོར་ལུག་ལྐོག་འཚོང་བྱས་པ་སྡེ་བའི་ཡུལ་མི་གཞན་པས་ཤེས་ན་གཞན་གྱི་ཆད་པ་ལྕི་མོ་གཅོད་ངེས་ཡིན་ལ་གཞན་གྱི་མི་ཁའི་ཁྲོད་འཚོ་དགོས་རྒྱུ་སྨྲ་མི་དགོས། དུས་དེ་ནས་བཟུང་ངེད་སྡེ་བ་ཡི་འབྲོག་པའི་འཚོ་བ་ནི་མར་ངོའི་ཟླ་བ་ཇི་བཞིན་ཇེ་ཞན་ནས་ཇེ་ཞན་དུ་གྱུར་ཞིང་། ཐ་ན་ཁྱིམ་ཚང་ནང་གི་གྲོ་ཞིབ་ཟད་ལ་ཉེ་ཡང་སྔར་བཞིན་བཟོད་སྒོམ་བྱས་ནས་འདུག་དགོས་བྱུང་། ལྷག་པར་དུ་གནས་དེའི་ཁྱིམ་ཚང་འབྱོར་ལྡན་འགས་རང་གི་ནོར་ལུག་མང་དག་ཅིག་དགོན་སྡེར་དེད་ནས་ཚེ་ཐར་དུ་གཏོང་གིན་འདུག་པས། སྐབས་ཤིག་གི་རིང་ང་ཚོ་ནི་འབྲོག་པའི་མིང་ཙམ་ཁུར་ནས་འདུག་དགོས་བྱུང་།  མཐའ་མ་སྡེ་བའི་དུད་ཚང་མང་པོ་ཡུལ་ཁྲིམས་ལ་མ་བཟོད་པར་རང་རང་གི་ནོར་ལུག་དགོན་སྡེར་ཚེ་ཐར་གཏོང་བར་བསྐྱལ་ཏེ་རང་ཡུལ་ཕ་ས་དྲོན་མོ་རྒྱབ་ཏུ་བསྐྱུར་ནས་དབུས་ཕྱོགས་ཉི་མ་ལྷ་སར་གནས་མཇལ་དང་སྦྲགས་མི་ཚེའི་ལམ་བུ་གསར་པ་ཞིག་འཚོལ་བར་འགྲོ་དགོས་བྱུང་། ཁོ་མོ་ཡང་མི་དེ་དག་གི་ཁྲོད་ཀྱི་གཅིག་ཡིན། 


གསུམ།


ཉི་མ་ལྷ་སར་མེ་ཏོག་ལྷ་མཛེས་དང་ཆ་འདྲ་བའི་ཡུལ་གྱར་བ་མང་དག་ཅིག་ཡོད། ཁོ་ཚོས་ཞོགས་པ་སྔ་པོ་ནས་མལ་ལས་ལངས་ཏེ་གཙུག་ལག་ཁང་དུ་ཆོས་མཇལ་ཞུ་བར་འགྲོ་བ་དང་དེ་རྗེས་གྲོང་ཁྱེར་དེ་རུ་ལས་ཀ་སྤྱིར་བཏང་བ་རེ་བཙལ་ཏེ་འཚོ་བ་ཕར་ལ་འཕུད་བཞིན་ཡོད། ཁོ་ཚོའི་ཁྲོད་ཀྱི་འབྱོར་ལྡན་པ་ལ་ལས་ཚོང་གཉེར་ཙག་ཙིག་དོན་དུ་གཉེར་བ་དང་། ལ་ལས་ཨར་སྐྲུན་ལས་གྲྭར་གླ་པ་བྱེད་པ། ལ་ལས་མཐེ་བོང་མཁའ་ལ་བསྒྲེངས་ནས་སློང་མོ་ཡང་བྱེད་ཀྱིན་ཡོད། 


     མེ་ཏོག་ལྷ་མཛེས་ནི་གཡུ་མཚོ་ཨར་ཁང་གི་སྦྱིན་བདག་ཡིན། མོའི་སྐད་ཆར་ཉན་ན། མོ་རང་ཐོག་དང་པོར་གྲོང་ཁྱེར་དེ་རུ་གཞན་གྱི་བུ་རྫི་བྱས་ནས་བསྡད།  མ་གཞི་བྱས་ན།  མོ་རང་བུ་རྫི་བྱས་ནས་བསྡད་སའི་སྦྱིན་བདག་གཉིས་པོས་མོ་རང་རྗེས་སུ་གྲོང་ཁྱེར་དེ་རུ་རང་ཉིད་དང་འཚམས་པའི་ལས་ཀ་ཞིག་འཚོལ་རྒྱུའི་ཁས་ལེན་བྱས་ཡོད་མོད། མོ་རང་གིས་ལྟ་སྐྱོང་བྱ་སའི་བུ་མོ་ཆུང་ཆུང་དེ་ནར་སོན་ནས་སློབ་གྲྭར་འགྲོ་བའི་ལོ་ཚོད་ལ་ཐོན་དུས། སྦྱིན་བདག་གཉིས་པོས་འཚོ་བའི་ཁ་གསབ་སྒོར་ཉིས་སྟོང་མོ་རང་གི་ལག་ཏུ་བཞག་སྟེ་མོ་རང་ཁོ་ཚོའི་སྒོ་ཁ་ནས་ཕྱིར་བསྐྲད་བྱུང་། སྦྱིན་བདག་གིས་མོ་རང་ཁྱིམ་ནས་ཕྱིར་བསྐྲད་རྗེས། མོས་སྔོན་ལ་ཆང་ཁང་ཆུང་ངུ་ཞིག་གཉེར་ནས་བསྡད། དེ་དུས་མོས་ཆང་ཁང་ནང་ཕེབས་པའི་སྐུ་མགྲོན་དེ་དག་དང་ལྷན་དུ་ཆང་འཐུང་བ་དང་། རྒྱན་རྩེད་ལ་ཞུགས་པ། ཐ་ན་སྐབས་རེར་མོས་སྐུ་མགྲོན་མང་དག་ཅིག་དང་ལྷན་དུ་ཉལ་ནས་ལུས་འབྲེལ་ཡང་བྱས་མྱོང་། སྐབས་དེ་དུས་མོ་རང་གཞོན་ནུ་མའི་ལང་ཚོ་དར་ལ་བབས་པའི་དུས་ཡིན་པས། སྐུ་མགྲོན་མང་པོ་ཞིག་གིས་མོ་རང་གི་ངོ་གདོང་སྙིང་རྗེ་མོ་དེ་དང་། བྲང་ཁའི་ངོས་སུ་ལྡེམ་ལྡེམ་འགུལ་བའི་མྱོས་བུམ་ཟུང་ལ་བསམ་གཟས་ཏེ་མོའི་ཆང་ཁང་ནང་ཆང་འཐུང་བར་ཡོང་གིན་ཡོད། མ་གཞི་གྲོང་ཁྱེར་དེའི་ཁུགས་སོ་གང་སར་ཆང་ཁང་ཆུང་ངུ་རེ་གཉེར་ཏེ་མི་ཚེ་ཕར་ལ་འཕུད་བཞིན་པའི་བུ་མོ་མང་དག་ཅིག་ཡོད། ཁོ་ཚོ་ལ་ལ་ནི་རོང་འབྲོག་ཁུལ་ནས་གྲོང་ཁྱེར་དེ་རུ་ཡོང་འབབ་གསོག་པར་ཡོང་བའི་ལས་མི་ཡིན་པ་དང་། ལ་ལ་ནི་ཡིག་རྒྱུགས་མ་འཕྲོད་པར་ལུས་པའི་སློབ་མ་ཡིན། གང་ལྟར་སྐབས་ཤིག་རིང་མོ་རང་ནི་གྲོང་ཁྱེར་དེའི་སྲང་ལམ་དེ་གར་ཆགས་པའི་ཆང་ཁང་གཞན་ལས་རྣམ་པར་རྒྱལ་ཏེ་མོ་རང་གི་ཆང་ཁང་དུ་ཕེབས་པའི་སྐུ་མགྲོན་ནི་བུང་བ་མེ་ཏོག་གི་ཟེའུ་འབྲུར་ཞེན་ཆགས་པ་ཇི་བཞིན་འཚང་ཁ་ཤིག་ཤིག་ངང་ཆང་འཐུང་བར་ཡོང་གིན་ཡོད་པས། མཚན་མོ་གཅིག་གི་རིང་ལ་མོའི་ལག་ཏུ་ཐོབ་པའི་ཡོང་སྒོ་ནི་ལས་བྱེད་པའི་ཟླ་རེའི་ཡོང་འབབ་ལས་མཐོ་བ་ཡོད། འོན་ཀྱང་། ཕྱིས་སུ་མོས་ཆང་ཁང་ནང་ལུས་པོ་འཚོང་བཞིན་པའི་གནས་ཚུལ་སྤྱི་བདེ་མི་སྣས་གོ་སོང་བས། མི་རིང་བར་སྤྱི་བདེ་ཚན་པས་མོ་རང་གི་ཆང་ཁང་གི་སྒོ་ངོས་སུ་སྒོ་ཐེལ་སྦྱར་བས། མོས་ད་གཟོད་མི་འདོད་བཞིན་ཆང་ཁང་དེ་བློས་གཏོང་མི་བྱེད་ཀ་མེད་བྱུང་། སྐབས་དེ་དུས་མོའི་ལག་ཏུ་ཆང་ཁང་གཉེར་ནས་བྱུང་བའི་སྒོར་མོ་མང་པོ་ཞིག་ཡོད་པས། ད་ལྟའི་ཨར་ཁང་དེ་ཚོང་གཉེར་བྱེད་མགོ་ཚུགས། 


