༄༅།། རྒྱ་གར་གྱི་རིག་གནས་འཛམ་གླིང་དུ་དར་བ།

རྒྱ་ཡེ་བཀྲ་བྷོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ལྗོངས་དྲ་བ། སྤེལ་དུས། 04-08


རྒྱ་ཡེ་བཀྲ་བྷོ།
          སྤྱིར་རྒྱ་གར་པ་དང་། ཏ་ཟིག་པ། ཡོ་རོབ་པ་བཅས་ཀྱི་སྤྱི་མེས་ནི་ཨཱ་རྱའི་མི་ཡིན་འདུག་པས། ཁོང་ཅག་ནི་རིག་གནས་ཀྱི་རྩ་བའི་ཁུངས་གཅིག་ལ།  དེ་དག་ལ་རང་རང་སོ་སོའི་ཡུལ་གྱི་རིག་གནས་མ་གྲུབ་པའི་སྔོན་ནས་སྐད་དང་། བསམ་འཁྱེར། ངག་རྒྱུན། ཡུལ་ཆོས་སོགས་ལ་ཐུན་མོང་གི་ཆེ་མང་དུ་ཡོད་པ་ནི་འཛམ་གླིང་ཤར་ནུབ་ཀྱི་མཁས་པ་མང་པོའི་གསུང་ལས་མཐོང་ཐུབ། འོན་ཀྱང་དེ་ནི་རྩ་བའི་ཁུངས་གཅིག་པ་ཙམ་དུ་ཟད་པས། རྒྱ་གར་གྱི་རིག་གནས་ནུབ་ཕྱོགས་སུ་དར་བའི་དཔེར་ནི་མི་རུང་ངོ་། ། རྒྱ་གར་པ་དག་ནུབ་ཕྱོགས་ཀྱི་མི་ལ་འབྲེལ་བ་དང་པོར་བྱུང་བ་ནི། སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་ཙམ་ནས་ཡིན་ཏེ། སྐབས་དེ་ཙམ་ནས་རྒྱ་གར་པ་དང་གྷི་རིག་པ་ཞེས་འཛམ་གླིང་ཤར་ནུབ་ཀྱི་རིག་གནས་ཀྱི་བདག་པོ་ཆེན་པོ་དེ་གཉིས་སླར་འཕྲད། སྐབས་དེ་ནི་ཏ་ཟིག་བཙན་པོའི་རྒྱལ་རབས་ཀྱི་དུས་ཡིན་ལ། དེའི་མངའ་ཁོངས་ཤིན་ཏུ་རྒྱ་ཆེ་བས་རྒྱ་གར་པ་དང་གྷི་རིག་པའང་འབངས་སུ་འདུ། ཏ་ཟིག་གིས་རྒྱ་གར་པ་དང་གྷི་རིག་པ་ཕན་ཚུན་འབྲེལ་འདྲིས་བྱེད་པའི་གོ་སྐབས་བསྐྲུན་པ་ལ་བརྟེན་ནས་རྒྱ་གར་གྱི་ཆོས་ལུགས་དང་རིག་གནས་ཡོ་རོབ་ཏུ་དར་བའི་འགོ་ཚུགས། གནའ་བོའི་གྷི་རིག་གི་རྟོག་གེ་པ་ཆེན་མོ་དང་ཆོས་ལུགས་ཀྱི་སློབ་དཔོན་ཆེན་མོ་པེ་ཏ་ཀོ་ར་ཟིས་ཏ་ཟིག་ཏུ་བྲམ་ཟེའི་ཆོས་ཀྱི་ལྟ་གྲུབ་དང་རྩིས་རིག་པ་ལ་སྦྱངས། བྲམ་ཟེའི་ཆོས་ལུགས་ཀྱི་རྟོག་གེ་པ་དང་སོ་ཀུ་ར་ཏེ་ཡིས་ཨ་ཐེན་དུ་བགྲོ་གླེང་བྱས་པའི་ཚུལ་སོ་ཀུ་ར་ཏེའི་སློབ་མ་ཟེ་ནོ་བྷོན་བྱ་བས 《སོ་ཀུ་ར་ཏེའི་གསུང་དང་མཛད་སྤྱོད་ཀྱི་དྲན་ཐོ》ཞེས་པའི་བརྩམས་ཆོས་སུ་བཀོད་འདུག། པེ་ཏ་ཀོ་ར་ཟིའི་རྣམ་ཤེས་དང་། ལས་འབྲས། འཁོར་བ། སྲོག་མི་གཅོད་པ། ཤ་མི་ཟ་བ་ལ་སོགས་པའི་ལྟ་སྤྱོད་དང་། ཡང་ཁོས་སྐྱེ་བ་དྲན་པར་བཤད་པ་དང་། གཞན་ཡང་ཧི་ར་ཁུ་ལི་ཐི །  ཨེམ་ཕེ་ཏོ་ཁུ་ལི། སོ་ཀུ་ར་ཏེ །  པུ་ལ་ཐོ། ཨྲི་ས་ཏོལ་ལ་སོགས་པའི་བསམ་བློ་ལ།  ཧིན་དྷུའི་ཆོས་ལུགས་དང་ནང་པ་སངས་རྒྱས་པའི་ཆོས་ཀྱི་འདོད་ཚུལ་དང་ཆ་མཚུངས་པ་མང་དུ་སྣང་། གནའ་བོའི་གྷི་རིག་གི་དབྱིབས་རིག་པ་ནི་གནའ་བོའི་རྒྱ་གར་གྱི་ཤུལྤ་སཱུཏྲ་སྟེ་ཐ་གུའི་མདོ་བྱ་བ་ལས་བྱུང་ཞིང་། གནའ་བོའི་གྷི་རིག་གི་གསོ་བ་རིག་པའང་གནའ་བོའི་རྒྱ་གར་གྱི་ཨཱ་ཡུརྦེ་ད་སྟེ་ཚེའི་རིག་བྱེད་ལས་བྱུང་།   
          སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པའི་སྟོད་ཙམ་ལ། གྷི་རིག་གི་བྱང་ཕྱོགས་སུ་མ་ཆི་ཏུན་ཞེས་པའི་རྒྱལ་ཁབ་སྟོབས་ལྡན་ཞིག་བྱུང་། དེས་གྷི་རིག་ཀྱང་མངའ་འོག་ཏུ་བཅུག་པའི་འཕྲོ་ལ་འཛམ་གླིང་ཤར་ཕྱོགས་ཀྱི་རྒྱལ་ཁམས་མཐའ་དག་དབང་འོག་ཏུ་བསྡུ་བའི་གྲབ་ཤོམ་བྱས། སྤྱི་ལོའི་སྔོན་གྱི་ལོ330པར་མ་ཆིན་ཏུན་གྱི་རྒྱལ་པོ་ཨེ་ལག་ཟན་དྷར་གྱིས་དམག་གི་དཔུང་ཆེན་པོ་དྲངས་ཏེ་ཏ་ཟིག་བཙན་པོའི་རྒྱལ་ཁབ་བཅོམ། སྤྱི་ལོའི་སྔོན་གྱི་ལོ326པའི་དཔྱིད་ཀར་ཁོ་དམག་གི་དཔུང་ཆེན་པོ་དང་བཅས་ཏེ་རི་བོ་སིནྔྷུ་ཀུ་ཤ་བརྒལ་ནས་རྒྱ་གར་གྱི་ཆུ་བོ་ལྔའི་ཡུལ་དུ་སླེབས། ཆུ་བོ་སིནྔྷུའི་རྒྱུད་ཀྱི་ཡུལ་མང་པོ་བཟུང་ཞིང་། རྒྱ་གར་དུ་ལོ་གཅིག་ལྷག་བསྡད། སྤྱི་ལོའི་སྔོན་གྱི325ལོའི་ཟླ10པར་ཁོས་དམག་ཉུང་ངུ་ཙམ་དབང་འོག་ཏུ་བསྡུས་པའི་ཡུལ་གྱི་གཉེར་ཚགས་པར་བཞག་རྗེས་དམག་བྱིངས་ཁྲིད་ནས་ཕྱིར་ནུབ་ཏུ་བསྐྱོད་ཅིང་། ལོ་གཉིས་ཀྱི་རྗེས་ཏེ་རང་ལོ་སོ་གསུམ་གྱི་སྟེང་བ་བྷེ་ལོན་དུ་འདར་བུའི་ནད་ཀྱིས་ཤི།  ཨེ་ལག་ཟན་དྷར་གྱི་འཁོར་དུ་ཡོད་པའི་མཁས་པ་དག་སྐབས་དེའི་བྲམ་ཟེའི་ཆོས་ལུགས་ཀྱི་ཆོས་གཞི་ལྟ་བུ་ཡིན་པའི་རྡོ་འཇོག་ལ་ངོ་མཚར་སྐྱེས་ཤིང་། ལག་ཏུ་གང་འོངས་པའི་རྒྱུ་ཆ་རྣམས་ཕྱིར་གྷི་རིག་ཏུ་ཁྱེར། དེ་ལྟར་ཨེ་ལག་ཟན་དྷར་གྱིས་འཛམ་གླིང་ཤར་ནུབ་ཀྱི་བར་དུ་ལམ་བཏོད་པ་ནས་བཟུང་། ཤར་ནུབ་ཀྱི་ཡུལ་གྲུ་གཉིས་དང་རྒྱ་གར་དང་ཡོ་རོབ་ཀྱི་བར་དུ་འགྲོ་འོང་གི་ཟམ་མ་ཆད།  
          འོན་ཀྱང་འཛམ་གླིང་ཤར་ནུབ་གཉིས་ཆེས་ཐོག་མར་ཐུག་འཕྲད་བྱུང་བ་ནི་ཏ་ཟིག་དང་གྷི་རིག་གི་གཡུལ་འཁྲུག་ཆེན་མོའི་དུས་ཙམ་ནས་ཡིན་ལ། གྷི་རིག་པས་ཆེས་ཐོག་མར་རྒྱ་གར་གྱི་ལུང་པར་རྐང་རྗེས་ཕབ་པའང་ཨེ་ལག་ཟན་དྷར་སླེབས་པ་ནས་ཡར་བརྩིས་པའི་དུས་རབས་གཉིས་ཙམ་གྱི་སྔོན་ལ་ཡིན་ཏེ། ཏ་ཟིག་པས་རྒྱ་གར་ལ་དམག་དྲངས་པའི་གྲས་སུ་གྷི་རིག་གི་གླས་དམག་མང་པོ་ཡོད་པར་བཤད(ཀི་ལུན་པི་ཡ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཇོ་ཏྲི་ཨུ་ཧི་ཁོ་ཁིསGeorgeWoodcookཡིས་བརྩམས་པའི་གནའ་བོའི་རྒྱ་གར་དང་གྷི་རིག་གི་རིག་གནས་ཞེས་པར)པས་སོ། ། སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་ཡུལ་དབུས་སུ་ཆོས་ཀྱི་འཁོར་ལོ་སྐོར་བཞིན་པའི་སྐབས་སུ་གྷི་རིག་པ་མང་པོ་རྒྱ་གར་ནུབ་བྱང་གི་ཡུལ་དུ་སླེབས་ཡོད་པ 