རྒན་གོང་ཨོ་རྒྱན་རྡོ་རྗེའི་རང་མོས་བདམས་བཀོད།

ཨོ་རྒྱན་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


        རྒན་གོང་ཨོ་རྒྱན་རྡོ་རྗེའམ་སྨྱུག་མིང་ལྗང་གཞོན་ནི་1961ལོར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཁོངས་ཟར་ཕུ་ཤར་གྲོང་ཚོའི་རྒན་མཐོ་གོང་མའམ་རྒན་གོང་ཞེས་པའི་ཁྱིམ་དུ་སྐྱེས། 1978ལོར་ལས་ཀར་ཞུགས། 1983ལོ་ནས་བོད་རིགས་ཀྱི་རིག་གནས་དང་རྩོམ་རིག་ཁོ་ནའི་བྱ་བ་གཉེར་ཏེ་མི་ཚེ་རྒས་པར་བྱས། དེའི་རིང་ལ་རང་རྩོམ་ཡང་མང་དུ་སྤེལ་ཅིང་སྔ་ཕྱིར་སྙན་དེབ་《ཕ་ས་མྱུལ་བའི་རྣམ་ཤེས་ཕྲ་མོ།》 དང་། འགྱུར་ཡིག་《ཇ་ཤིང་མེ་ཏོག་མ།》མི་སྣའི་ལོ་རྒྱུས་《 ལྷོ་ཁའི་གྲགས་ཅན་མི་སྣ་རིམ་བྱོན་གྱི་མཚན་མཛོད་ཉི་ཁུག་གི་རྒད་པོ་དང་མོལ་བའི་གཏམ།》 སོགས་རྩོམ་རིག་དང་རྩོམ་རིག་མ་ཡིན་པའི་དཔེ་དེབ་ཁག་བཅུ་གཅིག་ཙམ་དཔེ་སྐྲུན་བྱས། སྤྱི་ལོ་2008ལོ་དང་2009ལོར་《ཕ་ས་མྱུལ་བའི་རྣམ་ཤེས་ཕྲ་མོ།》 ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་དང་བོད་ཀྱི་ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་གྱི་ཐེབས་རྩའི་བྱ་དགའ་ཐོབ། 2013ལོར་རྒྱལ་ཡོངས་རིག་རྩལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པའི་བྱ་དགའ་ཐོབ། 2017ལོར་འགྱུར་ཡིག་《ཇ་ཤིང་མེ་ཏོག་མ།》ལ་བོད་རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི་ཕུལ་བྱུང་བསྒྱུར་རྩོམ་གྱི་བྱ་དགའ་རིམ་པ་དང་པོ་ཐོབ།


མཐོ་སྒང་གི་རླུང་།
སེམས་སྡུག་ནི་སྔར་ནས་ཡོད་མ་མྱོང་།
གོམ་བགྲོད་རེ་རེ་ནི་རང་དབང་གི་གླུ་དབྱངས་རེ་རེ་ཡིན།
ངལ་དུབ་ནི་ནམ་ཡང་ཚོར་མྱོང་མེད་ལ།
དབུགས་ཐེངས་རེ་རེ་ནི་སྟོབས་ཤུགས་ཀྱི་གཟུགས་བརྙན་རེ་རེ་ཡིན།
ང་རང་དབེན་འཇམ་གྱི་གཉིད་ལས་སད་ཚེ།
ཁུ་སིམ་མེར་གཏན་ནས་སྡོད་མི་ཐུབ།
ང་རང་རི་ཀླུང་གི་ཕང་དུ་སླེབས་ཚེ།
སོས་དལ་དུ་གནས་རྒྱུ་ཤིན་ཏུ་དཀའ།
