གཙོ་ངོས།>> སི་ཁྲོན་བོད་ཁུལ།>>རྔ་བ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༣ཚེས་༢༣ཉིན།

ལིས་རྫོང་གིས་ཆའང་རིགས་ཀྱི་གདོད་མའི་ཀའེ་རུའུ་དུས་ཆེན་སྤེལ།

        ཟླ་3པའི་ཚེས་18ཉིན་ཏེ་ལུགས་རྙིང་གི་ཟླ་2པའི་ཚེས་2ཉིན། གསར་འགོད་པ་ལིས་རྫོང་གི་ཕུའུ་ཞི་ཡུལ་ཚོ་རུ་ལོ་རེར་ཐེངས་རེའི་ཀའེ་རུའུ་དུས་ཆེན་ལ་ལྟད་མོར་ཕྱིན། ཀའེ་རུའུ་ནི་ཆའང་གི་སྐད་སྒྲ་བསྒྱུར་བྱས་པ་དང་། དོན་ལ་མཆོད་འབུལ་གྱི་ཆོ་ག་ཞིག་ཡིན། ཕུའུ་ཞི་ཡུལ་ཚོའི་ཐུན་མིན་གྱི་སྲོལ་རྒྱུན་དམངས་སྲོལ་ཞིག་དང་། དེ་ཡང་རྒྱལ་ཡོངས་སུ་དུས་ཆེན་དེ་རོལ་བཞིན་པའི་ཡུལ་ཚོ་གཅིག་པུ་ཡིན། ད་ལོའི་གནའ་བོའི་ཆའང་གི་ཀའེ་རུའུ་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་དྲིན་གཟོ་ཡར་བརྩོན་དང་། གནའ་བོའི་ཆའང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དེ་རེད།


        སྔ་དྲོའི་ཆུ་ཚོད་5སྟེང་། ཕུའུ་ཞི་ཡུལ་ཚོའི་ཞའོ་ཞི་སྡེ་བའི་ཤག་དཔོན་རྒྱུན་འཛིན་པ་ཝང་ཞའོ་ཀང་གིས་ཁྲུས་དང་དྲི་ཞིམ་བདུག་སྟེ། ཆོ་གའི་ཆོས་གོས་གཙང་མ་དང་སྤྲེའུ་ཞྭ་སེར་པོ་བསྣམས་ནས། ཕྱག་ལ་ལྷ་རྟེན་བཟུང་ནས་ཕུའུ་ཞི་ཡུལ་ཚོའི་སྡེ་བ་གཞན་པ་བཞིའི་ཤག་དཔོན་རྣམས་དང་མཉམ་པོར་གཡང་འབོད་གསོལ་སྨོན་བཏབ་པ་དང་། ཆོས་ཆས་བསྡུ་གསོག་བྱས་ནས་དུས་ཆེན་ཐོན་ལ་ཉེ་བར་གྲ་སྒྲིག་འཐུས་ཚང་བྱས།

        ཤག་དཔོན་དུས་རྒྱུན་སྤྱིར་བཏང་གི་མི་དང་ཁྱད་པར་མེད། ཡིན་ཡང་། ཆོས་ཞྭ་དང་ཆོས་གོས་གྱོན་ནས་ཆོས་ཀྱི་ཆོ་ག་སྤེལ་ན། ཤག་དཔོན་གྱིས་ལྷའི་ཚབ་བྱས་ཡོད་ལ། ཁོང་གིས་ཐུན་མོང་གི་ཆོ་ག་ཆེན་མོའི་འགོ་འཛིན་གནང་དགོས་པ་མ་ཟད། ཁྱིམ་ཁ་རེ་རེར་བགེགས་བར་ཆད་དང་ནད་འཁྲུག་པ་བཟློག་པའི་ཆོ་ག་ཡང་སྤེལ་བཞིན་ཡོད།