《འདུལ་བ་ལུང་སྡེ་བཞི》རུ་སྟོན་པས་ཡ་ཝ་ན(རྒྱ་གར་དུ་ཡོད་པའི་གྷི་རིག་པའི་ཡུལ་ཏེ། འདུལ་བ་ལུང་དུ་ཡུལ་ནས་ཅན་ཞེས་པའོའི་ཡུལ་གླེང་ཡོད་པ་ལས་ཀྱང་ཤེས་མ་ཐུབ། མ་མཐའང་མོརྱའི་རྒྱལ་རབས་ཀྱི་སྐབས་ཙམ་ནས་གྷི་རིག་པ་མང་པོ་ནང་པ་སངས་རྒྱས་པའི་ཆོས་ལ་སྐྱབས་སུ་སོང་ཡོད་དེ། རྒྱལ་པོ་མྱ་ངན་མེད་ཀྱིས་ནུབ་ཕྱོགས་སུ་བཀྱེས་པའི་ཆོས་ཀྱི་ཕོ་ཉའི་ཁྲོད་དུ་གྷི་རིག་པ་ཡོད་ཅིང་། དེ་ལས་སྐབས་དེའི་ནང་པའི་དགེ་འདུན་པའི་གྲས་སུ་གྷི་རིག་གི་མི་ཡོད་པ་ཤེས་ཐུབ། གྷི་རིག་པ་ནང་པ་སངས་རྒྱས་པའི་ཆོས་ལ་སྐྱབས་སུ་སོང་བའི་གཏམ་གྲགས་ཆེ་བ་གནས་བརྟན་ན་ག་སེ་ནས་རྒྱལ་པོ་མི་ལིནྟ་ཆོས་འོག་ཏུ་བཀོད་པའི་ཚུལ་ནི་པཱ་ལིའམ་པྲསྐྲྀཏའི་སྐད་ཀྱི《མི་ལིནྟས་ཞུས་པ》 (འདི་བོད་སྐད་དུ་མ་འགྱུར་ཡང་རྒྱ་སྐད་དུ་སྔ་མོ་ནས་བསྒྱུར་ཏེ་རྒྱའི་བཀའ་བསྟན་དུ་བསྡུས་ཡོད)ཞེས་པར་གསལ། 《མ་ནུའི་ཁྲིམས་ཡིག》གི་ལེའུ་བཅུ་པའི་ཚན་པ་ཞེ་བཞི་པར་གསལ་བ་ལྟར་བྲམ་ཟེའི་ཆོས་ལུགས་ཀྱིས་ཡ་ཝ་ན་པ་དག་ཀྱང་གདོལ་པའི་རིགས་སུ་བརྩིས་ཡོད་པ་དང་། ནང་པ་སངས་རྒྱས་ཀྱི་ཆོས་ནི་རིགས་པ་དང་གཏན་ཚིགས་ཀྱི་ཆ་ནས་བྲམ་ཟེའི་ཆོས་ལུགས་ལས་ལྷག་པས་གྷི་རིག་པ་དག་གིས་ནང་པའི་ལྟ་བ་དང་ལེན་བྱས་པ་ཤས་ཆེ་བར་སྣང་།  འོན་ཀྱང་མོརྱའི་རྒྱལ་རབས་ཀྱི་རྒྱལ་ས་པ་ཏྲ་ལི་པུ་ཊ་རུ་ཡུན་རིང་པོར་བསྡད་པའི་གྷི་རིག་གི་རྗེ་བོའི་བཀའི་ཕོ་ཉ་མེ་གྷ་སི་ཏི་ནུ་ཞེས་པས་བྲམ་ཟེའི་ཆོས་ལུགས་ཀྱི་རྟོག་གེའི་རིག་པ་དང་གྷི་རིག་པའི་ལྟ་བ་གཉིས་ཧ་ཅང་ཉེ་བར་བཤད་ལ།  སྤྱི་ལོའི་དུས་རབས་གསུམ་པར་རོམ་བཙན་པོའི་རྒྱལ་ཁབ་ཏུ་བྱུང་བའི་པུ་ལ་ཐོ་གསར་མའི་ལུགས་དང་ཧིན་དྷུའི་ཆོས་ལུགས་ཀྱི་རིག་བྱེད་མཐའ་པ་དང་ཡོ་གའི་བཤད་པ་དག་ནི་ཕལ་ཆེ་བ་འདྲ་བར་སྣང་། གཞན་ཡང་། གནའ་བོའི་རྒྱ་གར་དང་། གྷི་རིག་དང་རོམ་ལ། འབྱུང་བ་བཞི་དང་། བསྐལ་པ་བཞི། རྒྱུ་སྐར་ཉེར་བརྒྱད། ཤེས་རབ་ཀྱི་ལྷ་དང་འདོད་པའི་ལྷ་སོགས་ལྷའི་བྱུང་རབས། སྒྲུང་རབས་ཆེན་མོ།  བརྡ་སྤྲོད་དང་གཏན་ཚིགས་རིག་པ། སྙན་ངག་དང་སྐར་རྩིས། ཀུན་རྫོབ་དང་དོན་དམ་གྱི་འདོད་ཚུལ་སོགས་བཤད་ཚུལ་ཆ་འདྲ་བ་ཤིན་ཏུ་ངོ་མཚར་བ་མང་པོ་ཞིག་ཡོད་པས། བློ་གྲོས་ཀྱི་མིག་གིས་བརྟག་ཅིང་དཔྱད་ན། དེ་དག་ཕན་ཚུན་གྱི་རིག་གནས་ཀྱི་འབྲེལ་བའི་གནད་གསང་ལ་ངེས་ཤེས་ཅིས་ཀྱང་འདྲོང་བར་འགྱུར་རོ། །  
          ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཡུ་སི་ལེ་དང་ཨེ་རྗིབ་ཀྱི་ཡུལ་དུའང་སྤེལ་མྱོང་བར་བཤད། ཡེ་ཤུའི་ཆོས་ལུགས་ཀྱི་འབྱུང་ཡུལ་དུ་གྱུར་པའི་ཡུ་སི་ལེའི་ཡུལ་དུ་སངས་རྒྱས་ཆོས་ལུགས་སྤེལ་བ་ནི་ཨི་རན་དང་ནང་གི་མཚོའི་འགྲམ་རྒྱུད་ནས་ནང་པའི་དགོན་རྙིང་གི་ཆགས་ཤུལ་རྙེད་པ་ལས་ཀྱང་ཆ་ཙམ་དཔོག་ནུས་ལ། རྒྱ་གར་གྱི་ལོ་རྒྱུས་སྨྲ་པ་ཁི་སང་པིས་བརྩམས་པའི《རྒྱ་གར་གྱི་གནའ་བོའི་ལོ་རྒྱུས》ཞེས་པར་དེ་ལྟར་ཡིན་པའི་སྒྲུབ་བྱེད་གསལ་ལ་དག་པ་མང་པོ་བཀོད་ཡོད། དེ་འདྲ་ཡིན་པའི་དབང་གིས་ནང་པ་སངས་རྒྱས་པའི་བྱམས་སྙིང་རྗེའི་བསམ་བློས་ཡེ་ཤུའི་ཆོས་ལུགས་ཀྱི་དགའ་བ་ཆེན་པོའི་བསམ་བློ་ལ་ཤན་ཤུགས་ཐེབས་པ་དང་། 《ཏོ་མའི་འཕྲིན་བཟང》 (1945ལོར་ཨེ་རྗིབ་ཏུ་རྙེད)དུ་ལྷའི་རྒྱལ་ཁམས་རང་གི་ནང་ན་ཡོད་ཟེར་བ་ནི་ནང་པ་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ལ་འཚང་རྒྱ་རུང་གི་རྒྱུ་ཡོད་པར་བཤད་པའི་ལྟ་བ་ལས་འོངས་པ་ཤེས་ནུས། གཞན་ཡང་ཡེ་ཤུའི་ཆོས་ལུགས་པའི་དམ་པའི་རྣམ་ཐར་དུ་མ་ཞིག་ཐད་ཀར་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་ལས་བླངས་པ་ནི་དཔེར་ན 《པོ་ལོ་དང་ཡོ་ཟིའི་གཏམ》ལྟ་བུའོ །  ཡེ་ཤུ་པའི་ཁྲུས་ཀྱི་སྒོ་ནས་དབང་སྐུར་བ་དང་།  ལག་ཟུང་གིས་ཐལ་མོ་སྦྱོར་བ། བགྲང་ཕྲེང་འདྲེན་པ། ཆོས་ཀྱི་ཚིག་དབྱངས་སུ་གྱེར་བ། ཇ་མཆོད་འདོན་པ་སོགས་ཀྱང་རྒྱ་གར་པའི་རིག་གནས་ཀྱི་ཤན་ཡིན་པ་ཤིན་ཏུ་གསལ། དེ་ལྟ་བུའི་གནས་ཚུལ་ལ་གཞིགས་ནས་རྒྱ་གར་གྱི་ཙོང་ཐུང་ར་ཏ་ཀུ་རུ་ཤི་ནན་གྱིས་ཡེ་ཤུའི་ཆོས་ལུགས་ཀྱི་གཞུང་དུ་རྒྱ་གར་གྱི་རིག་གནས་འདྲེས་ཡོད་པ་དང་། ཡེ་ཤུ་ནི་རྒྱ་གར་གྱི་ཤན་ལས་བྱུང་བ་ཡིན་ཞེས་གདེང་ཡོད་ཀྱི་གཏམ་སྨྲས།   
          དེ་ལྟར་གནའ་བོའི་གྷི་རིག་གི་རིག་གནས་ཏེ་འཛམ་གླིང་ནུབ་ཕྱོགས་པའི་རིག་གནས་ཀྱི་ཁུངས་དང་། ཡེ་ཤུའི་ཆོས་ལུགས་ཀྱི་རིག་གནས་ཏེ་འཛམ་གླིང་ནུབ་ཕྱོགས་པའི་རིག་གནས་ཀྱི་རྒྱུན་གཙོ་བོར་གྲགས་པ་གཉིས་ལ་རྒྱ་གར་པའི་བསམ་བློ་དང་རིག་གནས་ཀྱི་སྐྱུར་རྩི་འདྲེས་ཡོད་པ་ནི་དངོས་གནས་བསྙོན་དུ་མེད་དོ། ། ཉེ་དུས་སུ་སླེབས་པ་ནས་རྒྱ་གར་གྱི་བསམ་བློ་དང་རིག་གནས་ཡོ་རོབ་དང་ཨ་རི་སོགས་ནུབ་ཕྱོགས་ཀྱི་རྒྱལ་ཁམས་དག་ལ་ལྷག་པར་ཁྱབ་སྤེལ་ཆེན་པོ་བྱུང་། འཛམ་གླིང་དུ་སྐད་གྲགས་ཆེ་བའི་ནུབ་ཕྱོགས་ཀྱི་མཁས་པ་ཆེན་པོ་ཐྲ་ཨེར་ཟི་བེར་ཅིན་ཟི་དང་། ཝེ་ལེམ་ཇོན་ཟི ། མེ་ཁི་སུ་མེའུ་ལུ། ཞོ་པིན་ཧྭ། ནི་ཁྲེ། ཀི་ཏི།  ཧིར་ཏི།  ཝ་ཀུ་ན།  