མོའི་སྐད་ཆར་ཉན་ན། མོས་ད་ལྟ་ལྷ་ས་ཞེས་པའི་གྲོང་ཁྱེར་དེ་རུ་རྨིད་ངོས་སྙོམས་གྲུ་བཞི་མ་སུམ་བརྒྱ་ལྷག་གི་ཁང་པ་ཞིག་ཉོས་ཡོད་ཚུལ་དང་། དངུལ་ཁང་དུ་སྒོར་མོ་ཁྲི་བརྒྱ་ལྷག་ཙམ་གྱི་བཅོལ་དངུལ་ཡོད་ཚུལ་བཤད། མོའི་མི་ཚེའི་ལོ་རྒྱུས་ལ་རྣ་བ་བླགས་ནས་ཉན་དུས། ངས་སེམས་གཏིང་ནས་མོའི་འཚོ་བ་ལ་ཡིད་སྨོན་གྱི་བསམ་པ་དྲག་པོ་སྐྱེས་བྱུང་ལ། མོའི་ལས་དབང་ལ་སྙིང་རྗེ་ཡི་བསམ་པ་ཞིག་ཀྱང་ངང་གིས་སྐྱེས། ང་དང་མེ་ཏོག་ལྷ་མཛེས་དེ་ལྟར་ཇ་ཁང་ཞིག་ཏུ་ཁ་བརྡ་བྱས་ནས་ཡུན་རིང་འགོར་སོང་བས། ཚ་ཆིལ་ཆིལ་གྱི་ལྷ་སའི་ཉི་འོད་དྲོན་མོ་དེའང་སྔ་མོ་ནས་ཆུ་ལྷའི་ཕང་བར་བཞུད་ཟིན་འདུག ཉི་མ་བུད་ཤུལ་དུ་ས་གཞིའི་ཁྱོན་ལ་གྲང་ཤུར་ཤུར་གྱི་རླུང་བུ་ཞིག་ལྡང་བྱུང་བས། ང་ལ་ཁོག་འདར་ཅིག་ངང་གིས་བརྒྱབ་བྱུང་།   


བཞི།


ལྷ་སའི་ཉི་མ་སླར་ཡང་ཤར་བྱུང་། ཇི་ཙམ་བཀོལ་ཡང་ཟད་མཐའ་མེད་པའི་ལྷ་སའི་ཉི་འོད་ནི་ཅི་འདྲའི་གཏོང་ཕོད་ཆེ་བ་ཞིག་འདུག་ཨང་། ང་རང་དྲོད་ཁོལ་གྱིས་ཕྱུག་པའི་ལྷ་སའི་ཉི་འོད་ལ་དགའ་ཞིང་བཏང་སྙོམས་ཅན་གྱི་ཁོའི་རང་གཤིས་ལ་ཧ་ཅང་དུང་། ངས་ནམ་རྒྱུན་དང་འདྲ་བར་ལྷ་སའི་ཉི་འོད་དྲོན་མོ་ལོངས་སུ་སྤྱོད་ཞོར་གོམ་པ་མདུན་དུ་སྤོས་ཏེ་ལས་ཁུངས་སུ་སྐྱོད། 


ང་ཚོའི་ལས་ཁུངས་ཀྱི་ལས་བྱེད་པ་རྣམས་ནི།  ལྐོག་ཏུ་གཞན་གི་སྐོར་བཤད་རྒྱུར་ཧ་ཅང་དགའ། ཁོ་ཚོ་ནི་ལས་ཀ་མེད་པའི་ལྷ་སའི་ཁྲོམ་གཞུང་ཐོག་གི་ཁྱི་ལྡོམ་དེ་དག་དང་འདྲ་བར་དོན་མེད་དུ་གཞན་ལ་ཟུག་རྒྱུར་ཧ་ཅང་དགའ། དེ་ནི་ཁོ་ཚོའི་རང་གཤིས་ཡིན། ང་རང་གཞུང་ལས་ཁང་གི་སྒོ་ཁར་སླེབས་དུས་མི་མང་པོ་ཞིག་གིས་ང་རང་གི་མིང་ནས་བོས་ཏེ་སྐབས་རེ་སྐད་ཤུགས་ཆེན་པོས་ཁྲེལ་དགོད་བྱེད་ཅིང་། སྐབས་རེ་ཁོ་ཚོ་གཅིག་ཏུ་རུབ་ནས་མུ་མཐུད་དེ་སྐད་ཆ་དབ་དིབ་འགའ་ཕར་ཤོད་ཚུར་ཤོད་བྱེད་བཞིན་གདའ། ཁོ་ཚོའི་ངོ་གདོང་གི་ཁྱོན་ལ་མཐོང་ཆུང་གི་ཉམས་སྣང་ཞིག་ཤར་འདུག ངས་རང་གི་གོམ་པ་ཕྱི་ནུར་འགའ་བྱས་ཏེ་སྒོ་ཁའི་རྒྱབ་ཏུ་ཡིབ་ནས་ཁོ་ཚོའི་གཏམ་ལ་རྣ་བ་བླགས་ཏེ་ཉན་ནས་བསྡད། 


"ཁྱེད་ཚོས་ཤོད་དང་། རིན་ཆེན་ང་ཚོའི་ལས་ཁུངས་སུ་སླེབས་ནས་ལོ་མང་སོང་ཡང་། ཁོས་ད་དུང་ཁང་པ་ཆུང་ངུ་ཞིག་ཀྱང་ཉོ་ཐུབ་མེད"


"ཁོ་ངོ་མ་སྙིང་རྗེ་སྐྱེ་དགོས་པ་ཞིག་འདུག"


"ཁང་པ་ཉོ་རྒྱུ་ཕར་ཞོག ཐ་ན་རླངས་འཁོར་ཆུང་གྲས་ཤིག་ཀྱང་ཉོ་ཐུབ་མེད"


"ལས་བྱེད་ཟེར་ཡང་སློང་མོ་བ་ཞིག་ལས་ཀྱང་སྐྱོ་བ་འདུག"


 ཁོ་ཚོའི་སྐད་ཆ་གྲང་རླུང་ཞིག་དང་འདྲ་བར་ངའི་རྣ་ལམ་དུ་དལ་གྱིས་མཆེད་བྱུང་། ཁོ་ཚོའི་སྐད་ཆ་རྣ་བར་ཐོས་པས་ངའི་སེམས་ལ་ཁོང་ཁྲོའི་མེ་ལྕེ་ཞིག་ངང་གིས་འབར་བྱུང་ཡང་ངས་རང་སེམས་ཀྱི་མེ་ལྕེ་དེ་ཕྱིར་མི་གནོན་ཀ་མེད་བྱུང་། ངས་རྣ་བར་གཟན་འོང་བའི་ཁོ་ཚོའི་སྐད་ཆ་དེ་དག་ལ་དོ་སྣང་མ་བྱས་པར་ཐད་ཀར་རང་གི་འདུག་སྟེགས་ཀྱི་འཁྲིས་སུ་ཕྱིན་ནས་བོད་ཡིག་གི་ཚགས་པར་ཞིག་ལ་ལྟ་བཞིན་བསྡད། ཉིན་དེར་སེམས་པ་ལྷོད་ལ་ཕབ་ནས་ལས་ཀ་བྱེད་འདོད་ཀྱི་དང་ཁ་ཡེ་ནས་མིན་འདུག 