མི་ཚོས་སྣང་མེད་དུ་གཏོང་བའི་ལུང་སྟོང་དུ།
ང་དང་སྤེན་རྩྭའི་ཉམས་འགྱུར་ལས་འབུས་པའི་ཤུ་སྒྲ་དེ།
གྲོགས་མེད་ཁེར་རྐྱང་པའི་སྐྱོ་གླུ་ཞིག་ཡིན་ལ།
ང་དང་རིལ་མ་རྐང་མེད་ཀྱིས་འཁྲབ་པའི་བྲོ་གར་དེ།
ས་གཞི་ཡི་འཁོར་མཚམས་མ་ཆད་པའི་མཚོན་རྟགས་ཤིག་ཀྱང་ཡིན།
བཞུད་ཁའི་ཉི་འོད་དང་ཁྲ་ཆུང་གི་འུར་རྡོས།
དཀར་ནག་གི་ཕྱུགས་རིགས་དག་རྩྭ་ཐང་ནས་བསྡུས་ཏེ།
ལྷས་ར་གྲུ་བཞི་རུ་བརྫངས་ཀྱང་།
བདག་གིས་ཞོགས་པའི་སྐྱ་རེངས་ལ་འབོད་བརྡ་གཏོང་བཞིན་ཡོད།
མཐའ་ཡས་ཆུ་གཏེར་གྱི་འཇིག་རྟེན་ས་འོག་ཏུ་ནུབ།
རླུང་རྟེན་དར་གྲུ་ཡི་གྲིབ་མ་ཆ་མེད་དུ་ཡལ།
གྲངས་འདས་ཀྱི་མཚོ་དང་མཚེའུས།
ང་དང་ལྷན་ཅིག་ཏུ།
མེས་པོ་རྒྱ་མཚོ་ལ་དྲན་གསོ་བྱེད།
གཡག་གྲུ་ཡི་དྲིལ་བུ་ཡང་ཡང་དུ་བསྐྱོད་ནས།
སིང་སིང་གི་སྐད་སྒྲ་རྒྱང་རིང་དུ་བསྐྱལ།
ཞིང་ཐང་གི་སྙེ་ཕྲེང་ལ་ཀུ་རེ་རྩེས་ནས།
ནས་འབྲུ་ཡི་དྲི་ཞིམ་གང་ས་རུ་བཀྲམ།
བྱང་འབྲོང་རྭ་རྩེད་ཀྱི་དྲིས་ལན་བར་ན།
ཐང་རྒོད་བྱེ་རླུང་གི་འཐབ་མོའི་དཀྱིལ་ན།
ངའི་དམུ་རྒོད་ཀྱི་རང་གཤིས་གསལ་པོར་མངོན།
ངས་དབེན་འཇམ་གྱི་ཁུགས་ཀྱོག་དབྲལ་ཞིང་།
ངས་ནགས་ཚལ་གྱི་ཡུལ་ཁམས་འགོམས།
རི་མགོ་འདི་ནས་ཕ་གི་ལ་མཆོངས་ཏེ།
ཡུལ་ལུང་འདི་ནས་ཕ་གི་ལ་འཕུར་ཏེ།
ངར་ཤུགས་ཀྱི་འུར་སྒྲ་དང་བཅས།
གནས་བཟང་མཐོ་སྒང་གི་རི་ཀླུང་ཀུན་ཏུ།
ལོ་ཟླ་ཡི་གཟུགས་བརྙན་སྣ་ཚོགས་བརྐོས།
འོ། ང་ནི་རླུང་བུ་ཡིན།
མཐོ་སྒང་དུ་བཅའ་བའི་རྒྱུན་མཐོང་གི་རླུང་བུ་ཞིག་ཡིན།


ཕ་ཡུལ། དགོངས་དག
—ལྷོ་ཁའི་སྨན་ཁང་ཞིག་ནས་ཕ་ཡུལ་ལ་ཕུལ་བའི་ཞུ་འཕྲིན།
ཀ་ཁ་དབྱངས་སུ་གྱེར་བའི་ཕ་ཡུལ་གྱི་བྱིས་པའི་སྐད་སྒྲས།
རྣམ་ཤེས་རྨས་མ་འདི་ལ་སླར་ཡང་རྟ་ལྕག་ཅིག་གཞུས་བྱུང་།
རྟ་ལྕག་དེ་ཚ་རང་དྲགས་པས།
ངོ་གནོང་གྱི་ཀླུང་ཆེན་སེམས་གཏིང་ནས་ལུད་བྱུང་།
ལུད་ལུད་པའི་མཐའ་ན། ཡོད་ཚད་ཕ་ཡུལ་གྱི་རི་ཀླུང་ལ་ཐིམས་སོང་།
ཕ་ཡུལ། བདག་ཀྱང་ཁྱེད་ཀྱི་པང་དུ་ལྷུངས་པའི་བྱིས་པ་ཞིག་ཡིན་ཨང་།
