བྱང་ཐང་གི་རྐྱང་གསོན་བཤུ་བྱེད་མཁན་གྱི་ལག་དམར་འཛིན་བཟུང་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ཧྭ་ནུབ་གྲོང་ཁྱེར་ཚགས་པར། སྤེལ་དུས། 08-15


                 ཧྭ་ནུབ་གྲོང་ཁྱེར་ཚགས་པར་གྱི་བརྡ་འཕྲིན་ལྟར་ན། མི་རྣམས་ཀྱི་ཁོང་ཁྲོ་གཏིང་ནས་བསླངས་བའི་བོད་བྱང་ཐང་ནས་རྐྱང་ལ་མནར་གཅོད་བྱེད་མཁན་གྱི་གཏེ་བོ་ཚེས་11ཉིན་གྱི་དགོང་མོར་ས་དེ་གའི་ནགས་ཚལ་སྤྱི་བདེ་མི་སྣས་འཛིན་བཟུང་བྱས། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་བདག་དམ་ཅུས་ནས་འདི་ག་ཚགས་པར་ཁང་གི་གསར་འགོད་པར་བཤད་རྒྱུར། མི་དེ་ནི་ཡུལ་ཕྱོགས་གཞན་ནས་ཡིན་པ་དང་བོད་དུ་ཁང་སའི་ལས་རིགས་དང་ཚོང་ལས་བྱེད་བཞིན་པ་དང་། གྱོད་དོན་འདིར་ད་རུང་མུ་མཐུད་དུ་ཞིབ་གཅོད་བྱེད་དགོས་པས། ཞིབ་ཕྲའི་གནས་ཚུལ་མང་པོ་ད་རུང་ཕྱི་ལ་བསྒྲགས་མི་བདེ་བའོ། ། 
                མཐིང་མདོག་གི་གནམ་མཁའ་དང་སྤྲིན་པ་དཀར་བོའི་འོག་ཏུ། བོད་བྱང་ཐང་ཆེན་མོར་རྐྱང་ཞིག་དངངས་སྐྲག་དང་བདག་མེད་ཀྱིས་ལངས་ཡོད་པ་དང་། ལུས་ཕུང་དང་ས་ངོས་ནི་ཁྲག་དམར་གྱིས་བརྫིས་འདུག ཡིན་ནའང་དེའི་རྒྱབ་ཕྱོགས་སུ་ཤེལ་མིག་ནག་པོ་ཐོག་པའི་སྐྱེས་པ་ཞིག་ལངས་ཡོད་པ་དང་ལག་ཟུང་ཁྲག་དམར་གིས་ཁེངས་ཡོད་པ་དང་། འཛེམ་ཟོན་གང་ཡང་མེད་པའི་ཉམས་ཤིག་སྟོན་འདུག ཚེས་11ཉིན་ནས་བཟུང་། རྐྱང་ལ་མནར་གཅོད་བྱེད་པའི་པར་དེ་ནི་པོད་ཕྲན་དང་སྐད་འཕྲིན་སོགས་དྲ་བའི་ལམ་དུ་རྒྱ་ཆེར་བརྒྱུད་བསྐུར་བྱེད་བཞིན་པ་དང་། དུས་ཡུན་ཐུང་ངུའི་ནང་དེ་མཐོང་ཚད་ཀྱི་མི་རྣམས་ཁོང་ཁྲོ་རབ་ཏུ་འབར་བ་དང་། གཅིག་འཕྲོར་གཅིག་མཐུད་ཀྱིས་མི་དེར་སྡིག་དམོད་བྱས། 
པོད་ཕྲན་དུ་མིང་གྲགས་ཆེ་བའི་རེན་ཀྲི་ཆང(任志强)གིས་ཀྱང་འཛིན་བཟུང་བྱས་ཏེ་ཁྲིམས་ཆད་ལྗིད་མོ་ཕོག་དགོས་པའི་བརྡ་འཕྲིན་སྤེལ་ཡོད་པས། དྲ་བའི་ལམ་དུ་མགྱོགས་མྱུར་ངང་རྐྱང་ལ་མནར་གཅོད་བྱེད་མཁན་གྱི་མི་དེ་རྩད་གཅོད་བྱེད་པའི་རྦ་རླབས་ཆེན་པོ་འཕྱུར།
                ཚེས་12ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2པར། ཧྭ་ནུབ་གྲོང་ཁྱེར་ཚགས་པར་ཁང་གིས་བོད་ལྗོངས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་མངའ་རིས་བདག་དམ་ཅུས་ལ་འབྲེལ་གཏུགས་བྱེད་ཐུབ་པ་བྱུང་། དེ་ནས་ངོས་འཛིན་བྱས་པ་བརྒྱུད་ནས་ཤེས་གསལ། རྐྱང་ལ་མནར་གཅོད་གཏོང་བའི་དོན་རྐྱེན་ནི་བོད་ལྗོངས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་བདག་སྐྱོང་ཁུལ་དུ་བྱུང་བ་དང་། ཚེས་11ཉིན་གྱི་དགོང་མོའི་ཆུ་ཚོད་10པའི་སྐབས་སུ་མི་དེ་ས་དེ་གའི་ནགས་ཚལ་སྤྱི་བདེ་མི་སྣས་འཛིན་བཟུང་བྱས་པ་དང་། མིག་སྔར་གྱོད་དོན་འདི་མུ་མཐུད་དུ་ཞིབ་གཅོད་བྱེད་བཞིན་པའོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1