 ལྷ་སའི་ཉི་འོད་ནི་སུ་ཞིག་གིས་གདན་དྲངས་པ་མི་ཤེས་མོད་ནུབ་ཁའི་མཚམས་སྤྲིན་གྱི་སྐྱེལ་མའི་འོག་དལ་བ་དལ་བུར་ཆུ་ལྷའི་མཁའ་མཐའ་ནས་ནུབ་རིའི་ཕང་བར་བཞུད་སོང་། 

ཉིན་དེའི་མཚན་མོར་ངས་ཉེ་འགྲམ་གྱི་ཆང་ཁང་ཞིག་ཏུ་ཝུ་ཆང་འཐུང་བཞིན་བསྡད།  གྲོང་ཁྱེར་དེར་མི་ཚོགས་རྒྱ་མཚོ་འཁྱོམས་པ་ཇི་བཞིན་ཧ་ཅང་མང་ཡང་། ང་ལ་ཝུ་ཆང་དེ་ལས་སྙིང་གཏམ་བཤད་ཡུལ་ཞིག་གཏན་ནས་མ་རྙེད།  


ངས་ཝུ་ཆང་ཡིད་ཚིམས་པ་ཞིག་བཏུང་རྗེས། དལ་བ་དལ་བུར་ཁྱིམ་ལ་ལོག་པའི་ལམ་དུ་ཞུགས། ལྷ་སའི་མཚན་མོ་ནི་ངོ་མ་ཡིད་དུ་འོང་བ་ཞིག་རེད། ང་རང་ལྷ་སའི་ཉི་འོད་ལ་དགའ་བ་ཇི་བཞིན་ལྷ་སའི་མཚན་མོའི་ཡུལ་ལྗོངས་ལའང་དལ་གྱིས་མོས་པར་གྱུར། ངས་ལྷ་སའི་མཚན་མོའི་དམར་ཆེམ་ཆེམ་གྱི་གློག་འོད་འོག་གོམ་པ་མདུན་དུ་སྤོས་ནས་རང་ཁྱིམ་གྱི་ཕྱོགས་སུ་བསྙེགས། གློ་བུར་དུ་ང་དང་རྒྱང་ཐག་མི་རིང་བའི་ས་ན་བུད་མེད་གཅིག་གིས་སྐྱེས་པ་ཞིག་གི་ལག་ནས་འཇུས་ཏེ་གློག་དམར་ཆེམ་ཆེམ་དུ་འཕྲོ་བའི་ཁང་ཆུང་ཞིག་གི་ནང་དུ་བཙན་གྱིས་འཁྲིད་བཞིན་འདུག བུད་མེད་དེའི་ངོ་གདོང་ཁྲ་ཁྲ་སིལ་སིལ་གྱི་རས་ལྷེབ་མོ་ཞིག་གིས་ཡོངས་སུ་བཏུམས་འདུག་མོད། མོའི་རྒྱབ་གཟུགས་ལ་བལྟས་ན་ང་ལ་རྒྱུས་མངའ་ཆེན་པོ་ཞིག་ཡོད་པའི་ཚོར་སྣང་སྦྱིན་འོང་། ངས་དེ་འཕྲལ་གོམ་པ་ཇེ་མགྱོགས་སུ་བཏང་ནས་བུ་མོ་དེའི་ཕྱོགས་སུ་སོང་བས། བུ་མོ་དེས་ང་རང་མཐོང་མ་ཐག་དེ་མ་ཉིད་དུ་སྐྱེས་པ་དེའི་ལག་པ་ནས་གློད་དེ་མགོ་བོ་པུས་མོའི་བར་དུ་དུད་ནས་བསྡད་བྱུང་། ཁོ་མོ་ནི་ངའི་སློབ་གྲོགས་དང་ང་དང་ཕ་ཡུལ་གཅིག་པའི་བུ་མོ་མེ་ཏོག་ལྷ་མཛེས་རེད་འདུག ངོ་མ་བསམ་ཡུལ་ལས་འདས་སོང་། "ང་ཚོའི་ཕ་ཡུལ་གྱི་ཞབས་འདྲེན་རང་རེད"ངས་དེ་ལྟར་སེམས་བཞིན་མོའི་ཕྱོགས་སུ་རང་ཤུགས་ཀྱིས་ཁོང་ཁྲོ་ཞིག་ལངས་བྱུང་། མོས་ངའི་རྣམ་འགྱུར་གྲང་ཤུར་ཤུར་དེ་མཐོང་བས། མཆི་མ་ནི་མུ་ཏིག་གི་ཕྲེང་ཐག་ཆད་པ་ཇི་བཞིན་འབབ་བཞིན་འདུག མོས་ངའི་ལག་པ་ནས་འཇུས་ཏེ་ན་རེ།"ཁྱེད་ཀྱིས་ང་ལ་མཐོང་ཆུང་བྱེད་བཞིན་ཡོད་པ་ངས་གསལ་པོར་ཤེས་ཡོད། འོན་ཀྱང་། ང་ཚོ་ཡུལ་གྱར་བའི་ཉམ་ཐག་བུ་མོ་ཞིག་ལ་ཆ་མཚོན་ན། གྲོང་ཁྱེར་ཆེན་མོ་འདི་རུ་འཚོ་བ་འཁྱོལ་ཐབས་ཤིག་ག་ལ་ཡོད། ང་ཡང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བས། ད་གཟོད་ལས་ངན་འདི་འདྲ་ཞིག་ལས་དགོས་བྱུང་བ་མ་ཡིན་ནམ"ཞེས་བཤད་བྱུང་། མོའི་སྐད་ཆར་ཉན་རྗེས། ངས་རང་དབང་མེད་པར་ཕ་ཡུལ་དང་ཕ་ཡུལ་གྱི་འབྲོག་པ་ཚོའི་ཉམ་ཐག་པའི་འཚོ་བ་དེ་དྲན་བྱུང་། 


མཚན་མོ་དེར། གྲང་རླུང་ཞིག་འུར་འུར་དུ་ལྡང་བྱུང་། མཐོ་སྒང་གི་དགུན་ཁའི་རླུང་བུ་ནི་སྙིང་རྗེ་ཅི་ཡང་མེད་པའི་མཆེ་སྡེར་རྣོན་མོ་ཞིག་དང་ཆ་འདྲ་བར་ངའི་ལུས་ཀྱི་སྟོད་སྨད་གང་སར་ཕྱོགས་རིས་མེད་པར་དལ་གྱིས་ལྡང་བྱུང་བས། ངའི་མགོ་ཐོག་གི་སྐྲ་ལོ་ཟང་ཟིང་དུ་གྱུར་ཞིང་། བྲང་ཁོག་གི་སྙིང་ཆུང་ཕྲ་མོ་དེའང་འཁྱག་སིབ་སིབ་ཏུ་བཏང་། མོས་རླུང་བུ་ངར་མོའི་གྲང་ངར་ལ་མ་འཛེམས་པར་སྔར་རྒྱུན་བཞིན་གོས་ཐུང་སྲབ་མོ་དེ་ལུས་ལ་གྱོན་ནས་གློག་འོད་ཆེམ་ཆེམ་དུ་འཕྲོ་བའི་ཁང་ཆུང་དེའི་སྒོ་ཁ་དེ་རུ་ཀྲོང་ངེར་ལངས་ནས་ཧད་འདུག


ལྔ།


ཞོགས་པ་དེར་ངས་རྒྱུན་གཏན་ཇི་བཞིན་ལས་ཁུངས་སུ་ལས་ཀ་བྱེད་པར་ཕྱིན། ལས་ཁུངས་སུ་སླེབས་རྗེས། ལས་གྲོགས་མང་པོ་ཞིག་གིས་ཁ་སྔོན་ལྟར་ལྐོག་ཏུ་ལབ་གླེང་སྣ་ཚོགས་བྱེད་ཀྱིན་འདུག 


    "མདང་ནུབ་རིན་ཆེན་དང་སྨད་འཚོང་མ་ཞིག་ཁ་བརྡ་བྱེད་ཀྱིན་འདུག"


"ངོ་མ་ཨེ། ཞབས་འདྲེན་རང་རེད"


"ད་ནི་མི་ངན་དེས་ང་ཚོའི་ལས་ཁུངས་ཀྱི་མཚན་སྙན་ཡང་བརླག་ཉེན་འདུག"


"……"