ཉག་ཉོག་གི་ལྟེ་ཁྲག་དམར་པོ་དེ་གྲ་ཡི་ཕུ་རུ་ཐོར་ཀྱང་།
གཏོར་དགོས་པའི་ཕོ་གཞོན་གྱི་རྔུལ་ཆུ་ཐོག་མ།
ལྷོ་ཕྱོགས་གཉལ་གཞུང་གི་ཕང་དུ་གཏོར་དགོས་བྱུང་།
ཀ་ཁའི་སྐད་བརྡ་དེ་ཕ་ཡུལ་ནས་བསླབས་ཀྱང་།
ལེན་དགོས་པའི་ཕོ་གཞོན་གྱི་གླུ་དབྱངས་ཐོག་མ།
རྒྱང་རིང་ཐལ་ཀླུང་གི་ཡུལ་དུ་ལེན་དགོས་བྱུང་།
ཕ་ཡུལ། འདི་ཡང་བཅོས་ནས་མི་དྲག་པའི་གཅོང་ནད་ཅིག་ཡིན་ཨང་།
གཉལ་གཞུང་བྱིས་ཚོགས་ཀྱི་མདུན་དུ་འགྲེང་དུས།
ཆེས་ལྕི་བའི་འོས་འགན་ཞིག་གིས་ཕྲག་པ་མནན་འོང་།
ཚ་དྲོད་དང་སྡེབ་པའི་ལུས་སེམས་ཀྱི་རྔུལ་ཆུ།
པྲ་ཚགས་དེ་དག་གི་ཀླད་ཁམས་སུ་ཡང་ཡང་བཞུར་ཡོད།
དེ་དུས། སེམས་པ་འདི་ལ་གཡོ་ལྷད་ཅིག་གཏན་ནས་མེད་ཨང་།
འོན་ཏེ། ཕ་ཡུལ། རྒྱང་རིང་རི་ཁུག་གི་ཕ་ཡུལ།
ཁྱེད་ལ་ཆད་པའི་བུ་ལོན་དེ་མང་རང་མང་སོང་།
ལུས་སེམས་ཀྱི་དཀའ་བས་བསྐྱངས་པའི་གཉལ་གཞུང་གི་བྱིས་པ།
གཤོག་སྒྲོ་རྒྱས་པའི་རྒོད་ཕྲུག་ལྟར་རེ་རེ་བཞིན་རྒྱང་རིང་དུ་འཕུར་དུས།
སྒོར་རྡོག་སུམ་ཅུར་ལྟོ་གོས་བཅོལ་བའི་ཕོ་གཞོན་གྱི་ཡིད་ཁམས།
ཇི་ལྟར་ཡང་ཡིད་ཚིམ་དང་འདྲེས་པའི་སྤོབས་པ་ཞིག་གིས་བཟི་ཡོད་ཨང་།
འོན་ཀྱང་……འོན་ཀྱང་ད་ལྟ་སོར་མོ་བཀུག་ནས་ཞིབ་པར་བརྩིས་ཚེ།
བྱིས་པ་དེ་དག་གི་གྲལ་ན་ཕ་ཡུལ་གྱི་བྱིས་པ་གཅིག་ཀྱང་མི་འདུག
ཡོད་ཚད་ངོ་རྟགས་མི་ཆོད་པའི་མི་ཕོ་ཤ་སྟག་རེད།
ཕ་ཡུལ། དགོངས་དག
ཁྱེད་ཀྱི་ཕྱོགས་ལ་རྔུལ་ཆུའི་སྟོན་མོ་ཞིག་ཀྱང་བཤམ་མ་ཐུབ།
ཕ་ཡུལ། དགོངས་དག
ཁྱེད་ཀྱི་ཆེད་དུ་མིག་ཆུ་དྲོན་མོ་ཞིག་ཀྱང་འབྱིན་མ་ཐུབ།
གལ་ཏེ་……གལ་ཏེ་ཚེ་ཕྱི་མ་ཟེར་བ་དེ་ཡོད་པར་བདེན་ན།
སླར་ཡང་སྦས་ལུང་ལྟ་བུའི་ཕ་ཡུལ་དེ་རུ་འཕོས་ཏེ།
སྣབས་ལུག་གི་བྱིས་པ་དག་རེ་རེ་བཞིན་རྒྱང་རིང་དུ་སྤུར་ཏེ།
ཡིད་ཕངས་ཀྱི་ཀླུང་ཆེན་འདི་སྐེམ་པར་བྱ་ཆོག་ཨང་།
དཀའ་ཁག་ཁུར་དུ་བཟོད་པའི་ཕ་ཡུལ་གྱི་མི་བུའི་ཨེན་སྒྲས།
ལུས་ཕུང་ནད་པ་འདི་ལ་སླར་ཡང་རྡོག་རོལ་ཞིག་བཏང་བྱུང་།
རྡོག་རོལ་དེ་རྩུབ་རང་དྲགས་པས།
