སྒྱུ་རྩོམ་ལོ་ཙཱ་བྱེད་སྐབས་སུ་དོ་སྣང་བྱེད་དགོས་ པའི་གནད་དོན་འགའ་གླེང་བ།

གཡང་ཕྱུག་མཚོ་མོ། ཚེ་རིང་འཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


དང་པོ། མ་རྩོམ་གྱི་རྩོམ་ལུས་སོར་གནས་སུ་བསྒྱུར་དགོས།
        སྤྱིར་མི་རིགས་སོ་སོའི་རིག་གནས་མི་འདྲ་བའི་དབང་གིས་ སྒྱུ་རྩོམ་གྱི་བརྗོད་གཞིར་གྱུར་བའི་སྤྱི་ཚོགས་འཚོ་བའི་རྣམ་པ་སྣ་ཚོགས་ཡིན་པ་མ་ཟད། རྗོད་བྱེད་ཀྱི་ཐབས་རྩལ་ཡང་འདྲ་མིན་སྣ་ཚོགས་ཡོད་མོད། སྐབས་འདིར་བརྗོད་གཞིར་གྱུར་བའི་སྒྱུ་རྩོམ་གྱི་ཕྱིའི་རྣམ་པའི་ཆ་ནས་དཔྱད་ན། མི་རིགས་ཀུན་གྱི་སྒྱུ་རྩོམ་ལ་ཚིགས་བཅད་དང་ཚིག་ལྷུག་སྤེལ་མ་སྟེ་རྣམ་པ་གསུམ་ལས་མ་འདས་པས། སྒྱུ་རྩོམ་གྱི་ལོ་ཙཱའི་སྐབས་སུ་རྣམ་པ་དེ་དག་ཕལ་ཆེར་ཇི་བཞིན་དུ་སྒྱུར་ནུས་ཏེ། སྒྱུ་རྩོམ་གྱི་ནང་དོན་དང་རྣམ་པ་གཉིས་ནི་ཤ་དང་རུས་པ་ལྟ་བུ་གཅིག་ལ་གཅིག་བརྟེན་དུ་གནས་པ་ཡིན་ཏེ། སྒྱུ་རྩལ་གྱི་བརྩམས་ཆོས་ཀུན་གྱི་ནང་དོན་དང་རྣམ་པའི་བར་འབྲེལ་བ་ནི་གཞི་གཅིག་འབྲེལ་ཡིན་པས། རྣམ་པ་དོར་ནས་ནང་དོན་རྒྱས་གླེང་བྱེད་པ་དང་། ནང་དོན་ལོགས་སུ་བསྙལ་ནས་རྣམ་པ་མཛེས་མཛེས་བྱེད་པ་དག་གང་རུང་སྒྱུ་རྩལ་པ་དག་གི་འབད་གནས་མིན་ལ། ང་ཚོ་སྒྱུ་རྩོམ་གྱི་ལོ་ཙཱ་བ་རྣམས་ཀྱི་འཇུག་ཡུལ་ཀྱང་མིན། སྒོས་སུ་སྙན་ངག་དང་ལེགས་བཤད། གཏམ་དཔེ་ལ་སོགས་ཚིགས་བཅད་ཀྱི་རིགས་སུ་གྱུར་བའི་སྒྱུ་རྩོམ་རྣམས་ནི་ཚིག་ཉུང་ཞིང་དོན་འདུས་པ་དང་། སྡེབ་ལེགས་ཤིང་རྒྱན་གྱིས་ཕྱུག་པ། ཉམས་ལྡན་ཞིང་འཆར་སྣང་ཁྱད་དུ་འཕགས་པ། བཀླག་ན་བརྗོད་བདེ་ཞིང་འཛིན་སླ་བ་སོགས་ཀྱི་དགེ་མཚན་མངོན་པར་ལྡན་ཏེ། དེའི་ཚེག་ཁྱིམ་རེ་རེ་དང་ཚིག་རྐང་རེ་རེ་ལས་རྩོམ་པ་པོའི་གསར་གཏོད་ཀྱི་རྣམ་དཔྱོད་དང་ སྒྱུ་རྩལ་གྱི་རྟོག་འཆར་བཀོད་སྟོབས་སོགས་མཚོན་ཡོད་པས། གལ་ཏེ་ལོ་ཙཱ་བས་གང་སླ་ཇི་་འདོད་ལྟར་བྱས་ནས་མ་རྩོམ་གྱི་རྣམ་པ་སྣང་མེད་དུ་དོར་ནས་བསྒྱུར་བ་ན། དེ་ནི་མ་ཡིག་དང་མི་བསྟུན་པར་མ་ཟད། སྐྱེ་བོ་གཞན་དག་གི་ངལ་རྩོལ་གྱི་འབྲས་བུ་ལ་དམའ་འབེབས་དང་བརྙས་བཅོས་བྱས་པ་རེད་ཅེས་བརྗོད་ཀྱང་ཆོག དེའི་ཕྱིར་ང་ཚོས་སྒྱུ་རྩོམ་གྱི་ལོ་ཙཱ་བྱེད་སྐབས་ནང་དོན་དང་རྣམ་པ་གཉིས་ཀྱི་ཆ་ནས་མ་རྩོམ་དུ་ཇི་ལྟར་བརྗོད་ཡོད་པ་དེ་ལྟར་བསྒྱུར་དགོས་སོ། །དཔེར་ན་གཤམ་གྱི་སྙན་ངག་ཤོ་ལོ་ཀ་དེ་ནི་བོད་ཀྱི་སྙན་རྩོམ་དུ་དར་ཁྱབ་ཆེ་བའི་སྒྲ་རྒྱན་ནང་གི་ཟུང་ལྡན་གྱིས་སྤྲས་པ་ཞིག་ཡིན་ཏེ།
མོན་རོང་ལྗོན་ཤིང་ཤིང་ནགས་དྲ་བས་མཛེས། །
门戎树林林网交织美,
མཛེས་པའི་འདབ་ཆགས་ཆགས་བཅས་ལྡིང་བའི་གནས། །
美丽飞鸟鸟儿栖息地。
གནས་བཟང་མང་ཡུལ་ཡུལ་ལྗོངས་སྐྱིད་གྲོང་ལ། །
地灵芒域域景吉仲山,
ལ་འཕྲེང་བགྲོད་དཀའ་དཀའ་བ་དང་བླངས་ཀྱིས། །
山峦行难难苦心甘愿。
        ཞེས་བསྒྱུར་ཡོད་པ་དེ་མཐོང་ཚེ། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་སྦྱོར་བ་གང་གི་ཆས་ནས་ཀྱང་མ་ཡིག་དང་ཤིན་ཏུ་མཚུངས་པའི་འགྱུར་ཕུལ་དུ་བྱུང་བ་ཞིག་རེད་ཅེས་བསྔགས་བརྗོད་ཀྱི་མཐེ་བོང་བསྒྲེང་ངེས། དེའི་ཕྱིར་ང་ཚོས་སྒྱུ་རྩོམ་གྱི་ལོ་ཙཱའི་སྐབས་སུའང་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་བ་དང་། བློ་རྩེ་ཉི་ཤུ་རྩ་ལྔ་སྐོར་བ། བློ་སྒོ་དགུ་བཅུ་གོ་དགུ་འགྲེམ་པར་བཅས་བྱས་ནས་མ་ཡིག་གི་བརྗོད་བྱའི་དོན་ལ་ཆད་ལྷག་འཁྲུལ་གསུམ་མེད་པ་དང་། རྗོད་བྱེད་ཀྱི་ཚིག་སྦྱོར་ལའང་བསྡུ་བསྐྱེད་བཅོས་གསུམ་གྱི་ལྷད་སྐྱོན་དང་བྲལ་བའི་སྒོ་ནས་མ་རྩོམ་གྱི་རྣམ་པ་སོར་གནས་སུ་བསྒྱུར་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ནོ།
གཉིས་པ། མ་རྩོམ་ཁྲོད་ཀྱི་མི་སྣའི་སྐད་ཆ་ཇི་བཞིན་བསྒྱུར་བ།