  ཤག་དཔོན་གྱིས་ཆོས་སྤེལ་རྗེས། ཆོས་འདོན་པ་བཏོན་ནས་ཆའང་རིགས་ཀྱི་གནའ་བོའི་ཆའང་གི་རིག་གནས་རྒྱུན་འཛིན་བྱེད་བཞིན་ཡོད། ཆའང་རིགས་ལ་ཡི་གེ་མེད་པས་དབང་གིས། ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་རིག་གནས་ཤག་དཔོན་གྱིས་ཁ་ནས་བརྒྱུད་པ་དང་། གནའ་བོའི་ཆའང་གི་རིག་གནས་རྒྱུན་འཛིན་བྱེད་པའི་མི་སྣ་གཙོ་བོ་ཡིན་ལ། གནའ་བོའི་ཆའང་གི་ལོ་རྒྱུས་ཀྱི་འགྱུར་རྡོ་གསོན་པོའང་རེད། ཤག་དཔོན་གྱིས་ཆོས་འབོད་མཆོད་འབུལ་ཆོ་ག་ནི་ཀའེ་རུའུ་དུས་ཆེན་གྱི་མེད་དུ་མི་རུང་བའི་གོ་རིམ་ཞིག་དང་། སྔ་དྲོའི་ཆུ་ཚོད་བཅུ་ཡས་མས་སུ། ཧྲ་ལང་བུ་མོའི་སྟངས་སྟབས་འཕྱོར་པོའི་དུས་ཆེན་གྱི་སྒོ་མོ་ཡངས་པོར་ཕྱེས་བྱུང་ལ། ཕུའུ་ཞི་ཡུལ་ཚོའི་སྡེ་བ་ལྔ་བོའི་ས་གནས་མང་ཚོགས་བརྒྱ་ལྷག་གིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས་མཆོད་འབུལ་མཆོད་ཁྲིའི་མདུན་དུ་མཉམ་དུ་འཛོམས། ལག་ཏུ་ཤུག་པ་སྦོམ་པོ་དང་མཆོད་རྫས་བཟུང་ནས། ཤག་དཔོན་གྱི་གཡང་འབོད་ལ་སྒུག་ནས། ལོ་གཅིག་གི་དཔྱིད་རྨོ་ལ་དུས་བཟང་ཤར་བའི་སྨོན་ལམ་བརྒྱུབ་བྱུང་།


     གཟབ་སྤྲོས་བྱས་ཡོད་པའི་སྡེ་མི་རྣམས་ཀྱིས། ལ་ལས་ལྷ་ཁང་གི་ཀླད་ནས་ལུག་རྔ་བཀྱགས་ཏེ་ཀི་འབོད་བྱས་པ་དང་། ལ་ལས་བསང་དུད་ལང་ལོང་འཕྱུར་བའི་མཆོད་འབུལ་མཆོད་ཁྲིའི་མདུན་དུ་སྨོན་ལམ་རྒྱག་བཞིན་པ་དང་། ལ་ལས་མཆོད་འབུལ་མཆོད་ཁྲི་ལ་བསྐོར་ནས་གླུ་ལེན་བྲོ་འཁྲབ་བཞིན་པ་དང་། ལ་ལས་སྔ་མོ་ནས་གྲ་སྒྲིག་ཟིན་པའི་ཤུག་པ་དང་དཀར་མེ། ཤོག་སྒོར་སོགས་མཆོད་འབུལ་དངོས་རྫས་མཆོད་སྟེགས་སྟེང་དུ་བཞག་ནས་རང་བྱུང་ཁམས་ཆེན་མོའི་ལྷ་ལ་མཆོད་འབུལ་བྱེད་བཞིན་ཡོད། མཆོད་ཁྲིའི་ཟུར་གཉིས་ཀྱི་གསར་བུ་གསར་མོ་ཚོས་དྲི་ཞིམ་བསང་ཤུག་བདུག་ཞོར་སྐད་འབོད་བྱས་པ་དང་། ཤག་དཔོན་མཆོད་ཁྲིའི་འགྲམ་གྱི་ཐེམ་སྐས་ནས་མར་རིམ་བཞིན་བབས་ཤིང་། ཀའེ་རུའུ་དུས་ཆེན་འགོ་བརྩམས་བྱུང་།