ཡིད་གདུང་གི་རླུང་དམར་སྙིང་ཁམས་ནས་ལྡང་བྱུང་།
ལྡང་ལྡང་བའི་མཐའ་ན། ཡོད་ཚད་ཕ་ཡུལ་གྱི་གྲོང་པར་དུ་འཁྱར་སོང་།
ཕ་ཡུལ། བདག་ཀྱང་ཁྱེད་ཀྱི་པང་ནས་འཚར་བའི་མི་བུ་ཞིག་ཡིན་ཨང་།
ཚེ་སྲོག་གི་ས་བོན་ཆུང་ངུ་དེ་གྲ་ཡི་ཕུ་རུ་བཏབ་ཀྱང་།
བཞད་དགོས་པའི་བྱ་ལས་ཀྱི་མེ་ཏོག་རྐང་ཆག
གཞན་ཡུལ་ཡར་ཀླུང་གི་གཞུང་དུ་བཞད་དགོས་བྱུང་།
འཁྱར་འཁྱོར་གྱི་གོམ་བགྲོད་དེ་ཕ་ཡུལ་ནས་སྤོས་ཀྱང་།
འཇོག་དགོས་པའི་ཚེ་གཅིག་གི་རྐང་རྗེས་ཀྱོག་མོ།
ཁྲ་རིས་མགོ་གཡོག་གི་ཡུལ་དུ་འཇོག་དགོས་བྱུང་།
ཕ་ཡུལ། འདི་ཡང་གསང་ནས་གསང་མི་ཐུབ་པའི་ཞེ་ཁྲེལ་ཞིག་ཡིན་ཨང་།
སྣ་ཚོགས་ཤོག་སྙིགས་ཀྱི་དཀྱིལ་དུ་མྱུལ་དུས།
བརྗིད་ཆེ་བའི་རེ་བ་ཞིག་གིས་མཐའ་ནས་བསྐོར་ཡོང་།
རྦ་རླབས་བཞིན་འཁོལ་བའི་སྙིང་དབུས་ཀྱི་ཁྲག་དྲོན།
ཤོག་སྙིགས་དེ་དག་གི་ཆེད་དུ་ཡང་ཡང་བཞུར་ཡོད།
དེ་དུས། སེམས་པ་འདི་ལ་གཡོ་ཟོལ་ཞིག་གཏན་ནས་མེད་ཨང་།
འོན་ཏེ། ཕ་ཡུལ། རྒྱང་རིང་རི་ཁུག་གི་ཕ་ཡུལ།
ཁྱེད་ལ་ཆད་པའི་བུ་ལོན་དེ་མང་རང་མང་སོང་།
ལྷག་བསམ་གྱི་རྔུལ་ཆུས་བརྩིགས་པའི་ཤོག་སྙིགས་ཀྱི་ཕུང་པོ།
དེང་དུས་ཀྱི་ཨར་འདམ་ཐོག་ཁང་བཞིན་ཇེ་མཐོ་ནས་ཇེ་མཐོ་རུ་འགྲོ་དུས།
ཐོབ་ཤོར་གྱི་གཡུལ་ས་རུ་ཡང་ཡང་ཕམ་པའི་མི་རྒན་གྱི་བློ་སེམས།
ད་དུང་ཡང་གཉའ་རེངས་པའི་འབད་པ་ཞིག་གིས་སྐྱོར་ཡོད་ཨང་།
འོན་ཀྱང་……འོན་ཀྱང་ད་ལྟ་མགོ་བོ་བསྒུར་ནས་ཞིབ་པར་བསམས་ཚེ།
ཤོག་སྙིགས་དེ་དག་གི་བར་ན་ཕ་ཡུལ་ལ་ཕན་པ་ཤོག་ལྷེ་གཅིག་ཀྱང་མི་འདུག
ཡོད་ཚད་དོན་གོ་མི་ཆོད་པའི་གད་སྙིགས་ཤ་སྟག་རེད།
ཕ་ཡུལ། དགོངས་དག
ཁྱེད་ཀྱི་ཕྱོགས་སུ་ལག་པ་དྲོན་མོ་ཞིག་ཀྱང་བསྲིངས་མ་ཐུབ།
ཕ་ཡུལ། དགོངས་དག
ཁྱེད་ཀྱི་ཆེད་དུ་གླུ་ཡི་མཆོད་པ་ཞིག་ཀྱང་འབུལ་མ་ཐུབ།
གལ་ཏེ་……གལ་ཏེ་འཆི་བདག་གི་ཞགས་པ་འདི་ལས་རེ་ཞིག་བྲལ་ཐུབ་ན།
ད་ནས་སྦས་ལུང་ལྟ་བུའི་ཕ་ཡུལ་ཁྱེད་ལ་ཕྱོགས་ཏེ།
ཚ་ལམ་ལམ་གྱི་མིག་ཆུའི་འོད་ཐིགས་ཁྱེད་ཕྱོགས་སུ་གཏོར་ཏེ།
