འཁེལ་འཐག་གི་ཐོན་རྫས་གཙོ་བོ།

རྩོམ་སྒྲིག་པ།ཡོང་ཁུངས། བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ། སྤེལ་དུས། 03-21


         འཁེལ་འཐག་གི་ཐོན་རྫས་གཙོ་བོར། སྣམ་བུའི་རིགས་ལ། ཤད་མ་དང་། སྤུ་ཕྲུག་དང་། དཀའ་ཤད། ཐེར་མ། སྐེད་སྟན་བཅས་དང་། སྐེད་སྟན་ལའང་ཞར་རྩ་དཔེ་གསར་དང་ཚ་རོང་དཔེ་གསར། བལ་རྩུབ་ཀྱིས་བཏགས་པའི་ལྭ་སྣམ་དང་། ཁུལ་བུ་དང་བལ་བསྲེས་མ་ལས་བཏགས་པའི་ནག་ལྭ་ཞེས་པ་སོགས་ཚོས་བཙོས་པ་དང་། མ་བཙོས་པའི་ཕྲུག་དཀར་ནག་དམར་སྨུག་རྒྱ་གྲམ་ཐིག་ལེ་འཇའ་རིས་བཅས་ཀྱི་རི་མོ་ཅན་དང་། ཕྲུག་ཁྲ་དང་། ལྭ་སྣམ་ལ་དཀར་དམར་སེར་སྨུག་སྣ་ཚོགས་སོགས་སོ།།


        གདན་གྱི་རིགས་ལ། ས་གདན་ཞེས་ཁང་མིག་གང་རེ་ཙམ་གྱི་གཅལ་དུ་འདིང་བྱའི་གདན་ཆེ་རིགས་དང་། གདན་རིང་ཞེས་ཚོམས་ཆེན་དུ་དགེ་འདུན་པའི་འདིང་བྱའི་མི་མང་གྲལ་སྟར་འདུག་པར་སྤྱོད་པ་སྟེ། མི་རེའི་འདུག་གདན་གྲུ་བཞི་མ་མང་པོ་མཐུད་ནས་བཏགས་པ་དང་། གྲུམ་ཙེ་ཞེས་ཉལ་ཁྲི་གང་རེའི་ཚད་དུ་བྱས་ནས་བཏགས་པ་དང་། གྲུམ་ཙེ་ཁ་གང་མ་ཞེས་མི་གཅིག་སྐྱིལ་ཀྲུང་བཅའ་ནས་འདུག་ཤོང་ཅན་དང་། བླ་སྤྲུལ་གྱི་ཁྲིའི་རྒྱབ་ཡོལ་གདན་བཅས་ཆ་འགྲིག་ཏུ་བཏགས་པའི་ཁྲིའི་གདན་ཆ་དང་། རྟ་སྒའི་སྟེང་དུ་སྟད་བྱའི་སྒ་གདན་བྱེའུ་མཆུ་མའམ། ས་ཆ་འགའ་ཞིག་ཏུ་མ་དྲོས་མ་ཤོམ་ཞེས་འབོད་པ་དེ་དང་། སྟོབས་འབྱོར་ཅན་གྱི་དགོན་པའི་ཚོམས་ཆེན་ཁང་དང་སྒོ་ཁྱམས་ཀྱི་ཀ་བའི་ཤུབས་དང་། ལྡེབས་སུ་འགེལ་བྱའི་འགེལ་གདན་སོགས་གདན་འཐག་པའི་ལག་ཤེས་ལས་བཟོས་པའི་གདན་གྱི་རིགས་སུ་གཏོགས་པ་སྣ་ཚོགས་པའོ།།


    ཉལ་གཟན་དང་ཟླ་གམ་ནི། བཏག་བྱེད་བལ་གྱི་རྒྱུ་བཟང་ངན་ཙམ་ལས། འཐག་སྟངས་སྣམ་བུའི་འཐག་བཟོ་ལ་སྤུ་བཏགས་ནས་བཟོས་པའི་ཟླ་གམ་གྱི་སྤུ་མདོག་ཕལ་ཆེར་དམར་སྨུག   ཉལ་གཟན་ཕྱི་ནང་ཐམས་ཅད་དཀར་པོ་ལ་འཇའ་རིས་ཙམ་ལས་རི་མོ་བསྡུས་མ་བཀོད་པ་དང་མ་བཀོད་པའི་རིགས་གཉིས་དང་། གཞན་ཡང་ས་ཆ་འགའ་ཞིག་ཏུ་དམར་གདིང་ཞེས་ཉལ་གཟན་འཐག་ཐབས་ཀྱིས་བཏགས་ཤིང་དེ་ལས་ཚགས་དམ་ཞིང་སྤུ་མཉམ་པར་བྲེག་པ་སོགས་སོ།།


        རེ་ལྡེ་ནི། འབྲི་གཡག་ཤེད་བཟང་གི་ཁུལ་བུ་མི་འདྲེས་པའི་རྩིད་པ་འོད་དང་ལྡན་པ་འཁེལ་འཐག་བྱས་པ་སྟེ་སྦྲ་བཟོ་བའི་རྒྱུ་དེའོ།། ཕྱར་བ་ནི། ར་སྤུ་དཀར་པོ་དང་ནག་པོ་གཉིས་སོ་སོར་འཁེལ་བའི་སྐུད་པ་སྤེལ་མའི་ཁོག་བྱས་ནས་བཏགས་པའི་ཕྱར་ཁྲ་དང་། རྒྱུ་རས་སྐུད་ཁ་དོག་སྣ་ཚོགས་ཀྱིས་བཏགས་པའི་ཁ་དོག་དུ་མ་ཅན། ཕྱར་བ་དང་བྲུང་འགེབས། འབོལ་དང་བལ་སྟན་གྱི་གཡོགས་སོགས་བྱེད་པ་དེའོ།།

   སྐ་རགས་ནི། བལ་སྐུད་ལས་བཏགས་པ་དང་། བལ་སྐུད་ཀྱི་ཁོག་ལ་རས་སྐུད་ཀྱི་སྤུན་བྱས་པ་དང་། ཡང་ན་ཁོག་སྤུན་ཐམས་ཅད་རས་སྐུད་ཀྱི་བཏགས་པ་ལ། མཆོད་རྟེན་མ་སོགས་འཐག་རིས་སྣ་ཚོགས་ཅན་དང་། སྤེན་ཕྱིར་མངོན་པའི་འཐག་ཐབས་ཀྱིས་ཚར་ལོའི་ནང་ཕྱོགས་ནས་ཕྲུག་ཁྲ་ལྟར་བྱས་པ་དང་། རས་སྐུད་དང་སྟོང་སྐུད་སོགས་ཀྱི་སྐ་རགས་ཀྱི་ཚར་ལོའི་ཕྱོགས་སུ་རྒྱན་རིས་སྣ་ཚོགས་བཀོད་པ་སོགས་རིགས་མང་དག་གོ།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1