        དེ་ཡང་ཨུ་རུ་སུའི་སྒྱུ་རྩོམ་མཁན་པོ་ཀོར་ཅིས། སྒྱུ་རྩོམ་ཞེས་པ་དེ་མཐར་གཏུགས་ན་འགྲོ་བ་མི་དང་འབྲེལ་བའི་རིག་གཞུང་ཆེན་པོ་ཞིག་ཡིན་ཞེས་གསུངས་པ་ཇི་བཞིན། མི་སྣའི་འགྲོ་ལུགས་འདུག་སྟངས་དང་ཡིད་ཀྱི་འགྱུར་བ་སྣ་ཚོགས་ནི་སྒྱུ་རྩོམ་ཀུན་གྱི་བརྗོད་དོན་གཙོ་བོ་ཡིན་པ་གླེང་མི་དགོས་ཤིང་། ལྷག་པར་དུ་སྒྲུང་གཏམ་དང་ཟློས་གར་སོགས་ལ་མཚོན་ན། གང་ཟག་གི་ཕྱིའི་སྐྱེ་གཟུགས་དང་ནང་གི་སེམས་ཁམས། གོན་པ་གྱོན་སྟངས། རྒྱན་ཆས་སྤྲས་ཚུལ། མིག་གི་ལྟ་སྟངས། གོམ་པའི་འདེགས་འཇོག སྐད་ཆའི་ངག་གདངས། བྱ་བ་སྤྱོད་ཚུལ་ལ་སོགས་འདི་དག་ཚང་མ་སྒྱུ་རྩལ་གསར་རྩོམ་གྱིས་ཞིབ་འབྲི་་ཞིབ་བཞེངས་བྱེད་པའི་གནས་ཡིན་མོད། འོན་ཀྱང་དེ་དག་ཕལ་ཆེར་རྩོམ་པ་པོའི་ངག་ལས་ཐོན་པ་ཡིན་པས་ཚིག་སྦྱོར་བབས་ཆགས་ཤིང་གོ་བདེ་བ་དང་། བརྗོད་ལེགས་ཤིང་ཁ་གསལ་བ་ཡིན་པས། ལོ་ཙཱ་བ་དག་གིས་ཀྱང་དེ་དག་ཇི་བཞིན་དུ་སྒྱུར་བ་ལ་ཐེ་ཚོམ་གྱི་དཔྱང་ཐག་མི་འཛིན་མོད། འོན་ཏེ་མི་སྣའི་གླེང་བརྗོད་ཀྱི་སྐད་ཆ་ནི་སྐབས་འགར་ཡུལ་སྐད་ཀྱིས་ལྷད་པ་དང་། སྡེབ་སྦྱོར་དང་ཚིག་གཤིས་གྱོང་པ་སོགས་མཐོང་ཚེ། ལོ་ཙཱ་བྱེད་མཁན་མང་ཤས་ཤིག་གིས་ཚིག་སྦྱོར་དེ་མཛེས་པོ་ཡོང་ཕྱིར་སྐད་ཆ་དེ་དག་སྡེབ་ཇེ་ལེགས་དང། སྦྱོར་ཇེ་བདེ། ཁ་ཇེ་གསལ། ཚིག་ཇེ་འཇམ་བཅས་བྱས་ནས་མི་སྣའི་གླེང་བརྗོད་ཀྱི་སྐད་ཆའང་ཚང་མ་ཡིག་སྐད་དང་བརྒྱན་ཚིག་གིས་བརྒྱན་པར་བྱས་ནས་སྒྱུར་བ་དེ་རིགས་ནི་རང་མདངས་ཤོར་ནས་བརྫིས་ཉམས་མངོན་པ་ལས་མཛེས་ཉམས་ཅི་ཡང་མི་སྟེར་རོ། །
        མི་སྣའི་གླེང་བརྗོད་ཀྱི་སྐད་ཆ་ལས་མི་སྣ་དེ་དག་གི་གཤིས་རྒྱུད་དང་སེམས་ཁམས་སོགས་མཚོན་པ་མ་ཟད། ད་དུང་རང་རང་གི་ཡོན་ཚད་དང་། ན་ཚོད། གོ་གནས། སྤྱོད་སྟངས་ལ་སོགས་ཀྱང་གསལ་པོར་མཚོན་ཐུབ་པས། སྒྱུ་རྩོམ་གྱི་ལོ་ཙཱའི་སྐབས་སུ་མི་སྣ་སོ་སོའི་གླེང་བརྗོད་བྱས་པའི་སྐད་ཆ་ཇི་བཞིན་དུ་སྒྱུར་བ་ནི་མ་ཡིག་དང་བསྟུན་ཐབས་བྱེད་པ་ཡིན་པ་མ་ཟད། རྩོམ་པ་པོས་བྱ་དངོས་ལ་ཞིབ་བསྡུར་བྱས་པའི་འབྲས་བུ་གཅེས་སྲུང་དང་འཚོ་བ་མངོན་མཚོན