ཡིད་གདུང་གི་རླུང་དམར་འདི་འཇགས་པར་བྱས་ཆོག་ཨང་།



རྒས་ཟིན་པའི་འཛུམ་མདངས།
སྔ་ས་ནས་ལམ་ཆས་བསྡོགས་ཟིན་པའི་ཁྱེད་རང་།
ལོ་ངོ་དེའི་སྟོན་དུས་རྒྱང་རིང་ནས་རྒྱང་རིང་དུ་བཞུད།
བསེར་རླུང་དང་བསྡེབས་ནས་ཁྱབ་ཡོང་བའི་གླུ་སྐད་ཕྲ་མོ།
ལྷད་མེད་པའི་སེམས་པ་ཞིག་གི་བསྒྲགས་གཏམ་ཡིན་ནམ།
གཡུར་ཟའི་འབྲས་བུ་འདོགས་པའི་དུས་ཚིགས་དེར།
ཁྱེད་རང་རྒྱང་རིང་དུ་བཞུད་པའི་ལང་ཚོའི་རྒྱབ་གཟུགས།
ངའི་སེམས་ཁམས་ཀྱི་ཟབ་ས་ན་རྦ་རླབས་བཞིན་འཕྱུར་འོང་།
ཁྱེད་རང་གིས་བུས་པ་ཡིན་ནམ།
རྒྱང་རིང་ནས་ཁྱབ་ཡོང་བའི་གླིང་བུའི་སྐད་སྒྲ།
ཆད་ཆད་མཐུད་མཐུད་ངང་རྣ་ལམ་དུ་ལྷུང་དུས།
ཐོག་མ་ནས་སེར་ཁ་གས་པའི་ངའི་སྙིང་ཆུང་།
ད་གཟོད་ཚལ་པ་ནས་ཚལ་པར་འཐོར་འགྲོ།
ལོ་དེར། ང་ཚོས་ཁ་སྤྲོད་དུ་བསྡད།
ལོ་ཟླའི་ཆུ་ཀླུང་གིས་བར་བཅད་པའི་ང་ཚོ།
གང་ཞིག་ལ་ཡུན་རིང་ལག་ཐོགས་པ་མ་ཡིན་ནམ།
ཆེས་ཐོག་མའི་བྱད་བཞིན་དེ་བཙལ་འཚོལ་གང་ནུས་བྱས།
ང་རང་གིས་བྱད་བཞིན་དེ་རྒས་མི་འདུག་བརྗོད།
ཁྱེད་རང་གིས་ཀྱང་ངོ་མ་རྒས་མི་འདུག་ཟེར།
ལོ་དེའི་དགུན་གཞུང་དང་ལྷན་དུ།
ལོ་དེའི་མི་ལོ་བཅུ་དགུ་དང་ལྷན་དུ།
ཁ་བ་ཐུལ་ཐུལ་དུ་འབབ་པའི་མཚན་མོ་དེའི་ལམ་སྣེ་ནས།
ང་ཚོས་མདུན་སྐྱོད་ཀྱི་གོམ་ཁ་བསྒྱུར་མཚམས་བཞག
ངའི་ཐོག་མ་ཐོག་མའི་འཐམ་འཁྱུད་གཅིག་པུ་དེས།
ཆེས་གྲང་བའི་དགུན་གཞུང་དེར་ཁྱེད་རང་ལ་དྲོད་སྣང་ཞིག་ཨེ་བྱུང་།
ཁྱེད་རང་གི་མིག་མདས་བསྐྱངས་པའི་ངའི་དགོད་སྒྲ།
དུས་རིམ་དེའི་ནང་རྒྱ་ཡན་ནས་རྒྱ་ཡན་དུ་སོང་།
འཛུམ་མདངས་དྲོན་མོ་ཞིག
ལྷད་མེད་པའི་འཛུམ་མདངས་དྲོན་མོ་ཞིག
སུ་ཞིག་གིས་ཕྱུངས་བ་ཡིན།
མཁའ་རླུང་དྭངས་པའི་དཔྱིད་ཐོག་མའི་ཞོགས་པ་ཧྲིལ་པོ།
འཛུམ་མདངས་དེའི་གཟུགས་བརྙན་གྱིས་ཡོངས་སུ་བཟུང་།
ངས་ཁ་ཕྱིར་བསྐོར་ནས་ལྟ་དུས།
ཁྱེད་རང་འདོད་པ་ཁེངས་པའི་ངོ་གདོང་།
དཔྱིད་ཐོག་མའི་མེ་ཏོག་བཞིན་ལྷག་པར་མཛེས་ཨང་།
ལོ་ངོ་མང་པོ་འདས་རྗེས།
ང་ཚོ་སླར་ཡང་ཁ་སྤྲོད་དུ་བསྡད།
ངའི་མདུན་ངོས་སུ་བཞུགས་པའི་ཁྱེད་རང།
ཁྱེད་རང་གི་མདུན་ངོས་སུ་བསྡད་པའི་ང་རང་།
སྔར་བཞིན་འཛུམ་མདངས་ཀྱིས་ཕྱུག
འཛུམ་མདངས་དེ་རྒས་ནས་སྐྱ་ཐལ་དུ་གྱུར་ཟིན་མོད།
འཛུམ་མདངས་དེས་ད་དུང་ཡང་།
ཨུ་ཚུགས་ཆེ་བའི་ཁྱེད་རང་གི་གོམ་སྟབས་བཀླགས་ཐུབ།
འཛུམ་མདངས་དེས་ད་དུང་ཡང་།
ལམ་བར་ན་བོར་ཟིན་པའི་ངའི་སེམས་གཅོང་འཚོལ་ཐུབ། །



སེམས་པ་རླུང་ལ་བསྐུར་བ།
—­­—མ་ཅིག་ལབས་སྒྲོན་གྱི་གདན་ས་ཟངས་རི་ཁང་དམར་སྟེང་དུ་མཇལ་སྐོར་ལ་སོང་བའི་སེམས་འགྱུ།
ཤོག་སྙིགས་ཀྱི་ཕུང་པོ་དེ་ཡང་ཡང་བསློགས་པས།
ཆུ་གསུམ་ལབས་ཡུལ་གྱི་བུ་མོ་ཤེས་རབ་སྒྲོལ་མ།
ལོ་རྒྱུས་ཤོག་ཚལ་ངོས་ཀྱི་མ་ཅིག་ལབས་སྒྲོན།
ཡིད་ཀྱི་སྲུབས་ཀ་ནས་གློ་བུར་ཐོན་བྱུང་།
དྲན་པ་མོག་པོ་འདི་ལ་དབྱུག་པ་ཞིག་སྣུན་དུས།
རིག་མ་མྱོང་བའི་ཁྱེད་ཀྱི་ཞལ་རས།
ད་ལྟ་བདག་གི་ཀླད་ཁམས་ནང་འཇིག་ལ་ཉེ།
ཁང་དམར་སྟེང་ལ་ཁ་བ་འབབ་བཞིན་ཡོད་སྐད།
ཆུ་གསུམ་ལབས་ཡུལ་གྱི་བུ་མོ་ཤེས་རབ་སྒྲོལ་མ།
ཁ་བ་དེ་ཡི་དཀྱིལ་དུ་ནུབ་ཨེ་ཡོད།
སེམས་ཁྲལ་ཐོལ་པ་ཞིག་གི་སྐུལ་འདེད་འོག
ཟངས་རི་བ་དག་ལ་བཀའ་འདྲི་ཡང་ཡང་ཞུས།
ཁོང་རྣམ་པའི་ཡུལ་ན་ཆར་རླུང་ལས་ཁ་བ་མེད་ཟེར།
ཁ་བ་འབབ་པར་གྲགས་པའི་ཁང་དམར་སྟེང་།
རི་ཞབས་ནས་ལྟག་པ་དགྱེས་ཏེ་ལྟ་དུས།
རི་དྭགས་ཆོས་འཁོར་གྱི་ཚོན་མདོག་ཡལ་འདུག
ལོ་ཟླའི་ཆར་རླུང་དེ་མཛེས་པོ་གང་ཡང་མ་བྱུང་།
གྱེན་ལམ་ཕྲ་མོ་དེ་དལ་གྱིས་འཛེགས་དུས།
ཕོ་རོག་ཁྱུ་ཞིག་རླུང་མཁར་ལྡིང་བཞིན་འདུག
ཐན་སྐད་དེ་སྙན་པོ་གཏན་ནས་མ་བྱུང་།
རི་ལྡེབས་ཀྱི་མཆོད་རྟེན་ལ་རྒྱང་ལྟ་བྱེད་དུས།
རྒན་མོ་གཅིག་པུའི་འཁྱར་འཁྱོར་དུ་སྐོར་བཞིན་འདུག
དབུ་སྟེང་གི་བ་མོ་དེ་ལ་མིག་ཆུ་ཡང་ཤོར་བྱུང་།
ཆེ་མིན་ཆུང་མིན་གྱི་མདུན་སྒོ་དེ་བརྒལ་ནས་འགྲོ་དུས།
གྲྭ་རྒན་འགའ་ཉི་ཁ་ན་"ཁྱིམ་པའི་དཔེ་ཆ་"འདོན་ཞིང་འདུག
ཡིད་ཁམས་སུ་འགྲན་རྩོད་ཅིག་ཀྱང་གློ་བུར་དུ་ལངས་བྱུང་།
ས་རྡོ་འཁྱགས་ཀྱིས་བཟུང་བའི་དགུན་གཞུང་རིང་མོ།