ཉི་འོད་སྔར་རྒྱུན་བཞིན་ཚ་ཆིལ་ཆིལ་ངང་འདུ་འཛིས་ཕྱུག་པའི་གནའ་བོའི་གྲོང་ཁྱེར་འདིར་དལ་གྱིས་འཕྲོ་འོང་། ནམ་རྒྱུན་ང་རང་ལྷ་སའི་ཉི་འོད་ལ་ཧ་ཅང་དགའ་ཡང་དེ་རིང་ཚ་དྲོད་ཅན་གྱི་ལྷ་སའི་ཉི་འོད་ངར་མོས་ང་རང་གི་མིག་ཟུང་གཟན་པར་གྱུར་ཏེ།  ཉི་འོད་དེ་ལའང་སྡང་སེམས་ཀྱི་བསམ་པ་དྲག་པོ་ཞིག་རང་ཤུགས་ངང་སྐྱེས་ནས་ངས་རེ་ཞིག་རང་ཉིད་གང་དུ་འགྲོ་དགོས་པའང་མི་ཤེས་པར་གྱུར།


ལྷ་སའི་ཉི་འོད་སྔར་རྒྱུན་བཞིན་ཚ་ལམ་ལམ་དུ་འཕྲོ་འོང་། ལྷ་སའི་ཉི་འོད་ཚ་དྲོད་ཀྱིས་ཕྱུག་ཀྱང་། ང་ལ་གློ་བུར་དུ་གྲང་འདར་ཞིག་བརྒྱབ་བྱུང་། 



ཨ་ཁུ་སྐྱ་བྷ་དང་ཁོའི་ཕྱི་རབས་པའི་གཏམ་རྒྱུད།

 



 ཀ


ཨ་ཁུ་སྐྱ་བྷ་བོད་ཟླ་དང་པོའི་གནམ་གང་གི་དགོང་མོར་ཚེ་ལས་འདས་སོང་། དེ་དུས་ཨ་ཁུ་སྐྱ་བྷ་ལོ་ངོ་བཞི་བཅུར་སླེབས་མ་ཐག་ཡིན། 


ཨ་ཁུ་སྐྱ་བྷའི་མི་ཚེའི་ལོ་རྒྱུས་བཤད་ན། ཨ་ཁུ་སྐྱ་བྷ་ལོ་ན་གཞོན་གཞོན་ཡིན་དུས། ཁོས་བོའུ་རིང་དེ་རྒྱབ་ཏུ་ཁུར་ནས་རི་འདབས་ཀྱི་ནགས་ཚལ་ཀློང་དུ་སོང་སྟེ་ཤྭ་བ་དང་། གླ་བ།   རྐྱང་ལ་སོགས་པའི་རི་སྐྱེས་ཀྱི་སྲོག་ཆགས་མང་དག་ཅིག་གི་སྲོག་འཕྲོག དེ་རྗེས་ཡང་གཡོན་ཐལ་ལམ་ཕྱོགས་ཀྱི་ལས་འགུལ་ནང་ཞུགས་ཏེ་དགོན་སྡེ་མང་དག་ཅིག་གཏོར་བཤིག་ཏུ་བཏང་བ་དང་། དཔེ་ཆ་མང་དག་ཅིག་མེར་བསྲེགས་པ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་མང་དག་ཅིག་ཆུ་ལ་བསྐུར་བ། མི་མང་པོ་ཞིག་གི་མགོ་ལ་ཞྭ་ནག་བསྐོན་ཏེ་བཙོན་རར་བཅུག་པ་སོགས་ཀྱི་ལས་ངན་མང་པོའི་ནང་ཞུགས་མྱོང་། སྐབས་དེ་དུས་སྡེ་བའི་གཞོན་སོ་དཀར་ནས་རྒན་མགོ་དཀར་ཀུན་གྱིས་ལྐོག་ཏུ་ཁོའི་མིང་ནས་མི་འབོད་པར་ཁོ་ལ་"ཨ་ཁུ་གདོན་འདྲེ"ཞེས་བོས་ཏེ་སྡེ་བའི་དུད་ཚང་མང་པོས་ཨ་ཁུ་སྐྱ་བྷ་ཚང་དང་འབྲེལ་ཐག་བཅད་ནས་ཁོ་ཚང་དང་རྒྱང་དུ་བཀྱེད་པར་བྱེད། ལྷག་པར་དུ"སྐྱིད་ན་ནམ་མཁའི་བྱ་ཡང་འཁོར། སྡུག་ན་མཆན་གྱི་བུ་ཡང་འགྲོ"ཟེར་བའི་རང་རེའི་གཏམ་དཔེ་ལྟར། དུས་ཚོད་རིང་པོ་ཞིག་གི་ནང་དུ་ཁོའི་བུ་ཕྲུག་ཚོས་ཀྱང་ཁོ་རང་ལ"གཤིན་རྗེའི་གྲོགས།   གླང་དར་གྱི་རྒྱུད"ཅེས་སྨྲས་ཏེ་ཁོ་རང་གཅིག་པུ་ཤུལ་དུ་བསྐྱུར་ནས་སྡེ་བ་དེ་ལས་རྒྱང་དུ་གྱེས་སོང་། འོན་ཀྱང་། དེ་ནི་ཨ་ཁུ་སྐྱ་བྷའི་གཞོན་དུས་ཀྱི་ལོ་རྒྱུས་ཡིན། ཕྱིས་སུ་ཨ་ཁུ་སྐྱ་བྷ་ནི་དེ་འདྲའི་སྡིག་ཅན་ཞིག་དང་ཉེས་ཅན་ཞིག་གཏན་ནས་མ་རེད།


དེ་ཡང་ཆོས་ལུགས་དད་མོས་རང་དབང་ཡིན་པའི་བསིལ་རླུང་འཇམ་པོ་དེ་མཐོ་སྒང་གི་ཡུལ་གྲུར་དལ་གྱིས་ལྡང་བ་ནས་བཟུང་། ཨ་ཁུ་སྐྱ་བྷའི་སྡིག་ཉེས་ཀྱི་འཁྱག་རོམ་མཐུག་པོ་དེ་དལ་གྱིས་བཞུར་བྱུང་། དེའང་རང་རེའི་གཏམ་དཔེར། "རྟོགས་པ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་བསྟུན་དགོས"ཞེས་པ་ལྟར། ཨུ་ཁུ་སྐྱ་བྷས་ཀྱང་དུས་དེ་ནས་བཟུང་སྡེ་བའི་ཡུལ་སྲོལ་ལྟར་ཁོས་རང་གི་བུ་རྒན་པ་ཚེ་རིང་དགོན་སྡེར་བསྐྱལ་བ་མ་ཟད། ད་དུང་ཁོ་རང་སྐུ་ངོ་མ་ལྷ་སར་སོང་སྟེ་རྒྱལ་བ་ཡབ་སྲས་གསུམ་གྱི་སྐུ་བརྙན་རང་ཁྱིམ་དུ་གདན་དྲངས། ཨ་ཁུ་སྐྱ་བྷའི་སྦྱོར་བ་དེ་དག་སྡེ་པའི་ཡུལ་མི་རྣམས་ཀྱིས་མཐོང་དུས་ཁོ་ཚོས"ད་ནི་ངེད་སྡེ་པའི་ཨ་ཁུ་གདོན་འདྲེ་ཞུགས་པ་འདྲ་བོ་ཁོ་མི་མི་རྐྱང་དུ་གྱུར་འདུག་ག"ཞེས་བསྟོད་པ་སྣ་ཚོགས་བྱེད་ཀྱིན་ཡོད་ལ། སྔོན་ཆད་ལྟར་ཁོ་ལ་"ཨ་ཁུ་གདོན་འདྲེ"ཞེས་མི་འབོད་པར་"ཨ་ཁུ་སྐྱ་བྷ"ཞེས་ཁོ་རང་གི་དངོས་མིང་ནས་འབོད་མགོ་ཚུགས།   ཁོའི་བུ་ཕྲུག་ཚོས་ཀྱང་དུས་དེ་ནས་བཟུང་ཨ་ཕས་བཤད་པའི་སྐད་ཆ་རྣ་བའི་རྒྱབ་ཀྱི་རླུང་བུར་མི་བསྐུར་བར་ཨ་ཕས་ཅི་ཞིག་བཤད་ཀྱང"ལགས་སོ། ལགས་སོ"ཞེས་ཁས་ལེན་ཚིག་བརྩི་ཞུ་བར་བྱེད།   གང་ལྟར་དུས་དེ་ནས་བཟུང་ཨ་ཁུ་སྐྱ་བྷ་ནི་སྡེ་བའི་ཡུལ་མི་ཀུན་གྱིས་མཐེ་བོང་བསྒྲེངས་ནས་བསྟོད་ཡུལ་དང་། དོན་དག་ཅི་ཞིག་ཡིན་རུང་གྲོས་འདྲི་སའི་མི་བློས་ཐུབ་ཅིག་ཏུ་གྱུར་སོང་། 