ཁེ་སེར་ལུན་ཀུ། ཧེར་མན་ཧུ་སེ། ཧེ་ཉི། ཨེ་མུ་སུན། ལེ་ཧྥུ་ཐོར་སུ་ཐེ། ལོ་མན་ལོ་ལན། མ་ཁི་སུ་བེ་པི་སོགས་ཀྱིས་རྒྱ་གར་གྱི་བསམ་བློ་དང་རིག་གནས་ལ་བསྔགས་བརྗོད་གནང་ཞིང་། ཆ་དུ་མ་ནས་སྒྲོག་སྤེལ་མཛད་པ་དང་། རྒྱ་གར་སོགས་འཛམ་གླིང་ཤར་ཕྱོགས་པའི་རིག་གནས་ཀྱི་ཕོ་ཉ་ཆེན་པོ་དུ་མས་ཀྱང་ཆོས་གཞི་འཛུགས་པ་དང་། དཔེ་ཁྲིད་བྱེད་པ། བརྩམས་ཆོས་སྤེལ་བ་སོགས་ཀྱི་སྒོ་ནས་རྒྱ་གར་གྱི་བསམ་བློ་དང་རིག་གནས་ནུབ་ཕྱོགས་སུ་རྒྱ་ཁྱབ་ཏུ་སྤེལ་བས། ཡོ་རོབ་དང་ཨ་རིའི་ཡུལ་དུ་རྒྱ་གར་གྱི་བསམ་བློ་དང་ཆོས་ལ་དད་པའི་སྐྱེ་བོ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་མཆིས།   
          གནའ་བོའི་རྒྱ་གར་གྱི་ཁོངས་སུ་ཨ་ཧྥུ་གཱ་ནི་སི་ཏན་དང་། བ་ལི་ཅི་སི་ཏན། བྷང་ག་ལ། སིངྒ་ལ། ཁ་ཆེ། ནེ་པ་ལ་དང་བཅས་པ་འདུ་བས་བྲམ་ཟེའི་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་གཉིས་ཀྱིས་གཙོས་པའི་རྒྱ་གར་གྱི་བསམ་བློ་དང་རིག་གནས་རྣམས་སྔ་ཕྱིར་གོང་གི་ཡུལ་དེ་རྣམས་དང་མ་རུ་ཏེ་ཕུ་དང་བཅས་པའི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དག་ཏུ་དར། རྒྱལ་པོ་མྱ་ངན་མེད་ཀྱི་དུས་སུ་མངའ་ཁོངས་ཤིན་ཏུ་རྒྱ་ཆེ་བར་བསྐྱེད་ཅིང་། ཕྱོགས་སོ་སོར་ཆོས་ཀྱི་ཕོ་ཉ་མངགས་པས་གོང་གི་ཡུལ་དེ་དག་ཏུ་ནང་པ་སངས་རྒྱས་པའི་ཤུགས་ཆེ་རུ་ཕྱིན། ལྷག་པར་སིདྒ་ལའི་ཡུལ་དུ་རྒྱལ་པོ་རང་ཉིད་ཀྱི་སྲས་གནས་བརྟན་དབང་ཆེན་སྡེ(མ་ཧེན་དྷ)ཆོས་སྤེལ་དུ་བཏང་བ་ནས་སིད་ལའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་དར་བར་གྱུར་ཅིང་། ལྷག་པར་ཉན་ཐོས་ཐེག་པའི་ཆོས་ཀྱི་གནས་གཞི་ཆེན་པོར་གྱུར། སྔོན་ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས་པ་ལས་སྡེ་པ་གཞན་མཐའ་དག་པ་ནུབ་ཀྱང་། སིདྒ་ལའི་གནས་བརྟན་སྡེ་པ་དང་བོད་ཀྱི་ཐམས་ཅད་ཡོད་སྨྲ་གཉིས་ནི་ད་ལྟའི་བར་དུ་ལུས་འདུག། ལྷོ་བརྒྱུད་ནང་པའི་ཆོས་ལུགས་ཞེས་པའང་ཕལ་ཆེ་བ་སིད་ལ་ནས་མཚོ་ལམ་བརྒྱུད་དེ་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་ལ་དར་བ་ཡིན་ལ། རྒྱ་གར་ཨ་སམ་གྱི་ཡུལ་ནས་འབར་མ་ལ་བརྟོལ་བའི་སྐམ་སའི་ལམ་ཡང་ཡོད་དོ ། ། 
          སྤྱི་ལོའི་སྔོན་གྱི་དུས་ནས་རྒྱ་གར་གྱི་རིག་གནས་ཨེ་ཤེ་ཡ་ཤར་ལྷོའི་ཡུལ་གྲུ་མང་པོ་ལ་དར། འབར་མ་དང་། བྱེམ་མམ་ཐེ་ལན། ཀམ་པོ་ཛ།  ལ་ཨོ་ཟི། བྷེ་ཐེ་ནམ། མ་ལེ་ཤི་ཡ། སིདྒ་སྦུར། ཧིན་དྷུ་ནེ་ཤུ་ཡ། ཛ་ཝ་སོ་གས་ནི་རྒྱ་གར་གྱི་རིག་གནས་ཁྱབ་སྤེལ་ཆེར་བྱུང་བའི་རྒྱལ་ཁབ་ཡིན་ལ། དེ་དག་ལ་ལྷག་པར་ཡང་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཤན་ཆེ། དེ་བས་ཧྥ་རན་སིའི་ལོ་རྒྱུས་སྨྲ་བ་ཇོ་ཏྲི་ཀི་ཏེ་ཟིས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་མང་པོ་ཞིག་རྒྱ་གར་དང་ཆ་འདྲ་བའི་རྒྱལ་ཁབ་ཀྱི་གྲས་སུ་བརྩིས་འདུག