གཙང་པོའི་གྲང་ངར་ལ་བཅིབས་པའི་བསིལ་རླུང་ཡང་མོ།
བདག་གི་སྙིང་ཁར་འུར་ཏེ་ཁ་འདར་ཡང་ཤོར་བྱུང་།
ཨོ། རིག་མ་མྱོང་བའི་ཁྱེད་ཀྱི་ཞལ་རས།
བདག་གི་ཀླད་ཁམས་ནང་འཇིག་ལ་ཉེ་བའི་ཞལ་རས།
ད་ལྟ་གང་དུ་ཡོད། ཅི་ན་བཞུགས།
མར་མེ་ཕྲ་མོ་དེའི་རྒྱབ་ངོས་ཀྱི་ཤེལ་སྒྲོམ་ནང་ན།
འཛུམ་མུལ་ལེར་བཞུགས་པའི་སྐུ་བརྙན་སེར་པོ།
ཡུན་རིང་མཇལ་འདོད་པའི་ཞལ་རས་དེ་ཡིན་ཟེར།
ལབས་ཡུལ་གྱི་བུ་མོ་ཤེས་རབ་སྒྲོལ་མ་དེ་ཡིན་ཟེར།
མི་ཚོས་མ་ཅིག་ལབས་སྒྲོན་དུ་འབོད་པ་དེ་ཡིན་ཟེར།
འདི་ན་ཁྱེད་ཀྱི་ཞབས་རྗེས་བྲིས་མ་ཞིག་ཡོད་སྐད།
ཆེས་བཙན་པའི་གྲྭ་རྒན་དེའི་ལག་ནས་རོལ་མྱོང་མ་ཐུབ།
དབྱུག་པ་སྦོམ་པོ་ཞིག་གིས་ལག་པ་དེ་ལ་རྡེག་འདོད་མོད།
མིག་ལམ་དུ་ངུར་སྨྲིག་པ་འདྲ་འདྲ་ཞིག་ཏུ་སྣང་བས།
སེམས་པ་ཕྲ་མོ་འདིས་འཕྱར་བའི་དབྱུག་པ་རིང་པོ།
ས་སྟེང་དུ་དལ་གྱིས་འཇོག་དགོས་བྱུང་།
ཤེལ་སྒྲོམ་གྱི་ནང་དུ་བཞུགས་པའི་སྐུ་བརྙན་སེར་པོ།
ཆུ་གསུམ་ལབས་ཡུལ་གྱི་བུ་མོ་ཤེས་རབ་སྒྲོལ་མ།
མ་ཅིག་ལབས་སྒྲོན་དུ་འབོད་པའི་མི་ཡུལ་གྱི་ལྷ་མོ།
གནས་མཇལ་རྒད་པོ་བདག་ལ་གསུང་ཞིག་བྱོན་རོགས།
ཅིས་ཀྱང་གསུང་ཞིག་བྱོན་རོགས།
ཁྱེད་ཀྱི་ཕ་ས་ན་ད་ལྟ་མཚན་ཙམ་པ་ལས་ཅི་ཡང་མེད་མོད།
འོ་ན། ཁྱེད་ཀྱིས་བཏབ་པའི་ཆོས་ར་གྲུ་བཞི་འདི་ན།
ད་ལྟ་རྗེས་འབྲངས་པ་སུ་ཞིག་བཞུགས་ཡོད།
བདག་གིས་བསྐོར་ཀྱང་མཇལ་རྒྱུ་མི་འདུག
ཁྱེད་ཀྱིས་གཏོད་པའི་སྒྲུབ་གནས་གངས་པ་སྤེལ་ཅིག་ན།
ད་ལྟ་རྗེས་རབས་པ་སུ་ཞིག་གིས་སྒྲུབ་ཅིང་ཡོད།
བདག་གིས་དྲིས་ཀྱང་བཤད་རྒྱུ་མི་འདུག
ཁྱེད་ཀྱིས་ཉུལ་བའི་རི་སུལ་དང་དུར་ཁྲོད་བས་མཐའ་ན།
ད་ལྟ་ལད་མོ་བ་སུ་ཞིག་གིས་ཉུལ་བཞིན་ཡོད།
བདག་གིས་བཙལ་ཀྱང་རྙེད་རྒྱུ་མི་འདུག
ཁྱེད་ཀྱིས་བརྩམས་པའི་ཞི་བྱེད་གཅོད་ཀྱི་སྒྲ་དབྱངས།
ད་ལྟ་གང་དུ་འདོན་བཞིན་ཡོད།
བདག་གིས་ཉན་ཀྱང་ཐོས་རྒྱུ་མི་འདུག
སྙགས་པ་རྒྱལ་མཚན།
ཕྱིར་མི་ལྡོག་པའི་སློབ་མ་ཕོ་མོ། ད་དུང་།
སྙིང་པོ་གྲུབ་པ་སོགས་སྲས་དང་སྲས་མོ།
