ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ ལས་སྒྲུབ་སྙན་འབུལ་ཞུས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-23


        《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག་》ལ་གཞིགས་ཚེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་ལོ་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་སྒྲུབ་སྙན་འབུལ་ཐེངས་རེ་ཞུ་དགོས་ཀྱི་ཡོད། དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་གལ་ཆེན་གྱི་བཀོད་སྒྲིག་ཅིག་རེད། ཉེ་དུས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་སྒྲུབ་སྙན་འབུལ་ཞུ་བ་ཐེངས་དང་པོ་ཡིན་པ་དང་། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་ལས་སྒྲུབ་སྙན་འབུལ་སྙན་ཞུར་གཟིགས་ཞིབ་ནན་ཏན་གནང་བ་དང་སྦྲགས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོར་འགན་འཁྲི་གཙང་སྒྲུབ་དང་། ལས་དོན་ཡག་པོ་སྒྲུབ་པ། སྤྱོད་ཚུལ་ལེགས་གཏོང་བཅས་ཀྱི་ཐད་བླང་བྱ་གལ་ཆེན་བཏོན་གནང་ཞིང་། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མངགས་བཅོལ་ཟབ་མོ་དང་ལེན་གྱིས་འགོ་ཁྲིད་ཀྱི་འགན་འཁྲི་གལ་ཆེན་ཁུར་ཡོད་པས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚང་མས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་བཅངས་དང་། སྤྱི་ཡོངས་ལ་བསམ་བློ་གཏོང་བ། དམངས་ཆེད་སྲིད་སྐྱོང་བ། གསར་འབྱེད་བྱེད་ཕོད་པ། འགན་འཁྲི་འཁུར་ཕོད་པ། སྒེར་དོར་སྤྱི་སྐྱོང་། སྤྱོད་གཙང་རང་འདོམས་བཅས་ཀྱི་སྒོ་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་རིམ་ཁག་ལས་བྱེད་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀུན་སེམས་གཅིག་སྒྲིལ་ངང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
         ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་ལས་བགོས་ལ་གཞིགས་ནས་ལོ་གཅིག་རིང་གི་བསམ་བློ་དང་ལས་ཀའི་དངོས་ཡོད་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལས་འགན་བསྒྲུབས་ཚུལ་དང་ཟུང་འབྲེལ་བྱས་ནས་དོ་དོ་ཏན་ཏན་གྱི་རྣམ་འགྱུར་དང་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཀྱི་ཐོག་ནས་ལས་སྒྲུབ་སྙན་འབུལ་སྙན་ཞུ་བྲིས་ཏེ་ལས་ཀའི་ཕྱོགས་སྡོམ་ནང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཁར་ཉམས་མྱོང་གི་སྙིང་པོ་ལེན་པ་དང་གནད་དོན་ལ་དབྱེ་ཞིབ་བྱས་ཡོད་ལ་ཏང་གཤིས་དབྱེ་ཞིབ་དང་བྱེད་ཐབས་ལེགས་སུ་བཏང་ནས་བླང་བྱ་ནན་པོ་བཏོན་པ་དང་རང་གིས་རང་ལ་བརྟག་དཔྱད་དང་རང་གིས་རང་ལ་སྐུལ་མ་བཏང་ཡོད་པས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ལག་ལེན་བསྟར་བ་མཚོན་ཡོད།
        ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་ལས་སྒྲུབ་སྙན་འབུལ་སྙན་ཞུའི་ནང་གཙོ་བོ་ཕྱོགས་བདུན་ཐད་ཀྱི་ནང་དོན་ཚུད་ཡོད་པ་སྟེ།
       གཅིག་ནི“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུར་སྣེ་ཁྲིད་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་ལ་རང་རྟོགས་ངང་སྲུང་སྐྱོང་ཞུས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་རང་རྟོགས་ངང་སྲུང་སྐྱོང་བྱ་རྒྱུ་དེ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་གཞི་རྩའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་བ། ཏང་གི་ཆབ་སྲིད་ལམ་ཕྱོགས་ལག་ལེན་ནན་པོ་བསྟར་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་སྲུང་བརྩི་ནན་པོ་ཞུས་པ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་སྐོར་དང་།
       གཉིས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུར་སྣེ་ཁྲིད་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕུགས་བསམ་གྱི་དད་སེམས་རྨང་གཞི་བརྟན་དུ་བཏང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཨང་དང་པོར་བརྩིས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་རྒྱུའི་ཐད་སྔོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཐོག་ནས་གོ་རྟོགས་མཐོ་རུ་གཏོང་བ་དང་། དད་སེམས་བརྟན་དུ་གཏོང་བ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྣེ་ཁྲིད་ཧུར་ཐག་བྱས་ནས་ཁག་བགོས་དོ་དམ་སྡེ་ཚན་དང་ཁྱབ་ཁོངས་སམ་ཡང་ན་གནས་སའི་ཁུལ་དུ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་བྱེད་སྒོ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ནན་ཏིག་བཅས་བྱེད་པའི་ཐད་འབད་བརྩོན་ཧུར་ཐག་བྱས་སྐོར།