ཨ་ཁུ་སྐྱ་བྷ་ཁྱོ་ཤུག་གཉིས་ལ་སྔ་ཕྱིར་ཁྱོན་བུ་ཕྲུག་གསུམ་བཙས་ཤིང་། རྒན་པ་གཉིས་ནི་བུ་དང་ཆུང་བ་ནི་བུ་མོ་ཡིན། བུ་རྒན་པ་ཚེ་རིང་ནི་སྡེ་པའི་ལུགས་སྲོལ་ལྟར་ད་ལྟ་དགོན་སྡེར་རབ་བྱུང་སྒྲུབ་བཞིན་ཡོད་ཅིང་། བུ་གཞོན་པའི་མིང་ལ་ཚེ་ཐར་ཟེར། ཚེ་ཐར་ཞེས་མིང་འདོགས་དོན་ཡང་ཁོ་རང་ཨ་མའི་མངལ་ནས་སྐྱེས་མ་ཐག་ན་ཚ་ཁྱད་མཚར་ཞིག་ཕོག་སྟེ་འཆི་ལ་ཉེ་བའི་ཚད་ལ་སླེབས་པས། ཁོའི་ཨ་ཕས་ཁོ་རང་ལྷ་སའི་ཇོ་བོ་མཇལ་དུ་ཁྲིད་དེ་བཅའ་བ་དང་རིམ་གྲོ་ཆོ་ག་མང་དག་ཅིག་བསྒྲུབས་རྐྱེན། ཁོའི་ན་ཚ་སྐད་ཅིག་ཉིད་དུ་དྲག་སྐྱེད་བྱུང་བས། ཁོའི་ཨ་ཕས་ད་གཟོད་ཁོ་རང་སྲོག་ཉེན་ལས་ཐར་བའི་རྟེན་འབྲེལ་དུ་མིང་དེ་འདྲ་ཞིག་བཏགས་པ་རེད།   ཁོའི་བུ་མོའི་མིང་ལ་གཡང་མཚོ་ཟེར་ཞིང་། མོ་ནི་ལོ་ངོ་གཉིས་ཀྱི་ཡར་སྔོན་དུ་ཨ་ཕས་སྡེ་པའི་ནང་གི་དུད་ཚང་ཕྱུག་བདག་ཅིག་ཏུ་མནའ་མར་བྱིན། 


 ད་ལྟ་ཨ་ཁུ་སྐྱ་བྷ་ཚང་ལ་ཁོ་རང་ཁྱོ་ཤུག་གཉིས་དང་བུ་འབྲིང་པ་ཚེ་ཐར་ལས་མེད། དེས་ན་བུ་ཚེ་ཐར་ནི་ཨ་ཁུ་སྐྱ་བྷ་ཚང་གི་མི་རྒྱུད་འཛིན་མཁན་གཅིག་པུ་དེར་གྱུར་པས། ཨ་ཕས་དུས་རྒྱུན་ཁོའི་ལག་པ་ནས་འཇུས་ཏེ་ཧ་ཅང་སྒམ་བརླིང་ལྡན་པའི་ངང་བཤད་དོན"བུ། ད་ནི་ཨ་ཕ་ལོ་ན་རྒས་པས། ཁྱོད་ཀྱིས་ཨ་ཕའི་རྗེས་ཤུལ་བསྐྱངས་ནས་ངེད་ཕ་རྒྱུད་གངས་རི་དཀར་པ་འདྲ་བ་འདི་རྒྱུད་པ་གཏན་ནས་ཆད་དུ་འཇུག་མི་ཉན"ཞེས་ཡང་ཡང་སྐུལ་བར་བྱེད། བུས་ཀྱང་ཨ་ཕའི་གདོང་ལ་མིག་ཟུང་ཅེར་ནས"ཨ་ཕ། ཁྱེད་སེམས་བདེ་མོ་བྱོས། བདེ་མོ་བྱོས"ཞེས་བརྗོད་པར་བྱེད་པས།  ཨ་ཕའི་ངོ་གདོང་ནས་ཀྱང་སྤྲོ་བའི་འཛུམ་མདངས་ཤིག་ངང་གིས་ཕྱིར་ཕྱུངས། དེ་ནས་ཉིན་ཤས་འདས་རྗེས་ཨ་ཁུ་སྐྱ་བྷས་རང་ཁྱིམ་གྱི་རྟ་ཕོ་གཡུ་འབྲུག་འདྲ་བ་དེ་ལ་བཞོན་ནས་རྫོང་མཁར་དུ་གྲོ་ཉོ་བར་སོང་ཡང་། བསམ་ཡུལ་ལས་འདས་པ་ཞིག་ལ་རྟ་ཕོ་གཡུ་འབྲུག་འདྲ་བ་དེ་གློ་བུར་དུ་འདྲོགས་ནས་སྨྱོས་པ་ལྟར་གང་སར་ཕར་རྒྱུགས་ཚུར་རྒྱུགས་བྱས་པས། ཅང་མ་འགོར་བར་ཨ་ཁུ་སྐྱ་བྷ་རྟ་ཐོག་ནས་གཡང་ལ་ལྷུང་སྟེ་རང་སྲོག་ཤོར། 


ཨ་ཁུ་སྐྱ་བྷ་དེ་ལྟར་བོད་ཟླ་དང་པོའི་གནམ་གང་གི་ཉིན་མོར་ཚེ་ལས་འདས་སོང་། ཨ་ཁུ་སྐྱ་བྷ་ཚེ་ལས་འདས་པ་སྡེ་པའི་མི་རྣམས་ཀྱིས་ཤེས་དུས། འགའ་རེས"དེ་ནི་ཨ་ཁུ་སྐྱ་བྷས་ཚེ་སྟོད་ལ་བསགས་པའི་སྡིག་ཉེས་ཀྱི་འབྲས་བུ་རེད"ཅེས་ཤོད་པ་དང་། ཡང་འགའ་རེས"དེ་ནི་ཕལ་ཆེར་ཁོ་རང་གི་ལས་ཡིན་གྱི་རེད"ཅེས་རྗོད་ཀྱིན་འདུག གང་ལྟར། ཨ་ཁུ་སྐྱ་བྷ་ལ་དུར་མཆོད་བྱེད་པའི་ཉིན་དེར། སྡེ་པའི་མི་མང་པོས་ལག་ཏུ་བདུགས་སྤོས་རེ་བཟུང་སྟེ་ཨ་ཁུ་སྐྱ་བྷར་སྐྱེལ་མ་བྱེད་པར་ཐོན་འདུག


 ག


ཨ་ཁུ་སྐྱ་བྷ་དེ་ལྟར་འཇིག་རྟེན་འདི་ལས་རྒྱང་དུ་གྱེས་སོང་། ད་སོ་མ་བདེ་མོ་ཐང་ཐང་གི་མི་ཞིག་གཤིན་རྗེ་དཀར་ནག་གཉིས་པོས་དེ་ལྟར་ཕྱི་མའི་ལམ་དུ་བཙན་གྱིས་ཁྲིད་སོང་། ཨ་ཁུ་སྐྱ་བྷ་བཞུད་པའི་ཉིན་མོ་དེར་ནམ་མཁའི་ཁྱོན་དུ་སྤྲིན་དཀར་གྱི་ཚོམ་བུ་འགའ་བག་ཡངས་སུ་རྒྱུ་བཞིན་འདུག ཚེ་ཐར་གྱིས་མགོ་བོ་ཡར་ལ་དགྱེ་ནས་མཁའ་རུ་རྒྱུ་བཞིན་པའི་སྤྲིན་དཀར་ལ་ལྟ་བཞིན་བསྡད། སྤྲིན་དཀར་གྱི་ཚོམ་བུ་དེ་དག་ལ་ལ་རྟ་ལ་བཅིབས་ནས་འགྲོ་བའི་ཨ་ཕའི་སྣང་བརྙན་གྱི་གཟུགས་སུ་ཤར་ཞིང་། ལ་ལ་ནི་ཨ་ཕས་མཁའ་དབྱིངས་ཀྱི་དབུས་ནས་རང་ཉིད་ལ་ལྟ་བཞིན་པའི་གཟུགས་བརྙན་དུ་གྱུར་ནས་ཁོའི་སེམས་པ་མཁའ་ཡི་སྤྲིན་དཀར་དེ་དག་དང་ཆ་འདྲ་བར་དགུང་མཁའ་དབྱིངས་སྔོན་མོར་ལིང་ལིང་ངང་གཡོ་བཞིན་འདུག