        ཧྭ་ཕུའུ་ཁྲ་འར་དོ་འར་རྒྱས། ཆའང་གི་སྐད་དུ་བཀྲ་ཤིས་བདེ་ལེགས་ཞུ་བའི་དོན་ཡིན། འདི་ནི་ང་ཚོའི་ཆེས་ལྷག་བསམ་ཟོལ་མེད་ཀྱི་དྲིན་གཟོ་དང་གུས་ཕྱག་ཕུལ་བ་ལགས། སང་ལོ་བཀྲ་ཤིས་ལོ་ལེགས་དང་ཆར་ཆུ་མོད་པ། ཕྱུགས་འཕེལ་ཁ་རྒྱས་པ། སྡེ་བ་སོ་སོ་བདེ་ཞིང་སྐྱིད་པའི་སྨོན་ལམ་འདེབས། ཞེས་ཁུའེ་ཀྲའེ་སྡེ་བ་ནས་ཕེབས་པའི་རྒན་པོ་ཧན་ཝུའུ་ཅིན་གྱིས་གཟབ་ནན་སྒོས་དེ་ལྟར་བཤད་བྱུང་།


           བྱེད་སྒོ་སྤེལ་ཡུལ་དུ། ཤང་ཀང་དང་ཀོང་ཀྲོའུ། ཧྲེན་ཀྲེན། ཁྲེང་ཏུའུ་སོགས་ནས་ཕེབས་པའི་ལྗོངས་སྐོར་བ་ཚོ་མི་ཚོགས་ཁྲོད་འཚང་ནས་འགོ་ཚུགས་མཛད་སྒོ་པར་ལེན་མཚམས་འཇོག་རྒྱུ་མེད་ལ། སྐད་ཅིག་གི་ངོ་མཚར་ཡང་ཤོར་བར་སེམས་ཁྲལ་བྱས། ཡང་ས་གནས་ཀྱི་ཤག་དཔོན་དང་རྒན་པ། བྱིས་པ། གཟབ་མཆོར་སྤྲས་པའི་སྡེ་མི་རྣམས་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་པར་བྲེལ།

           དཔྱིད་རྨོའི་སྨོན་ལམ་འདེབས་པའི་ཆོ་ག་མཇུག་བསྒྲིལ་རྗེས། སྡེ་མི་ཚོས་ཤག་དཔོན་གྱི་སྣེ་ཁྲིད་འོག་གྲལ་བསྒྲིགས་ཏེ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ལྗོངས་སྐོར་གྲོགས་པོ་ཚོ་སྡེ་བའི་རྣམ་པ་གསར་བ་ལ་གཟིགས་སྐོར་དུ་གདན་འདྲེན་ཞུས། ལྗོངས་སྐོར་བ་ཚོས་ཕོ་གསར་རུ་ཁག་གི་རྗེས་འབྲངས་ནས་སྡེ་བ་དང་སྤྱི་ལེ་1གི་མཚམས་ན་ཡོད་པའི་རྩྭ་ར་གྲུ་བཞིའི་ནང་དུ་གདོད་མའི་སྐྱེ་ཁམས་ཀྱི་གནའ་བོའི་ཆའང་གི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་རེད།


      རྒྱུས་ལོན་པ་ལྟར་ན། ལིས་རྫོང་གིས་རྒྱལ་སྤྱིའི་མི་རིགས་རིག་གནས་ཀྱི་སྐྱེ་ཁམས་ལྗོངས་སྐོར་བྱེད་གནས་གཙོ་བོ་བསྐྲུན་པའི་བརྒྱུད་རིམ་ཁྲོད། རིག་གནས་དང་ལྗོངས་སྐོར་མཉམ་འདྲེས་རྫོང་དེའི་ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྲུབ་ཟིན་ལ། ས་ཁུལ་ཁག་གི་དམངས་སྲོལ་འདྲ་མིན་རྒྱུན་འཛིན་དང་འགྲེམས་སྟོན་བྱེད་པ་བརྒྱུད་ནས། སྔར་བས་མང་བའི་ལྗོངས་སྐོར་བ་ལྗོངས་སྐོར་དུ་ཕེབས་པར་འགུག་བཞིན་ཡོད་ལ། དེ་ལས་ཕྱོགས་གཅིག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་སོ།།







39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1