༄༅།། ལམ།

བྱ་མདོ་མར་ལོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་རྩོམ་རིག་སྒྱུ་རྩལ། སྤེལ་དུས། 03-26


བྱ་མདོ་མར་ལོ།



ས་རུབ་ཁར། 
ཉི་མ་དགོད་ཙམ་བྱས་ཏེ་རི་བོའི་ཕར་རྒྱབ་ཏུ་བཞུད། 
མཚམས་སྤྲིན་ཡང་དགོད་ཙམ་བྱས་ཏེ་ནམ་མཁར་ཉལ། 
རླུང་དང་གཙང་པོ་ཡང་དགོད་ཙམ་བྱས་ཏེ་རྒྱང་དུ་བཞུད། 
ཐང་ཆད་པའི་ང་ཡང་དགོད་ཙམ་བྱེད་ཞོར་ལམ་དུ་ཆས།
ཡོད་ཚད་དགོད་ཙམ་བྱེད་པའི་ས་སྲོད་དུ།
ལམ་ཁོ་ན་སྔར་བཞིན་ནག་རོག་གེར་འདུག
སྐབས་འདིར། ལམ་འགྲམ་གྱི་འབྲོག་མོས།
གྱེས་ཚིག་བསྙལ་བའི་ཆང་རྫ་ལས།
ཤག་ཤག་གིས་བྱོ་ཡོང་བ་དག
བདག་གི་རྣ་བའི་ཕོར་བར་ལྟེམས་མེར་འཁྱིལ། 
ངས་དབུགས་ཐེངས་གཅིག་གིས་གྱེས་ཆང་འབྱོངས་རྗེས།
ནག་རོག་རོག་གི་ལམ་དུ་ཆས།
ལམ་དུ་ཆས་རྗེས།
ངས་རི་བོའི་ཕ་རོལ་དུ་བཞུད་པའི་ཉི་མ་དྲན་བྱུང་།
ནམ་མཁར་གཟིམས་པའི་མཚམས་སྤྲིན་དྲན་བྱུང་།
རྒྱང་དུ་ཡལ་བའི་རླུང་དང་གཙང་པོ་དྲན་བྱུང་།
ད་དུང་།  དགོད་ཙམ་བྱས་ཏེ་ལམ་དུ་ཞུགས་ཁའི་ང་དྲན་བྱུང་།


ལམ།  

ཉི་མའི་འཛུམ་མདངས་མིད་རྗེས།
སྔར་བཞིན་ནག་རོག་རོག
མཚམས་སྤྲིན་གྱི་བཀྲག་མདངས་གཞིབས་རྗེས།
སྔར་བཞིན་སྐྱ་ཐག་ཐག
རླུང་དང་གཙང་པོའི་བྱབས་ཁྲུས་གསོལ་རྗེས།
སྔར་བཞིན་དམར་ཙག་ཙག
ལམ་ན་ཅི་ཞིག་ཡོད།
འབར་མ་ཚར་བའི་བརྩེ་དུང་གི་གྲིབ་མ་ཡོད་དམ།
ལམ་ན་ཅི་ཞིག་ཡོད།
ཉི་འོད་མི་འདུག  མཚམས་སྤྲིན་མི་འདུག 
རླུང་བུ་མི་འདུག   གཙང་པོ་མི་འདུག 
ཡང་སྙིང་ལམ་ན་ཅི་ཞིག་ཡོད་དམ།
ཉི་མ་ནུབ་རྗེས། 
ལམ་ན་གྲིབ་གཟུགས་མི་འདུག
ལམ་ན་དམིགས་འདུན་མི་འདུག

ས་རུབ་ཁར།
ཐང་ཆད་པའི་ངས།
སྐར་མ་ཞིག་ཀོ་གྲུ་རུ་བཟོས་རྗེས།
གྲིབ་མའི་གཙང་པོར་འཁྱེར་ཏེ།
ལོ་ངོ་དུང་ཕྱུར་ལ་ཕྱིར་ལོག་མི་འདོད།
ལམ་གྱིས་འཕྲོག་ཚར་བའི་བདག་གི་འབྲོག་མོ།
ལམ་ལ་འཐིམས་ཟིན་པས།
ད་ནི་ལམ་འགྲམ་དུ་ཀྲོང་ངེར་བསྡད་དེ།
བག་ཚ་བའི་བཟོ་ལྟ་ལྷོད་པོ་ཞིག་གིས། 
ལང་ཚོ་འབུར་བའི་བྲང་ཁ་གནོངས་ཙམ་ངང་།
གྱེས་ཚིག་བསྙལ་བའི་ཆང་རྫ་མཐོན་པོར་བཏེགས་ཏེ།
ང་ལ་སྙིང་གཏམ་ལྡུད་མཁན་མེད།
ལམ་སྟོན་གནང་མཁན་ཡང་མེད།
ཁེར་རྐྱང་གི་ལྷམ་ཆུང་དྲུད་དེ།
རྒྱང་རིང་ལ་འཐེན་པའི་ལམ་དུ་ཆས་དགོས།


ལམ། 
ཁྱོད་ལ་ཅི་ཡང་མི་འདུག
ཁྱོད་ལ་ཡལ་ག་གཉིས་ལས་མི་འདུག
ཡལ་ག་གཉིས་པོས་འཇིག་རྟེན་ཞིག་གྲུབ་འདུག
མདོར་ན།  ཁྱོད་ནི་ཐོབ་ཤོར་གྱི་ས་ཚིགས་ཤིག་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1