          རྒྱ་གར་གྱི་རིག་གནས་ཨེ་ཤེ་ཡའི་ཤར་ཕྱོགས་ལ་དར་བའི་ཚུལ་ནི། སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་སྔོན་ནས་རྒྱ་གར་དང་རྒྱ་ནག་གི་བར་དུ་ཚོང་དང་རིག་གནས་ཀྱི་འབྲེལ་བ་བྱུང་ཡོད་པ་རྒྱ་གར་བས་རྒྱ་ནག་ལ་ཙི་ན་ཞེས་འབོད་པ་ལས་ཤེས་ཐུབ། ཙི་ན་ཞེས་པ་ནི་སྤྱི་ལོའི་དུས་རབས་གཉིས་པའི་སྔོན་ལ་ཚིན་ཞེས་པའི་རྒྱའི་རྒྱལ་རབས་ཤིག་བྱུང་བ་དེའི་མིང་ཟུར་ཆག་པའོ ། རྒྱའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཐོག་མར་དབུ་བརྙེས་པའི་དུས་ལ་འདོད་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད་མོད། ཕལ་ཆེ་བ་ནི་གཉིས་ཏེ། སྤྱི་ལོའི་སྔོན་གྱི་ལོ་གཉིས་པའམ་ཧཱན་ནུབ་མའི་རྒྱལ་པོ་ཨེ་དྷཱིའི་ཁྲི་ལོ་དང་པོར་འདོད་པ་དང་།  སྤྱི་ལོ་རེ་བདུན་པའམ་ཧཱན་ཤར་མའི་རྒྱལ་པོ་མིང་ངྷཱིའི་ཁྲི་ལོ་བཅུ་པར་འདོད་པའོ།  །   གུང་ལོ་ཙཱ་བ་མགོན་པོ་སྐྱབས་ནི་ཕྱི་མ་ལྟར་འདོད། དེ་ཡང་ཐོག་མའི་དུས་སུ་རྒྱལ་པོའི་ཕོ་བྲང་ཙམ་ལ་དར་ཞིང་རིམ་གྱིས་འབངས་ཀྱི་ཁྲོད་དུའང་མཆེད། ལོ་བརྒྱ་ཕྲག་འགར་འཕེལ་རྒྱས་སུ་སོང་སྟེ། དུས་རབས་བདུན་པ་ནས་བརྒྱད་པའི་བར་གྱི་སུས་དང་ཐང་གི་སྐབས་ལ་སངས་རྒྱས་ཀྱི་བསྟན་པ་རྒྱའི་ཡུལ་དུ་དར་བའི་རྩེ་མོར་སོན། སྐབས་དེ་ཙམ་ནས་སངས་རྒྱས་ཀྱི་བསྟན་པ་རྒྱའི་ཡུལ་དུ་རང་སའི་ཆོས་ལྟ་བུར་གྱུར་ཅིང་། གྲུབ་མཐའ་ཆེན་པོ་བརྒྱད་དམ་བཅུ་རུ་གྲགས་པའང་རིམ་བཞིན་བྱུང་། དེ་དག་ལས་བསམ་གཏན་པ་དང་དག་ཞིང་པ་གཉིས་གྲུབ་མཐའ་གཞན་ལས་འཕྲིན་ལས་དང་ཤན་ཤུགས་ཆེ། ནང་པ་སངས་རྒྱས་པའི་ལྟ་སྤྱོད་ནི་ལྟ་སྤྱོད་མཐའ་དག་གི་གཙོ་བོར་གྱུར། སུང་གི་སྐབས་ཙམ་ནས་རྒྱའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཕང་དམའ་རུ་ཕྱིན། སུང་མིང་གི་གཏན་ཚིགས་རིག་པ་ལྟ་གྲུབ་ཀྱི་གཙོ་བོར་གྱུར། སངས་རྒྱས་ཀྱི་ཆོས་ནི་ཤེའུ་རིག་བྱེད་དང་དོའུ་སི་བོན་གྱི་གྲུབ་མཐའ་དག་དང་སུམ་སྒྲིལ་དུ་གནས་པར་གྱུར།   
          སངས་རྒྱས་ཀྱི་བསྟན་པ་ནི་གཙོ་བོ་དར་གོས་བཤུལ་ལམ་ཞེས་ཡོངས་སུ་གྲགས་པའི་གནའ་བོའི་འགྲུལ་ལམ་ཆེན་མོ་དེ་དང་། ལྷོའི་རྒྱ་མཚོ་ནས་མ་ལ་ཙའི་མཚོ་འགག་བརྒྱུད་དེ་རྒྱ་གར་དུ་བརྟོལ་བའི་མཚོ་ཐོག་གི་དར་གོས་བཤུལ་ལམ་ཞེས་པ་བརྒྱུད་ནས་རྒྱའི་ཡུལ་དུ་སྤེལ། ཐོག་མའི་དུས་ཀྱི་ཆོས་སྤེལ་མཁན་གཙོ་བོ་ནི་རྒྱ་གར་གྱི་པཎྜི་ཏ་དང་ནུབ་ལྗོངས་ཀྱི་བཙུན་པ་དག་ཡིན་མོད། ཕྱིས་སུ་རྒྱའི་བཙུན་པ་མང་པོ་ཆོས་ཀྱི་ཕྱིར་རྒྱ་གར་དུ་ཕྱིན་ཅིང་སླར་འཁོར་ནས་རྒྱའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་ལ་ཕྱག་རྗེས་ཆེན་པོ་བཞག ། དེ་དག་ལས་ཕལ་ཆེ་བ་གོང་དུ་བཤད་པའི་འགྲུལ་ལམ་གཉིས་ལས་ཕེབས་བཞུད་མཛད་ཅིང་། ཁ་ཤས་ཤིག་བོད་བརྒྱུད་ནས་རྒྱ་གར་དུ་ཕེབས་པའང་ཡོད།  དགྲ་བཅོམ་པ་མ་ཏངྒོ་དང་། ལོ་ཙཱ་བ་ཀུ་མཱ་ར་ཤྲཱི།  སློབ་དཔོན་བོདྔྷི་དྷརྨོཏྟ་ར་སོགས་རྒྱ་གར་གྱི་པཎྜི་ཏ་རྣམས་དང་། བཙུན་པ་ཕ་ཤེན་ནམ་བན་ཆེན་པོ་ཆོས་ཀྱི་སྣང་བ་དང་།  སློབ་དཔོན་སན་ཙང་།  སློབ་དཔོན་ཨི་ཅང་སོགས་རྒྱའི་བཙུན་པ་ཆེན་པོ་རྣམས་ནི་རྒྱ་དཀར་ནག་གཉིས་ཀྱི་བར་དུ་ཆོས་ཕྱིར་འགྲུལ་བའི་སྐྱེས་ཆེན་རྣམས་ཏེ། དེ་དག་གིས་ལུས་སྲོག་ལ་ཕངས་པ་མེད་པར་མྱ་ངམ་གྱི་ཐང་དང་། རྒྱ་མཚོའི་ཀློང་། རི་བྲག་ནགས་རྫབ་སོགས་བརྒལ་ཏེ། རྒྱ་གར་གྱི་ཆོས་དང་རིག་གནས་རྒྱའི་ཡུལ་དུ་དར་བར་བྱས། རྒྱའི་ཡུལ་དུ་དར་བའི་སངས་རྒྱས་ཀྱི་བསྟན་པ་ནི་གཙོ་བོ་ཐེག་ཆེན་གྱི་ཆོས་ཡིན་ཞིང་། ཐེག་པ་ཆུང་ངུའི་ཆོས་ཀྱང་སངས་རྒྱས་ཀྱི་བསྟན་པའི་ཆ་གཙོ་བོ་ཞིག་ཏུ་བལྟས་ཏེ་ཐེག་པ་ཆེ་ཆུང་གཉིས་གཞི་གཅིག་ཏུ་དྲིལ་བས། མཐར་ནི་སངས་རྒྱས་ཀྱི་ཐེག་པའམ་ཐེག་པ་གཅིག་གི་བསྟན་པ་ལ་གཞོལ་བར་བཤད།   
          སངས་རྒྱས་ཀྱི་བསྟན་པ་རྒྱ་ཡུལ་དུ་དར་བ་དང་མཉམ་དུ་རྒྱ་གར་གྱི་གསོ་རིག་དང་། རྩོམ་རིག། སྐར་རྩིས།  གྲངས་རིག ། རི་མོ།  རོལ་མོ།  བྲོ་གར།  བརྐོས་བཟོ། འབུར་བཟོ།  ཀ་རའི་བཟོ། གསེར་འགྱུར། རྩིག་བཟོ་སོགས་དང་། ཐ་ན་བྱ་དང་རི་དྭགས་རྩི་ཤིང་སོགས་རྒྱའི་ཡུལ་དུ་འབྱོར། སྔོན་མ། རྒྱ་ལ་རྒྱལ་རབས་དང་མི་ཆོས་དང་འབྲེལ་བའི་སྲིད་སྐྱོང་ལུགས་སོགས་ཤིན་ཏུ་དར་ཡང་། ཆོས་ལུགས་ཀྱི་ལྟ་བ་དང་ཆོས་ལུགས་ཀྱི་རིག་གནས་ཆེར་མེད་པ་སངས་རྒྱས་ཀྱི་ཆོས་དར་རྗེས་བསམ་བློ་དང་ལྟ་བའི་ཆ་ནས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་ཕྱིན་ཅིང་ཕུན་སུམ་ཚོགས་པར་གྱུར་པ་དང་། གཞན་ཡང་རྒྱའི་ཡུལ་གྱི་རི་ཆུ་རྣམས་ལ་ཆོས་དང་རིག་གནས་ཀྱིས་སྲོག་གི་དབང་པོ་བསྩལ་ཏེ་སྔར་ལས་ཉམས་དགའ་བར་བྱས་ཤིང་། ཡུལ་གྱི་སྐྱེ་བོ་དག་གི་དད་པའི་འཚོ་བའང་གྱ་ནོམ་པར་བྱས། མཐར་ནང་པ་སངས་རྒྱས་པའི་ཆོས་ནི་རང་ཡུལ་ནས་བྱུང་བའི་ཆོས་དང་མི་གཉིས་པར་ལྟ་ཞིང་། རང་གི་ཤ་རུས་ཀྱི་གཏིང་ལ་ཐིམ་སྟེ། ཡིད་ཀྱི་ལོངས་སྤྱོད་བླ་ན་མེད་པར་གྱུར། དེ་ལ་བསམས་ན་རྒྱའི་མཁས་པ་ཆེན་པོ་ལེང་ཆི་ཁྲོ་ཡིས་རྒྱ་གར་ལ་ཕུ་བོ་རྒན་པ་དང་རྒྱ་ནག་ལ་ནུ་བོ་ཆུང་ངུ་རུ་འབོད་པའང་དོན་གྱི་ཧ་གོ་ཞིང་བློ་གཟུ་བོར་གནས་པའི་གཏམ་དུ་སྣང་ལ། མའོ་ཙེ་ཏུང་གིས་ཀྱང་སྔོན་གསོལ་སྟོན་ཞིག་གི་ཚེ་རྒྱ་གར་གྱི་མགྲོན་པོ་དག་ལ་ཀྲུང་གོ་པ་ཡོད་དོ་ཅོག་གིས་ཕྱི་མ་རྒྱ་གར་དུ་སྐྱེ་བ་ལེན་པ་ལ་སྨོན་ཞེས་གསུངས་མྱོང་།  