        གསུམ་ནི་གནད་དོན་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་དགོངས་སྐོར་སྙན་སེང་ཞུ་བའི་འབྲེལ་ཡོད་གཏན་འབེབས་ལག་ལེན་ནན་ཏན་བསྟར་ཏེ་དུས་ཐོག་ཏུ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་ཚུལ་སྙན་སེང་ཞུས་པ་དང་འབྲེལ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གནད་དོན་གལ་ཆེན་དང་། དོན་གནད་གལ་ཆེན། ལས་དོན་གལ་ཆེན་བཅས་རང་རྟོགས་ངང་དགོངས་སྐོར་སྙན་སེང་ཞུས་ཏེ་རང་འགུལ་ངང་ཏང་ལ་ལྷག་བསམ་རྣམ་དག་དང་ཁ་གསལ་གཏིང་གསལ་བྱས་ནས་ཆབ་སྲིད་ཐད་ཀྱི་དོན་གསལ་པོ་ཤེས་མཁན་དང་གཞུང་དྲང་ཅན་བྱེད་ཐུབ་པ་བྱས་སྐོར།
       བཞི་ནི་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་ལམ་ལུགས་ཁག་རང་རྟོགས་ངང་མཐའ་འཁྱོངས་བྱས་ནས་ཁག་བགོས་དོ་དམ་གྱི་ཁྱབ་ཁོངས་དང་ལས་དོན་ཁྲོད་དམངས་གཙོ་དར་སྤེལ་དང་། ཡང་དག་དང་གཅིག་སྡུད་ལག་བསྟར། གོ་རིམ་བཞིན་ཐབས་ཇུས་ནན་པོ་འདོན་པ། སྒྲིག་ལམ་བཞིན་བྱ་བ་སྒྲུབ་པ་བཅས་བྱས་ནས་ཏང་གཤིས་རྩ་དོན་སྲུང་སྐྱོང་གི་རྨང་གཞིའི་ཐོག་མཐུན་སྒྲིལ་བྱས་ཡོད། ཚང་མས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཏང་རྩ་འཛུགས་ཀྱི་འཚོ་བའི་ནང་ཞུགས་ཏེ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ནས་རང་དོན་རིང་ལུགས་དང་། ཁ་ཐོར་རིང་ལུགས། རང་མོས་རིང་ལུགས། རང་གཅེས་རིང་ལུགས། མི་བཟང་རིང་ལུགས་བཅས་ལ་སྔོན་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་བརྒྱ་ཁ་གཅིག་གཅོད་དང་ཁྱིམ་བདག་ལམ་ལུགས་མི་ཐོན་པ་བྱས་སྐོར།
       ལྔ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་སྐུལ་མ་གཏོང་རྒྱུར་སྣེ་ཁྲིད་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་འགན་འཁྲི་ཆེན་པོ་འཁུར་ཕོད་པའི་སྙིང་སྟོབས་ཐོག་ནས་སྤྱི་ཡོངས་ལ་དམིགས་ཏེ་རང་འགན་གཙང་སྒྲུབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ། སྒྲིག་འཛུགས་ཚགས་ཚུད་བཅས་ཀྱི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་ཤུགས་ཆེན་བཏང་ནས་ཕན་འབྲས་ཐོན་པར་བྱེད་པ། མངོན་གསལ་དོད་པའི་འགལ་བ་དང་གནད་དོན་སེལ་རྒྱུར་ཤུགས་སྣོན་རྒྱག་པ། ཉེན་ཁ་དང་འགྲན་སློང་འགོག་སེལ་ནུས་ལྡན་བྱེད་པའི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱས་སྐོར།
       དྲུག་ནི་བརྟག་དཔྱད་ཞིབ་འཇུག་དང་སྤྱོད་ཚུལ་ལེགས་སུ་གཏིང་ཟབ་གཏོང་རྒྱུར་སྣེ་ཁྲིད་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་ཏང་ཀྲུང་དབྱང་གིས་དོ་ཁུར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་བཅས་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་དོན་དངོས་ཀྱི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ནས་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ་དང་། དཀའ་གནད་སེལ་བ། ལས་ཀར་སྒྱུར་བཅོས་བྱ་རྒྱུ་བཅས་ལ་གཞི་འཛིན་ས་མཁོ་འདོན་བྱས་སྐོར།
        བདུན་ནི་སྤྱོད་གཙང་རང་འདོམས་བྱ་རྒྱུར་སྣེ་ཁྲིད་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་འཛིང་རགས་བརྟན་པོ་འཛུགས་རྒྱུར་གཙིགས་ཆེན་བྱས་ནས་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི་ནན་ཏན་ངང་ལག་ལེན་བསྟར་ཏེ། སེམས་ནང་བག་ཟོན་ཡོད་པ་དང་སྤྱོད་ལམ་ཚད་དང་ལྡན་པའི་སྒོ་ནས་ཁ་ཞེ་གཉིས་མེད་ཀྱི་མི་ཞིག་དང་དྲང་པོ་དྲང་གཞག་ངང་ལས་ཀ་བྱས་ཡོད། ཚང་མས་ཁྱིམ་གྱི་སློབ་གསོ་དང་ཁྱིམ་སྲོལ་ལ་གཙིགས་ཆེན་བྱས་ཏེ་རང་ཉིད་ཀྱི་བུ་ཕྲུག་དང་ཉེ་འགྲམ་གྱི་ལས་དོན་པར་དོ་དམ་ཡག་པོ་བྱས་ནས་དམིགས་བསལ་དབང་ཆ་འཛིན་པའི་བསམ་བློ་དང་དམིགས་བསལ་དབང་ཆ་སྤྱོད་པའི་སྣང་ཚུལ་ལ་ངོ་རྒོལ་བྱས་ཡོད། ཚང་མས་ཏང་དོ་དམ་དང་ཏང་སྐྱོང་བའི་བྱེད་པོའི་འགན་འཁྲི་ཁུར་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བའི་སྐོར་བཅས་རེད།
        ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་ལས་སྒྲུབ་སྙན་འབུལ་སྙན་ཞུར་གཟིགས་ཞིབ་གནང་སྐབས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ལ་སྤྱི་ཡོངས་ཀྱི་བླང་བྱ་བཏོན་པ་ཕུད་རང་སོའི་ཁྱད་ཆོས་ཀྱི་དཔྱད་བརྗོད་ཀྱང་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1