ཨ་ཁུ་སྐྱ་བྷ་འདས་རྗེས། ཁྱིམ་ཚང་གི་འགན་འཁྲི་མཐའ་དག་ཁོའི་བུ་ཚེ་ཐར་གྱི་ཕྲག་ཐོག་ཏུ་བབས། བུ་ཚེ་ཐར་གྱིས་ཨ་ཕའི་འདས་མཆོད་རྣམས་ལེགས་པར་བྱས་རྗེས། རང་ཁྱིམ་དུ་ཕྱིར་ལོག་བྱས་བྱུང་། ཁྱིམ་དུ་འབྱོར་དུས་ཨ་མའི་ངུ་མཚམས་ད་དུང་ཆད་མི་འདུག ཨ་མས་བུ་ཁྱིམ་དུ་སླེབས་པ་ཤེས་རྗེས་དེ་མ་ཉིད་དུ་ཁོའི་གམ་དུ་ཡོང་ནས་ཁོའི་མགྲིན་པར་འཁྱུད་ཞོར"བུ། རང་གི་ཕ་རྒན་ཚེ་ཐག་གཏན་ནས་བྱུང་མ་སོང་། ད་སོ་མ་ལོ་བཞི་བཅུར་སླེབས་མ་ཐག་ཡིན་ཡང…… ཧིན"ཞེས་མུ་མཐུད་ནས་ངུས་བྱུང་། ཁོས་ཨ་མའི་མགོ་བོ་རང་གི་བྲང་གཞུང་དུ་སྦྱར་ནས"ཨ་མ། ད་མ་ཤུམ། ང་ཚོའི་མིག་ཆུ་གཤིན་པོའི་མིག་ནང་ཁྲག་ཏུ་འགྱུར་འགྲོ་བ་མ་ཡིན་ནམ"ཞེས་བཤད་དེ་ཨ་མར་མིག་ཆུ་གཏོང་མི་ཉན་པའི་ཁ་ཏ་བྱས། 


ཨ་ཁུ་སྐྱ་བྷ་གྲོངས་ནས་ཉིན་ཤས་འདས་རྗེས། ཁོ་ཚང་དུ་ཆོས་གོས་གྱོན་པའི་རབ་བྱུང་བ་གསུམ་ཕེབས་བྱུང་། རབ་བྱུང་བ་དེ་དག་གིས་བཤད་ན་ཁོའི་ཨ་ཕ་ནི་ངེད་ཇོ་ནང་གྲུབ་མཐའི་བླ་མ་ཆེ་གེ་མོའི་རྒྱུད་པ་ཡིན་ཚུལ་བརྗོད་དེ། ཁོའི་ཨ་ཕ་ད་ལྟ་གང་དུ་ཡོད་མེད་དྲིས་བྱུང་། རབ་བྱུང་བ་དེ་དག་གིས་ཁོའི་ཨ་ཕའི་སྐོར་འདྲི་སྐབས། ཁོའི་ཨ་མ་ནི་སྐད་ཆ་ཚིག་གཅིག་ཀྱང་ངག་ནས་མ་ཐོན་པར་མིག་ཆུ་ཁྲུམ་ཁྲུམ་དུ་བཞུར་བྱུང་བས། བུ་ཚེ་ཐར་གྱིས་ཨ་མའི་མིག་མཐར་འཁྱིལ་བའི་མཆི་མ་འབྱིད་བཞིན་ཧ་ཅང་སྐྱོ་ཉམས་ལྡན་པའི་ངང"ང་ཚོའི་ཨ་ཕ་ཉེ་ཆར་གྲོངས་སོང"ཞེས་རབ་བྱུང་བ་དེ་དག་ལ་ཞུས་པས། རབ་བྱུང་བ་དེ་དག་གི་མིག་མཐའ་ལའང་མཆི་ཞགས་ཅིག་ངང་གིས་འཁྱིལ་བྱུང་། 


དེ་ནས་ཉིན་ཤས་འདས་རྗེས། དེ་སྔོན་གྱི་རབ་བྱུང་བ་གསུམ་པོས་སྤྱན་རས་གཟིགས་དང་། ཇོ་བོ་ཤཱཀྱ་མུ་ནེ། གུ་རུ་རིན་པོ་ཆེ། ད་དུང་ཁོང་ཚང་གི་མི་རྒྱུད་དུ་འགྲོ་བའི་བླ་མ་གོང་མའི་སྐུ་བརྙན་སོགས་མང་དག་ཅིག་བསྣམས་ནས་ཁོ་ཚང་གི་མཆོད་ཁང་ནང་བཤམས་བྱུང་། ཁོང་ཚང་དུ་བླ་མ་དེ་འདྲ་ཕེབས་པ་སྡེ་བའི་ཡུལ་མི་རྣམས་ཀྱིས་ཤེས་རྗེས་ཁོ་ཚོས་མྱུར་དུ་དཀར་གཙང་གི་མཇལ་དར་རེ་ལག་ཏུ་ཐོགས་ནས་ཁོ་ཚང་དུ་འཚང་ཁ་ཤིག་ཤིག་ངང་སླེབས་བྱུང་། རབ་བྱུང་བ་དེ་དག་གི་ཁྲོད་ནས་དགུང་ལོ་ཅུང་ཟད་བགྲེས་པ་ཞིག་གིས་ཚེ་ཐར་གྱི་ལག་པ་ནས་འཇུས་ཏེ"བུ། ང་ཚོས་བླ་མ་གོང་མ་དམ་པའི་མི་རྒྱུད་བཙལ་རྙེད་ཐུབ་པས་ཧ་ཅང་གི་དགའ་པོ་བྱུང་། ཁྱོད་ཀྱི་ཨ་ཕ་འདས་ཟིན་ཡང་བུ་ཁྱོད་ཀྱིས་དུས་རྒྱུན་ལས་ཞོར་དུ་ཆོས་ཐན་ཐུན་རེ་ཀློག་རྒྱུ་མ་བརྗེད་པ་གྱིས་ཤིག ལྷག་པར་དུ་ཁྱོད་ཀྱིས་རང་གི་མི་རྒྱུད་གཙང་མ་དེ་ལ་བདག་པོ་གང་ལེགས་གནང་རོགས"ཞེས་བཀའ་མངགས་གནང་རྗེས། ཕྱིར་རང་རང་གི་དགོན་པར་ལོག་ཕེབས་སོང་། གང་ལྟར་དུས་དེ་ནས་བཟུང་། མི་ཚང་མས་ཨ་ཁུ་སྐྱ་བྷ་ཚང་ནི་བླ་མའི་རྒྱུད་པ་རེད་ཅེས་སྨྲས་ཏེ་མི་རིང་བར་ཁོ་ཚང་གི་མཚན་སྙན་དེ་སྡེ་པའི་ཁྱོན་ལ་དྲི་བཞོན་བཞིན་དལ་གྱིས་ཁྱབ་སོང་།



ལོ་དེའི་དབྱར་ཁར་ཆར་ཆུ་ཧ་ཅང་དཀོན་པས། ནོར་ལུག་གི་ཤ་ཤེད་ཞན། ཚེ་ཐར་གྱིས་གཙོས་པའི་སྡེ་པའི་གསར་བུ་ཚོས་རང་རང་གི་རྟ་ལ་བཞོན་ནས་རྫོང་མཁར་དུ་ཡོང་འབབ་ཕྲན་བུར་དམིགས་ཏེ་ཕྱིན། 


རྫོང་མཁར་ཆུང་ཆུང་དེ་གཞི་རྒྱ་ཆེན་པོ་མེད་རུང་འཁྲུག་ཆ་དོད་པོ་ཞིག་འདུག གནས་དེར་མི་ཚོགས་གྲོག་ཚང་བ?ལ་བ་ཇི་བཞིན་ཧ་ཅང་སྡུག་ལ། རླངས་འཁོར་གྱི་གྲངས་ཚད་ཀྱང་ཁོ་ཚོའི་སྡེ་པའི་ནོར་ལུག་ལས་ད་དུང་མང་བའི་ཚད་ལ་སླེབས་འདུག ཚེ་ཐར་ནི་ཆུང་ངུའི་དུས་ནས་སློབ་གྲྭར་ལོ་འགའ་ཤས་འགྲོ་མྱོང་བས་རྒྱ་སྐད་ཕྲན་བུ་ཤེས་ཀྱི་ཡོད་སྟབས། སྡེ་པའི་གསར་བུ་གཞན་ལྟར་ས་?་སྒལ་པར་ཁུར་ནས་ཨར་ལས་བྱ་དགོས་མ་བྱུང་བར་ཉེ་འགྲམ་གྱི་འཚོང་ཁང་ཞིག་གི་ནང་དུ་གླ་པ་བྱས་ནས་བསྡད། ཚོང་ཁང་དེའི་སྦྱིན་བདག་མ་ནི་ལོ་ན་ཉི་ཤུ་ལྷག་ཙམ་ཞིག་ཡིན། མོས་ཚེ་ཐར་ལ་འཕྲུལ་རྟ་འཁོར་གསུམ་ཅན་ཅིག་ནས་འཚོང་ཁང་གི་ཚོང་ཟོག་ཕར་སྐྱེལ་ཚུར་དབོར་བྱེད་དུ་བཅུག མ་གཞི་ཚེ་ཐར་གྱི་གཟུགས་བོང་ཆེ་རྒྱུ་མེད་ཀྱང་ཁོས་སྦྱིན་བདག་མ་དེའི་ཁ་ལ་ཉན་པོ་བྱས་ཏེ་སྒྱིད་ལུག་མེད་པར་ལས་ཀ་རྣམས་ཧུར་ཐག་གིས་བསྒྲུབས་པས། སྦྱིན་བདག་མ་དེ་ཡང་ཚེ་ཐར་ལ་དགའ་བར་གྱུར་ལ། ཚེ་ཐར་གྱི་ལག་པ་གཙང་མ་ཡིན་པས་མོས་རང་ཉིད་ལ་གླ་པ་དྲང་མོ་དེ་འདྲ་ཞིག་བྱུང་བར་སེམས་ལ་སྤྲོ་བས་བརྟས།


ཉིན་ཞིག་གི་དགོང་མོར་སྦྱིན་བདག་མ་དེས་ཚེ་ཐར་གྱིས་གཙོས་པའི་རང་གི་ཚོང་ཁང་གི་གླ་པ་རྣམས་ཧ་ཅང་གཞི་རྒྱ་ཆེ་བའི་ཟ་ཁང་རྩེ་གྲས་ཤིག་ཏུ་མགྲོན་དུ་བོས་བྱུང་། ཉིན་དེའི་དགོང་མོར་གླ་པ་རྣམས་ཀྱིས་སྦྱིན་བདག་མ་དེའི་བཀའ་དྲིན་འོག་ཟ་མ་རྒྱགས་ཚད་ཅིག་ཟོས་ཤིང་། ཝུ་ཆང་ཡང་བར་མེད་བཏུང་རྒྱུ་བྱུང་བས། དལ་གྱིས་ཁོ་ཚོ་ཚང་མ་ཆང་གིས་ཡོངས་སུ་བཟི་ནས་གོམ་པ་འཁྱར་འཁྱོར་ངང་མདུན་དུ་སྤོས་ཏེ་རང་རང་གི་གནས་མལ་དུ་ཕྱིར་ལོག  འོན་ཀྱང་། ཚེ་ཐར་ནི་སྦྱིན་བདག་མ་དེས་ལག་པས་སྐྱོར་བཞིན་མགྲོན་ཁང་ཞིག་ཏུ་ཁྲིད་སོང་། མཚན་མོ་དེར། ཝུ་ཆང་གི་ངར་ཤུགས་དང་འགྲོགས་ནས་ཚེ་ཐར་དང་སྦྱིན་བདག་རྒྱ་མོ་གཉིས་དེ་ལྟར་མལ་ཁྲི་གཅིག་གི་ཐོག་ཏུ་ལྷན་དུ་ཉལ་ནས་འཇིག་རྟེན་པའི་འདོད་ཆགས་ཀྱི་ལས་ལ་བྲེལ། 


ཡོད་ཚད་སྔར་བཞིན་རྒྱུན་གཏན་རེད། རྫོང་མཁར་དེའི་ཉི་མ་སྔར་རྒྱུན་བཞིན་སྒྱིད་ལུག་ཅི་ཡང་མེད་པར་དབང་ཕྱོགས་རི་བོའི་རྩེ་མོ་ནས་དལ་གྱིས་ཁོ་རང་ལས་ཀ་བྱ་སའི་ཚོང་ཁང་དེའི་རྒྱལ་སྒོའི་ངོས་སུ་འཕྲོས་བྱུང་། མདང་ནུབ་ཁོ་རང་དང་སྦྱིན་བདག་མ་དེའི་བར་ལ་ལྷག་པའི་གནས་ཚུལ་རྣམས་ཁོའི་མིག་ཟུང་གི་ངོས་སུ་གློག་བརྙན་ཇི་བཞིན་གསལ་ལེར་འཆར་འོང་།    འོན་ཀྱང་། ཚེ་ཐར་གྱིས་ཅི་ཡང་མི་ཤེས་པའི་ཁུལ་གྱིས་ནམ་རྒྱུན་ལྟར་སྦྱིན་བདག་མ་དེའི་མིག་འོག་ཏུ་ལས་ཀ་བྱེད་བཞིན་བསྡད། སྦྱིན་བདག་མ་དེས་ཚེ་ཐར་གྱི་ངོ་ཚས་བཅིངས་པའི་ངོ་གདོང་དམར་སྒོར་སྒོར་དེ་མཐོང་བས། ཁ་ནས་སྐད་ཆ་ཚིག་གཅིག་ཀྱང་མི་ཤོད་པར་ཁོའི་ཕྱོགས་སུ་དགོད་ཙམ་དགོད་ཙམ་བྱེད་བཞིན་འདུག


དུས་ཚོད་ནི་འཕངས་ཟིན་པའི་མདའ་མོ་ཇི་བཞིན་མདུན་དུ་འཕུར་བཞིན་འདུག ཚེ་ཐར་ཡང་སྦྱིན་བདག་མ་དེའི་གམ་དུ་ལས་ཀ་བྱས་ནས་ཟླ་བ་དགུ་ལྷག་འགྲོ་ལ་ཉེ། ཚེ་ཐར་གྱི་སྡེ་པ་གཅིག་པའི་གསར་བུ་རྣམས་རིམ་བཞིན་རང་ཁྱིམ་དུ་ཕྱིར་ལོག འོན་ཀྱང་། ཚེ་ཐར་གྱིས་སྦྱིན་བདག་མ་དེའི་མདུན་དུ་ལོ་ག

ཅིག་ལ་ལས་ཀ་བྱས་རྒྱུའི་གན་རྒྱ་བཞག་ཡོད་པས། ཁོ་རང་མུ་མཐུད་དེ་གནས་དེར་ལས་ཀ་བྱས་ནས་འདུག་དགོས་བྱུང་། 