ད་ལྟ་གང་དུ་བྱོན་ཡོད།
བདག་གིས་མཚན་ཙམ་ཡང་ཐོས་ཤིང་མི་འདུག
"ང་ཡི་བསྟན་པའི་སྙིགས་མ་ལ།
ཁ་བ་ཅན་ཞེས་བྱང་ཕྱོགས་སུ།
ཤེས་རབ་ཡུམ་ཆེན་ཐུགས་སྤྲུལ་ནི།
ལབས་ཀྱི་སྒྲོན་མ་བྱ་བ་འབྱུང་།
སྐྱེ་མེད་སྙིང་པོའི་དོན་སྟོན་ཅིང་།
གྲོང་དང་གྲོང་ཁྱེར་རི་སུལ་དང་།
དུར་ཁྲོད་བས་མཐའ་ཁྱབ་པར་ཉུལ།
དེ་ཡི་ཆོས་ནི་རྒྱས་པར་འགྱུར།
……"
འཇམ་དཔལ་རྩ་རྒྱུད་ཀྱི་ལུང་བསྟན། བདེན་ནམ།
བདེན་ན། གྲོང་དང་གྲོང་དབར་ཉུལ་མཁན་མང་མོད།
དུར་ཁྲོད་བས་མཐའ་ཉུལ་མཁན་དཀོན་པ་ཅི་ཡིན།
"ད་ལྟ་ཡེ་ཤེས་མཚོ་རྒྱལ་ཏེ།
འདི་ནས་མ་འོངས་དུས་དག་ན།
ལབས་ཀྱི་སྒྲོན་མ་ཞེས་བྱར་འབྱུང་།
གཅོད་ཀྱི་བསྟན་པ་རྒྱས་པར་བྱེད་"
སློབ་དཔོན་པདྨའི་ལུང་བསྟན། བདེན་ནམ།
བདེན་ན། དུང་དང་རྒྱ་གླིང་འབུད་མཁན་མང་མོད།
ས་སྲོད་དུ་རྐང་གླིང་འབུད་མཁན་དཀོན་པ་ཅི་ཡིན།
ཤེལ་སྒྲོམ་གྱི་ནང་དུ་བཞུགས་པའི་སྐུ་བརྙན་སེར་པོ།
ཆུ་གསུམ་ལབས་ཡུལ་གྱི་བུ་མོ་ཤེས་རབ་སྒྲོལ་མ།
ལོ་རྒྱུས་ཤོག་ཚལ་ངོས་ཀྱི་མ་ཅིག་ལབས་སྒྲོན།
ནམ་ཡང་ཞལ་འཛུམ་མུལ་ལེར།
འཛུམ་པའི་ཞལ་ནས་གསུང་ཅི་ཡང་མ་བྱུང་།
རེ་ཆད་དོ་པོ་ཞིག་འཁུར་ནས་ཕྱི་རོལ་དུ་ཐོན་དུས།
རི་དྭགས་ཆོས་འཁོར་དེ་སྔར་བཞིན་ཚོན་མདོག་ཡལ་འདུག
ཕོ་རོག་གི་ཁྱུ་དེ་སྔར་བཞིན་རླུང་མཁར་ལྡིང་བཞིན་འདུག
གྲྭ་རྒན་དག་ད་དུང་"ཁྱིམ་པའི་དཔེ་ཆ་"འདོན་བཞིན་འདུག
འོན་ཀྱང་འཁྱར་འཁྱོར་དུ་བགྲོད་པའི་སྐོར་ལམ་གྱི་རྒན་མོ།
ད་ལྟ་མཐོང་ཡུལ་ནས་ཡལ་ཟིན།
ད་ནི་མི་རྒན་ང་རང་ཡང་ལོག་འགྲོ།
རང་ཡུལ་སྨིག་སྒྱུའི་གྲོང་ལ་ཁ་གཏད་ནས་ལོག་འགྲོ།
ཚོན་མདོག་ཡལ་བའི་རི་དྭགས་ཆོས་འཁོར།
ཐན་སྐད་སྒྲོག་པའི་རླུང་མཁའི་ཕོ་རོག ད་དུང་
"ཁྱིམ་པའི་དཔེ་ཆ་"འདོན་པའི་ཉི་ཁའི་གྲྭ་རྒན།
ཡོད་ཚད་དགུན་འཁྱག་འདི་ལ་བསྒྲིལ་ནས་ལོག་འགྲོ།
འདར་བཞིན་པའི་སེམས་པ་འདི་ཡང་དགུན་རླུང་ལ་བསྐུར་
ནས་ལོག་འགྲོ།  




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1