          རྒྱ་ཡུལ་གྱི་ཡུར་བ་ཆེན་པོ་འདི་ལས་ཤར་ཕྱོགས་རྒྱ་མཚོའི་དཀྱིལ་དུ་གནས་པའི་ཀོ་རི་ཡ་དང་ཉི་ཧོང་གི་ཡུལ་དུའང་ཐེག་པ་ཆེན་པོའི་ཆོས་དྲངས་ཏེ་རྒྱ་ཁྱབ་ཏུ་དར་བར་བྱས། དེ་དག་ལ་གཞིགས་ན་སློབ་དཔོན་ཟན་ཙང་གིས“སྟོན་པ་ནུབ་ཏུ་འཁྲུངས། བསྟན་པ་ཤར་ལ་དར” གསུངས་པའང་དོན་ལ་གནས་པར་སེམས། རྒྱ་དཀར་ནག་གཉིས་ཀྱི་བར་དུ་ཆོས་ཀྱི་འབྲེལ་བ་དང་འགྲུལ་བཞུད་བྱུང་བའི་ཞར་ལ། བྲམ་ཟེའི་ཆོས་ཀྱི་ལྟ་བ་དང་རིག་གནས་ཀྱང་རྒྱའི་ཡུལ་དུ་དར། 《ལྷ་ག་ཝན་གྱི་གླུ》དང་། 《མ་ཧཱ་བྷཱ་ར་ཏ》  《པདྨའི་སྔོན་གྱི་བྱུང་བ》སོགས་ལེགས་སྦྱར་གྱིས་བྲིས་པ་དང་། བཙུན་པ་ཆེན་པོ་དོན་དམ་པས་བསྒྱུར་པའི་རྟོག་གེ་སྡེ་དྲུག་གི་ཡ་གྱལ་གྲངས་ཅན་པའི་གཞུང《གྲངས་ཅན་གྱི་ཚིག་ལེའུར་བྱས་པའམ》ཀུན་མཁྱེན་གྲུབ་མཐའ་ཆེན་མོར《གསེར་བདུན་ཅུ་པ》 ཞེས་འབྱུང་བ་ཕྱི་རོལ་པའི་སློབ་དཔོན་དབང་ཕྱུག་ནག་པོས་བྱས་པ་དང་། ། སློབ་དཔོན་ཟན་ཙང་གིས་བསྒྱུར་པའི་བྱེ་བྲག་པའི་གཞུང 《རྟོག་གེའི་ཚིག་དོན་བཅུ》ཞེས་པ་ཕྱི་རོལ་པའི་སློབ་དཔོན་བློ་གྲོས་ཟླ་བས་བྱས་པ་སོགས་བྲམ་ཟེའི་ཆོས་ལུགས་ཀྱི་གཞུང་དང་ཡིག་ཆ་དཀོན་པོ་ཁག་ཅིག་ད་ལྟའི་བར་རྒྱ་ཡུལ་དུ་ཉར་ཡོད་ཅིང་། ཡོ་གའི་སྒོམ་དང་ལིངྒ་ལ་ཕྱག་འཚལ་བ་སོགས་ཀྱང་རྒྱའི་ཡལ་དུ་དར།  དེ་དག་ལ་བསམས་ན། པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཅི་ཞན་ལིན་གྱིས“སངས་རྒྱས་ཆོས་ལུགས་ཀྱིས་ཀྲུང་གོའི་རིག་གནས་ལ་ཤན་ཇི་ལྟར་ཞུགས་པའི་ཚུལ་ལ་ཞིབ་འཇུག་མ་བྱས་ན། ཀྲུང་གོའི་རིག་གནས་ལོ་རྒྱུས་དང་། ཀྲུང་གོའི་མཚན་ཉིད་རིག་པའི་ལོ་རྒྱུས། ཡང་ན་ཀྲུང་གོའི་ལོ་རྒྱུས་ངོ་མ་ཞིག་འབྲི་ཐབས་མེད་པར་བཤད་ཆོག་ལ། རྒྱ་གར་གྱི་རིག་གནས་དང་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་མ་ཤེས་ན་རང་གི་ནང་ནོམ་གྱི་རྒྱུས་མི་ལོན” ཞེས་གསུངས་པ་ནི་རྒྱ་གར་གྱི་རིག་གནས་ཀྱིས་རྒྱའི་རིག་གནས་ལ་ཤན་ཇི་ལྟར་ཞུགས་པའི་ཚུལ་ལ་དོན་མཐུན་གྱི་གདེང་འཇོག་བྱས་པ་ཡིན་ལ། ཁོང་གིས་ལོ་ངོ་བཅུ་ཕྲག་མང་པོར་རྒྱ་དཀར་ནག་གཉིས་ཀྱི་རིག་གནས་ལ་ཞིབ་འཇུག་བྱས་པའི་མྱོང་ཚོར་ངོ་མ་ཡིན་པའང་ཤེས་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1