་བྱེད་པའི་ཐབས་རྩལ་བསྐྱར་འདོན་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཀྱང་ཡིན། དཔེར་ན། རྒྱའི་མཁས་པ་ཆེན་མོ་སྐུ་ཞབས་ལུའུ་ཞུན་གྱིས《ཨQཡི་རྟོགས་བརྗོད་》ཅེས་པའི་སྒྲུང་གཏམ་ནང་དུ་མི་རྣམས་ཀྱིས་ཨQལ་བསྡིགས་པའི་སྐད་ཆ་ཤིན་རུ་མང་མོད། འོན་ཀྱང་མི་སྣ་དེ་དག་གི་གོ་གནས་དང་། ཡོན་ཚད། གཤིས་རྒྱུད། ལུས་སྟོབས་སོགས་མི་འདྲ་བའི་སྟབས་ཀྱིས་སྡིག་ཚུལ་ཡང་སྣ་ཚོགས་བཀོད་ཡོད་དེ། ཨQཡིས་རང་གི་རུས་མིང་ལ་“ཀྲའོ་”ཡིན་ཞེས་བསྒྲགས་པ་དེ་རུས་“ཀྲའོ་”ཅན་གྱི་ཕྱུག་བདག་རྒད་པོ་དེས་ཐོས་རྗེས་ཨQལ་“阿Q,你这个浑小子! 你说我是你的本家么?”ཞེས་གཤེ་གཤེ་བཏང་བ་དང་། ཨQདང་ཝང་ཧུའུ་གཉིས་ཀྱིས་སྲང་འདབ་ནས་ཉི་མར་སྲོ་ཞོར་རང་རང་གི་སྟོད་གོས་ལས་ཤིག་འཐུ་སྐབས། ཨQཡིས་རང་གིས་བཏུས་པའི་ཤིག་དེ་ཝང་ཧུའུ་ལས་ཉུང་བ་མ་ཟད་སོ་ཡིས་བལྡད་ཀྱང་ཅུང་སྒྲ་ཆུང་བས། ཁ་ནས་སྡིག་ཚིག་འགའ་ཤོར་བ་ན།ཝང་ཧུའུ་ཡིས་“癞皮狗,你骂谁?……你的骨头痒了么?”ཞེས་བསྡིགས་པ། ཨQཡིས་བུའུ་མ་ཞེས་པའི་བུད་མེད་དེ་དང་གཉེན་སྒྲིག་འདོད་པའི་རྣམ་པ་བསྟན་ཚེ། ཀྲའོ་ཞེའུ་ཚའེ་ཞེས་པའི་ཤེས་ཡོན་ཅན་དེས་“你反了,……王八蛋!” ཞེས་བསྡིགས་པ། ཡང་ཨQཡིས་སྐྲ་གསར་དུ་བཞར་ཟིན་པའི་ཇོ་མོ་ཆུང་ཆུང་དེའི་མགོ་ལ་ལག་པས་རེག་བཞིན་སྙད་བརྐོས་པ་ན།ཇོ་མོ་ཆུང་ཆུང་དེས་ངུ་སྐད་འདོན་བཞིན་“这断子绝孙的阿Q。”ཞེས་སྡིག་ཞོར་དུ་སོང་བ་དང་། ཨQདང་ཞའོ་Dཞེས་མི་ལྡོམ་གཉིས་རྡུང་རེས་བརྒྱབ་རྗེས་མཐར་རྒྱལ་ཕམ་གྱི་དབྱེ་བ་འབྱེད་མ་ནུས་པར་རང་རང་སར་གྱེས་ཚེ། ཨQཡིས་ “记着罢,妈妈的……”ཞེས་གཤེ་ཞིང་བསྡིགས་པ་ན། ཞའོ་Dཡིས་ཀྱང་“妈妈的,记着罢……”ཞེས་ཕྱིར་བསྡིགས་པ་ལ་སོགས་སྐད་ཆ་འདི་དག་ལས་མི་སྣ་དེ་དག་གི་བསམ་བློ་དང་ཀུན་སྤྱོད། ཡོན་ཚད། གཤིས་རྒྱུད། དེ་མིན་རང་རང་གི་སྐབས་དེའི་སེམས་ཁམས་དང་རྣམ་འགྱུར་སོགས་གསལ་པོར་མཐོང་མ་ཐུབ་མོད། གལ་ཏེ་ང་ཚོས་སྒྲུང་གཏམ་དེ་སྐད་ཡིག་གཞན་དུ་སྒྱུར་སྐབས་སྐད་ཆ་དེ་དག་ཚང་མ་ཡིག་སྐད་དུ་སྦྱར་ནས་ཇེ་མཛེས་སུ་བཏང་བ་ན། ཕྱུག་བདག་རྒད་པོའི་རྫིག་ཉམས་དང་། ཀྲའོ་ཞའོ་ཚེའི་མཁས་ཚུལ་དང་དཔོན་ཉམས། ཝང་ཧུའུ་ཡི་གཏུམ་རྔམ། ཇོ་མོ་ཆུང་ཆུང་གི་སྐྱབས་མེད་ཉམ་ཆུང་གི་ཉམས། ཞའོ་Dཡི་ཤེས་དམན་ཐ་ཤལ་གྱི་རྣམ་པ་སོགས་མངོན་མཚོན་པའི་སྐད་ཆའི་ཁྱད་ཆོས་དག་ ཉམས་པར་འགྱུར་སྲིད། སྤྱིར་སྒྱུ་རྩོམ་ནང་གི་མི་སྣའི་གླེང་བརྗོད་ཀྱི་སྐད་ཆའང་རྩོམ་པ་པོས་སྒྱུ་རྩལ་གསར་རྩོམ་གྱི་སྐབས་སུ་ལས་སྣོན་བྱས་པ་ཡིན་མོད། འོན་ཀྱང་དེ་ནི་མི་སྣ་དེ་དག་གི་བསམ་བློ་དང་ཡིད་འགྱུར་སོགས་ཕྱིར་མཚོན་བྱེད་པའི་སྒོ་མོ་ལྟ་བུ་ཡིན་པས། མི་སྣ་སོ་སོའི་གཤིས་རྒྱུད་དང་། གོ་གནས། མྱོང་སྟོབས། ཡོན་ཚད་སོགས་བསྟུན་དགོས་པ་ཡིན་པས། རྩོམ་པ་པོས་གསར་རྩོམ་གྱི་བྱ་རིམ་སྔོན་དུ་མི་སྣ་དེ་དག་གི་ཐུན་མིན་གྱི་ཁྱད་ཆོས་སྣ་ཚོགས་ལ་ ཞིབ་དཔྱད་དང་ཤེས་རྟོགས་བྱེད་དགོས་པ་ཇི་བཞིན། ལོ་ཙཱ་བས་ཀྱང་སྒྱུ་རྩོམ་གྱི་ལོ་ཙཱའི་ལས་ལ་འཇུག་སྐབས། ཐོག་མར་མ་ཡིག་ལ་བློས་ཞིབ་མོར་དཔྱད་ནས་མི་སྣ་སོ་སོའི་གཤིས་རྒྱུད་དང་ཡོན་ཚད་ལ་སོགས་ཁོང་དུ་ཆུད་པར་བྱ་དགོས། །
གསུམ་པ། མ་རྩོམ་གྱི་རྩོམ་གཤིས་བསྐྱར་མཚོན་བྱེད་པར་དོ་སྣང་བྱ་དགོས།
        སྤྱིར་རྩོམ་གཤིས་ཞེས་པ་ནི་རྩོམ་པ་པོ་ཞིག་གི་བརྩམས་ཆོས་ཀུན་ལ་ གནས་པའི་ཐུན་མིན་རང་གཤིས་སུ་གྱུར་བའི་བསམ་བློའི་མཚོན་སྟངས་དང་ ཉམས་ཀྱི་འདོན་ཚུལ་སོགས་སྒྱུ་རྩལ་ཀྱི་ཁྱད་ཆོས་ཡོད་དགུའི་སྤྱི་མིང་ལྟ་བུ་ལ་གོ་དགོས་ཏེ། དེ་ནི་རྩོམ་པ་པོ་དེས་དུས་ཡུན་རིང་བོར་སྒྱུ་རྩལ་གསར་རྩོམ་ལ་འབད་པ་དང་ ཉམས་ལེན་བྱས་པའི་ཁྲོད་རིམ་བཞིན་ཆགས་པ་ཡིན་པས། རྩོམ་པ་པོ་ཞིག་ལ་ཆ་མཚོན་ན། དེ་ནི་དུས་རབས་ངེས་ཅན་ཞིག་དང་འཚོ་གནས་ཀྱི་སྤྱི་ཚོགས་ཁོར་ཡུག་ངེས་ཆན་ཞིག་གི་ཁྲོད་དུ་མི་རིགས་ཀྱི་འདུ་ཤེས་ངེས་ཅན་ཞིག་ཆགས་བཞིན་འཚོ་ཞིང་གནས་པ་ཡིན་པས། མི་རིགས་ཀྱི་མཆེད་ཁོངས་མཐུན་ཞིང་དུས་རབས་གཅིག་ཏུ་གནས་པའི་རྩོམ་པ་པོ་སྐོར་ཞིག་ལ་ཁྱད་ཆོས་ཐུན་མོང་བ་འགའ་རེ་ལྡན་པ་ནི་གླེང་མེད་ཡིན་མོད། འོན་ཀྱང་དེ་དག་གི་ལྷན་སྐྱེས་ཀྱི་ཤེས་རབ་དང་སྤོབས་པ། རྗེས་སྦྱང་གི་ཡོན་ཚད་དང་མཐོང་རྒྱ། འཚོ་བའི་མྱོང་སྟོབས་དང་དཔྱད་བརྗོད་ཀྱི་མཐུ་རྩལ་སོགས་མི་འདྲ་བའི་དབང་གིས་བརྗོད་བྱའི་འདེམ་འགོད་དང་།བརྗོད་འདོད་ཀྱི་དགོངས་གཞི་སོགས་དོན་གྱི་ཆ་དང་། སྣང་བརྙན་གྱི་བཞེངས་ཚུལ་དང་། རྩོམ་ཁོག་གི་སྒྲིག་བཀོད། རྩོམ་ལུས་ཀྱི་སྤེལ་སྟངས། རྒྱན་གྱི་སྤྲས་ཚུལ། ཚིག་སྦྱོར་གྱི་འཇམ་རྩུབ་སོགས་ཕྱིའི་རྣམ་པའི་ཆ་ནས་རྩོམ་གཤིས་ཀྱི་གྲུབ་རྐྱེན་སོ་སོའི་ཕྱོགས་གང་གི་ཆ་ནས་ཀྱང་ཐུན་མོང་མ་ཡིན་པའི་རང་གཤིས་ཤིག་མཐོང་ཐུབ་སྟེ། དཔེར་ན་གནའ་དུས་ཀྱི་རྒྱ་གར་ལ་མཚོན་ན། མཛེས་པའི་ཉམས་འདོན་པ་ལ་མཆོག་ཏུ་གྱུར་བ་ནག་མོ་ཁོལ་དང་། སྙན་པའི་རོ་ལ་མཆོག་ཏུ་གྱུར་བ་དབྱུག་པ་ཅན། མཐུན་པའི་སྒྲ་ལ་མཆོག་ཏུ་གྱུར་བ་བྷ་ར་བི་ཞེས་གྲགས་པའི་མཚན་སྙན་ས་ཕྱོགས་ཀུན་ན་རླུང་ལྟར་རྒྱུ་བ་འདི་དག་མཐར་གཏུགས་ནས་བཤད་ན་དེ་ནི་མཁས་དབང་དེ་དག་གི་ཐུན་མིན་གྱི་རྩོམ་གཤིས་བརྗོད་པ་ཡིན་ལ། རང་ཅག་ཁ་བ་ཅན་དུ་བྱོན་པའི་མཁས་དབང་དག་གི་རྩོམ་གཤིས་ཀྱང་ཐ་དད་ཡིན་ཏེ། དཔེར་ན་རྗེ་ཙོང་ཁ་དང་། རྗེ་ས་པཎ། ཀློང་ཆེན་པ། ཀརྨ་རང་བྱུང་རྡོ་རྗེ་སོགས་ཀྱི་བཀའ་རྩོམ་དག་གི་རྩོམ་གཤིས་ནི་ཚིག་སྦྱོར་ཕལ་ཆེར་འཇམ་ཞིང་གཉེན་པ་དང་། བརྗོད་པ་ཁ་གསལ་ཞིང་གོ་བདེ་བ་ཡིན་པས་མཛེས་པའི་ཉམས་ལྡན་པ་ཡིན་ལ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་དང་། རྒྱལ་དབང་ལྔ་བ་ཆེན་པོ། སྡེ་བ་རིན་སྤུངས་པ། འཇིགས་མེད་གླིང་བ་སོགས་ཀྱི་བཀའ་རྩོམ་མང་ཆེ་བའི་རྩོམ་གཤིས་ནི་ཚིག་སྦྱོར་ཁ་དམ་ཞིང་གོ་དཀའ་བ་དང་། ཡི་གེའི་སྦྱོར་རྩུབ་བཅས་ཀྱིས་བརྗིད་པའི་ཉམས་འབུར་དུ་ཐོན་པ་ཞིག་ཡིན།དེ་ཡང་རྒྱ་ནག་གི་ཐང་རྒྱལ་རབས་ཀྱི་སྙན་ངག་མཁན་པོ་ལི་པེ་ལྟ་བུའི་སྙན་ངག་ནི་ཚིག་སྦྱོར་དོན་ཟབ་ཅིང་གོ་སླ་བ་དང་། བརྗོད་པ་བརྗིད་ཆགས་ཤིང་བག་ཕེབས་པ་བཅས་ཏེ་བརྗིད་ཉམས་ལྡན་པའི་རྩོམ་གཤིས་ཀྱིས་མངོན་པར་སྤྲས་ཡོད་ལ་སུང་རྒྱལ་རབས་སྐབས་ཀྱི་སྙན་ངག་པ་གྲགས་ཅན་ཞིན་ཆི་ཅི་ཞེས་པའི་སྙན་ངག་ནི་བརྗིད་བག་ཆེ་ལ་སྐྱོ་ཉམས་ལྡན་པ་ཞིག་རེད། དེང་རབས་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ལུའུ་ཞུན་གྱི་བརྩམས་ཆོས་རྣམས་ནི་ཚིག་སྦྱོར་ཁ་གཟེར་པོ་དང་ གནད་ལ་ཁེལ་བ་ཤ་སྟག་ཡིན་པ་མ་ཟད། སྐྱེ་ཕོ་མོ་རྒན་གཞོན་ཀུན་གྱིས་གོ་སླ་བ་དང་ཉན་སྤྲོ་བ་བཅས་ཀྱི་ཁྱད་ཆོས་ལྡན་འདུག རྩོམ་གཤིས་ཞེས་པ་དེ་ཡང་རྩོམ་པ་པོ་དག་གི་སྐད་ཆ་ལ་བརྟེན་ནས་རང་གི་བརྗོད་འདོད་ཀྱི་འཚོ་བ་དང་མཚོན་འདོད་ཀྱི་བསམ་བློ་ཚུར་ སྣང་བྱེད་པ་ཡིན་ལ། ཀློག་པ་པོ་རྣམས་ཀྱིས་ཀྱང་སྐད་ཆ་ལ་བརྟེན་ནས་བརྩམས་ཆོས་ཀྱི་བརྗོད་དོན་དང་སྒྱུ་རྩལ་སོགས་ལོངས་སུ་སྤྱད་པ་ཡིན་པས། སྐད་ཆ་ནི་རྩོམ་གཤིས་ཀྱི་གྲུབ་རྐྱེན་སྣ་ཚོགས་ཁྲོད་ཆེས་གསོན་ཉམས་ལྡན་ཞིང་དངོས་གནས་ཀྱི་རང་བཞིན་ལྡན་པའི་ མཚོན་བྱེད་ཁྱད་དུ་འཕགས་པ་ཞིག་ཡིན་པས།ང་ཚོས་སྒྱུ་རྩོམ་གྱི་ལོ་ཙཱའི་ཁྲོད་དུ་ སྐད་རིགས་བར་གྱི་ཁྱད་ཆོས་གོ་བསྡུར་དང་རིག་གནས་སྤོར་སྤྱོད་བྱེད་པ་སོགས་ཀྱི་ཐབས་ལམ་ སྣ་ཚོགས་ལ་བརྟེན་ནས་མ་ཡིག་གི་རྩོམ་གཤིས་དེ་ཚད་ངེས་ཅན་ཞིག་གི་སྒོ་ནས་འགྱུར་ཡིག་ ཁྲོད་དུ་བསྐྱར་མཚོན་བྱེད་ཐུབ་དགོས། འདིར་ཚད་ངེས་ཅན་ཞེས་བརྗོད་དགོས་པ་ནི། སྤྱིར་སྤྱི་ཚོགས་ཀྱི་འཚོ་བ་ཚུར་སྣང་བྱེད་པའི་རྩོམ་རིག་གི་སྒྱུ་རྩལ་ལ་བརྟེན་ནས་སྤྱི་ཚོགས ་ཀྱི་འཚོ་བ་དང་བརྗོད་འདོད་ཀྱི་བསམ་བློ་སོགས་སྣང་བརྙན་དང་ཁྱད་གཟུགས་སུ་བཀོད་ནས་མི་རྣམས་ཀྱི་སྤྱན་སྔར་དྲངས་པ་ཡིན་མོད། འོན་ཀྱང་སྐད་རིགས་མི་འདྲ་བའི་མི་རིགས་གཉིས་བར་གྱི་སྐད་ཆའི་བརྗོད་སྟངས་དང་ཚིག་གི་གྲུབ་ཚུལ། དཔེའི་འཇོག་ལུགས། ཡི་གེའི་ངོ་བོ་ལ་སོགས་མི་འདྲ་བའི་དབང་གིས་སྐད་རིགས་གཞན་ཞིག་གི་སྒོ་ནས་མ་རྩོམ་གྱི་ རྩོམ་གཤིས་དེ་བླུགས་གཅིག་ལས་ཐོན་པ་ལྟ་བུ་ཇི་མ་ཇི་བཞིན་དུ་བསྐྱར་མཚོན་བྱེད་ཐུབ་ ཅེས་འུད་གཏམ་སྟོང་ལབ་རྒྱག་ག་ལ་རུང་། དེ་ནའང་དཀའ་བ་ཙམ་གྱིས་སྒྲུབ་མི་ནུས་པའམ་སྒྲུབ་མི་དགོས་པ་གཏན་ནས་མིན་ཏེ། འཇིག་རྟེན་གྱི་བྱ་དངོས་ཚང་མར་རང་ཉིད་ཀྱི་མཚན་ཉིད་དང་མཐུན་པའི་ཆོས་ཉིད་རེ་ཡོད་ལ། ཆོས་ཉིད་དེ་དག་ནི་མི་རྣམས་ཀྱིས་འཇིག་རྟེན་གྱི་བྱ་དངོས་ཚང་མར་རང་ཉིད་ཀྱི་མཚན་ཉིད་དང་མཐུན་པའི་ཆོས་ཉིད་རེ་ཡོད་ལ། ཆོས་ཉིད་དེ་དག་ནི་མི་རྣམས་ཀྱིས་འཇིག་རྟེན་དབང་དུ་བསྡུ་བའི་འཇུག་སྒོ་དང་ཐབས་ལམ་ཡིན་པས། ང་ཚོ་སྒྱུ་རྩོམ་ཞིག་གི་ལོ་ཙཱའི་ལས་ལ་འཇུག་ཚེ། ཐོག་མར་མ་རྩོམ་གྱི་རྩོམ་གཤིས་ལ་ཞིབ་མོར་དཔྱད་དེ། ཚིག་སྦྱོར་རེ་རེའི་འཇམ་རྩུབ་དང་རིང་ཐུང་། ཚོར་འདུ་དྲག་ཞན། རྒྱན་གྱིས་སྤྲས་ཚུལ་སོགས་བྱེ་བྲག་གི་ཁྱད་ཆོས། རྩོམ་གཞུང་གི་སྒྲིག་བཀོད། ས་བཅད་ཀྱི་དབྱེ་མཚམས། རྩོམ་ལུས་སྤེལ་སྟངས་སོགས་སྤྱིའི་རྣམ་པའི་ཆ་བཅས་ལ་ཡང་ཡང་དཔྱད་པར་བརྟེན། མ་ཡིག་གི་རྩོམ་གཤིས་ཀྱི་མཚོན་བྱེད་ཡོད་དགུར་ཤེས་རྟོགས་དང་ དཔྱད་འཇོག་གང་ལེགས་བྱས་རྗེས། ད་གཟོད་སྒྱུར་བྱེད་ཀྱི་སྐད་ཆའི་ལུགས་དང་མཐུན་པའི་སྒོས་མ་ཡིག་གི་ཚིག་སྦྱོར་དང་བརྗོད་དོན། བསམ་བློའི་མཚོན་བྱ་དང་སྒྱུ་རྩལ་ཁྱད་ཆོས་སོགས་སྒོ་ཀུན་གྱི་ཆ་ནས་ཅི་མཐུན་གང་འཚམ་གྱི་ཚུལ་དུ་བསྒྱུར་བའི་ཕྱོགས་སུ་རང་གི་བློ་གྲོས་ཀྱི་རྩལ་ དང་རྣམ་དཔྱོད་ཀྱི་རིག་པ་བསྒྲིམ་པ་ན་མ་ཡིག་གི་རྩོམ་གཤིས་དེའང་འགྱུར་ཡིག་ཏུ་བསྐྱར་མཚོན་བྱེད་ཐུབ་བོ། ། 
◆ གཡང་ཕྱུག་མཚོ་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ།
◆ ཚེ་རིང་འཚོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1