ཉིན་ཞིག་གི་མཚན་མོར་ཚེ་ཐར་གྱིས་ལས་ཀ་བྱས་ཟིན་རྗེས་འཕྲུལ་རྟ་འཁོར་གསུམ་དེ་བསྐོར་ནས་རང་གི་མལ་ཤག་ཏུ་ཕྱིར་ལོག་བྱ་སྐབས་གློ་བུར་དུ་སྦྱིན་བདག་མ་དེས་ཁོ་རང་གི་མིང་ནས་འབོད་ཀྱིན་འདུག ཚེ་ཐར་གྱིས་ཁ་ཕྱིར་འཁོར་ནས་མོའི་འགྲམ་དུ་ཕྱིན་པ་ན། སྦྱིན་བདག་མ་དེས་ཐལ་རྡུལ་གྱིས་སྦགས་པའི་ཁོའི་སྟོད་གོས་ལ་ལག་པས་རྡེབ་རྡེབ་འགའ་བྱས་རྗེས་ཁོ་རང་མོའི་མལ་ཤག་ཁང་དུ་ཁྲིད་བྱུང་། མོའི་མལ་ཤག་ནི་ངོ་མ་ཧ་ཅང་གི་གཙང་། ས་ལ་དཀར་ཞིང་གཙང་བའི་ས་གདན་བཏིང་འདུག་ཅིང་། གྱང་ངོས་སུ་རྣམ་པ་སྣ་ཚོགས་པའི་རི་མོ་མང་དག་ཅིག་སྦྱར་འདུག ད་དུང་མོའི་མལ་ཁང་ནང་ནས་ཧ་ཅང་ཞིམ་མངར་ཅན་གྱི་དྲི་མ་མངར་སང་སང་ཞིག་སྣ་ལ་འཐུལ་འོང་། མོས་ཚེ་ཐར་གྱི་མདུན་དུ་ཤིང་ཏོག་འགའ་བཞག་རྗེས་དལ་གྱིས་ཁོ་རང་གི་འཁྲིས་སུ་ཡོང་ནས་ཁོ་རང་གི་ལག་པ་གཡས་པ་ནས་འཇུས་ཏེ་ཁོའི་ལག་པས་མོ་རང་གི་ལྟོ་བའི་ངོས་སུ་ཕུར་ཕུར་ལན་འགའ་བྱེད་ཞོར"ཚེ་ཐར། ངའི་གམ་དུ་ལས་ཀ་བྱས་ནས་བསྡད་ན་ཅི་འདྲ་འདུག"ཅེས་ལས་ཀའི་སྐོར་ཁ་བརྡ་བྱས་བྱུང་བས། ཁོས་ཀྱང་གདོང་ལ་འཛུམ་ཞིག་བཙན་གྱིས་ཕྱིར་དབྱུང་ཐབས་བྱས་ཏེ"སྐྱིད་པོ་འདུག ཁག་པོ་མེད་ཀི"ཞེས་བཤད་པས། སྦྱིན་བདག་མ་དེས་ཁོའི་འགྲམ་དུ་བསྡད་ནས"སྐྱིད་པོ་ཡོད་ན་མུ་མཐུད་དེ་ལས་ཀ་ལས་ན་ཆོག ད་ལྟ་ཁྱོད་ཀྱང་སྦྱིན་བདག་བྱས་ན་ཆོག"ཅེས་བཤད་བྱུང་བས། ཁོའི་གདོང་ལ་ཐེ་ཚོམ་གྱི་ཉམས་ཤིག་མངོན་བཞིན"ག་རེ། ང་སྦྱིན་བདག་བྱས་ན་ཆོག་ཨེ། དེ་འདྲ་དཔེ་མི་སྲིད། ཁྱོད་ཀྱིས་བདག་ལ་ཀུ་རེ་མེད་པ་ཞུ"ཞེས་བཤད། སྦྱིན་བདག་མོའི་གདོང་ལ་འཛུམ་ཞིག་རྒྱས་བཞིན་སླར་ཡང་ཁོའི་ལག་པ་ནས་འཇུས་ཏེ"ད་ཆ་ཁྱོད་ངའི་ཕྲུ་གུའི་ཨ་ཕ་ཆགས་ལ་ཉེ་བས། ངའི་ཡོད་ཚད་ཁྱོད་ཀྱི་མ་ཡིན་ནམ"ཞེས་བཤད་བྱུང་བས། ཁོའི་སེམས་པ་དེ་འཕྲལ་ཧ་ཅང་འཚབ་ནས"དེ་འདྲ་ག་ལ་ཡིན་སྲིད། དེ་འདྲ་ག་ལ་ཡིན"ཞེས་ཤོད་བཞིན་སེམས་ལ་དངངས་སྐྲག་རྒྱས་ནས། དཔྲལ་བའི་ངོས་སུ་རྔུལ་ཆུ་?ག་པོ་འགའ་ངང་གིས་འཁོར། ཁོའི་སེམས་སུ་ཨ་ཕས་བཤད་པའི"ཕ་རྒྱུད་གངས་རི་དཀར་བོའི་རྒྱུད་པ་མི་ཆད་པ་བྱོས"ཟེར་བའི་སྐད་ཆ་དེ་དང་། རབ་བྱུང་བ་རྒན་གྲས་དེས་གསུངས་པའི"རང་གི་མི་རྒྱུད་གཙང་མ་དེ་ལ་བདག་པོ་ཡག་པོ་རྒྱག་དགོས"ཞེས་པའི་བཀའ་མངགས་དེ་དྲན་ནས་སེམས་པ་བློང་བློང་པོར་གྱུར་སོང་། བློང་བློང་པོར་གྱུར་སོང་།



དེ་ནས་ཟླ་བ་གཅིག་ཙམ་འདས་རྗེས། སྦྱིན་བདག་མ་དེ་ལ་བྱིས་པ་ཞིག་བཙས་བྱུང་། བྱིས་པ་དེའི་བྱད་བཞིན་ཚེ་ཐར་ཆུང་དུས་ཀྱི་ངོ་རིས་དང་དབྱེ་བ་གཏན་ནས་མི་འདུག མ་གཞི་བྱས་ན་ཚེ་ཐར་གྱིས་སྦྱིན་བདག་མ་དེ་དང་འཚོ་བ་སྐྱེལ་འདོད་གཏན་ནས་མེད། འོན་ཀྱང་། བྱིས་པ་ཆུང་ངུ་དེའི་བྱད་བཞིན་ཁོའི་མིག་ལམ་དུ་རྒྱུ་ཐེངས་རེར། ཁོ་ལ་ཡ་ང་སྙིང་རྗེའི་བསམ་པ་དྲག་པོ་ཞིག་སྐྱེས་བྱུང་བས། མཐའ་མ་ཁོ་རང་མི་འདོད་བཞིན་དུ་མོ་དང་གཉེན་སྒྲིག་མི་བྱེད་ཀ་མེད་བྱུང་། 


ཚེ་ཐར་གྱིས་རྒྱ་རིགས་བུ་མོ་ཞིག་ཆུང་མར་བསུས་པའི་གནས་ཚུལ་དེ་མི་འགྱངས་པར་ཁོ་རང་གི་སྡེ་ཁ་དང་ཨ་མའི་རྣ་ལམ་དུ་གྲགས་བྱུང་བས། སྡེ་པའི་མི་མང་པོས་ཁོའི་ལྐོག་ཏུ"ཕ་ཙན་དན་གྱི་སྡོང་པོ་ལ་བུ་སྐྱག་གཟན་དེ་འདྲ་ཞིག་སྐྱེས་བྱུང་བ་ནི་མི་རྒྱུད་ཀྱི་ཞབས་འདྲེན་རང་རེད"ཅེས་རྗོད་ཀྱིན་ཁོ་རང་ལ་དམའ་འབེབ་བྱེད་བཞིན་འདུག ཁོ་རང་གི་ཨ་མ་ནི་སྡེ་བའི་ཡུལ་མི་རྣམས་ལ་ངོ་གདོང་བསྟན་ཐབས་བྲལ་ནས་ཉིན་གང་ཁྱིམ་དུ་ངུས་ནས་སྡོད་ཚུལ་ཡུལ་མི་ཀུན་གྱི་ཁ་རྒྱུན་ན་གླེང་འོང་། 


ཁོ་རང་ནི་སྡེ་པའི་ཡུལ་མི་དང་རང་གི་ཨ་མ་ལ་གདོང་པ་སྟོན་ཐབས་བྲལ་ནས་ཕ་ཡུལ་དུ་ཕྱིར་ལོག་བྱ་བའི་སྤོབས་པ་གཏན་ནས་མེད་པར་གྱུར། ཁོའི་ཆུང་མས་ཁོ་རང་གཉིས་ཀྱི་ཤ་ཁྲག་ནས་མཆེད་པའི་བུ་མོ་ཆུང་ཆུང་དེ་ལ"ང་མཚོ་མོ"ཟེར་བའི་མིང་སྙན་མོ་ཞིག་བཏགས་འདུག  ང་མཚོ་མོ་ཉིན་རེ་ལས་མ་འདས་པར་འཚར་ལོངས་བྱུང་ནས་ད་ལོ་ལོ་ངོ་དྲུག་ལ་སླེབས་ཟིན། ཁོའི་ཆུང་མས་བྱིས་པ་དེ་རང་གི་ཕ་ཡུལ་རྒྱ་ནག་ཏུ་བསྐྱལ་ནས་གནས་དེའི་སློབ་ཆུང་ཞིག་ཏུ་སློབ་གྲྭ་འགྲིམས་བཞིན་ཡོད་ཚུལ་ཁོ་ལ་བཤད་ཅིང་། ཆུང་མའི་ཕ་མས་ད་དུང་རང་གི་བུ་མོ་དེ་རུས་ལིའུ་ཡིན་པའི་རྒྱའི་བཟའ་ཚོ་གཅིག་གི་བྱིས་པ་དང་གཉེན་རྟགས་བརྒྱབ་ཡོད་ཚུལ་ཁོ་ལ་བཤད་བྱུང་། 


ཆུང་མའི་སྐད་ཆར་ཉན་རྗེས། ཁོའི་སེམས་པ་མུན་ནག་གིས་ཡོངས་སུ་བསྒྲིབས་ནས་མིག་མདུན་གྱི་བྱ་དངོས་མཐའ་དག་ནག་རོག་རོག་ཏུ་གྱུར་སོང་། ནག་རོག་རོག་ཏུ་གྱུར་སོང་། །




 






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1