༄༅།། མངལ་མི་ཆགས་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ནམ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་རླུང་འཕྲིན་དྲ་བ། སྤེལ་དུས། 04-10



        ལང་ཚོའི་དཔལ་རྒྱས་ཤིང་ན་ཚོད་དར་ལ་བབ་པའི་ཕོ་མོ་གཉིས་གཉེན་སྒྲིག་པའི་རྗེས་སུ་སྦྲུམ་འགོག་གི་ཐབས་ཅི་ཡང་མ་བསྟེན་པར་ལོ་གཉིས་ཙམ་ལ་མངལ་མི་ཆགས་ཚེ། རྒྱུ་རྐྱེན་གསལ་བོ་འཚོལ་ཞིབ་བྱས་ཏེ་གང་ལ་དེ་འཚམ་གྱི་སྒོ་ནས་བཅོས་ན་མངལ་ཆགས་སྲིད། མངལ་མི་ཆགས་པ་འདི་ནི་ཕོའམ་མོ། ཡང་ན་ཕོ་མོ་གཉིས་ཀའི་ཐུན་མོང་གི་ནད་ཅིག་ཡིན་ལ། བརྟག་དཔྱད་བྱས་པ་ལྟར་ན། བུད་མེད་ཀྱི་དབང་གིས་མངལ་མི་ཆགས་པ་ནི་བརྒྱ་ཆའི་དྲུག་ཅུ་དང་། སྐྱེས་པའི་དབང་གིས་མངལ་མི་ཆགས་པ་ནི་བརྒྱ་ཆའི་སུམ་ཅུ། ཕོ་མོ་གཉིས་ཀ་ཐུན་མོང་གི་དབང་གིས་མངལ་མི་ཆགས་པ་ནི་བརྒྱ་ཆའི་བཅུ་ཙམ་ཡིན།

དེས་ན་མངལ་མི་ཆགས་པའི་རྒྱུ་རྐྱེན་བུད་མེད་ཀྱི་ངོས་ནས་བཙལ་ན། ཁམས་འདྲེན་སྦུ་གུའི་འཚར་སྐྱེ་ཞན་པའི་རྐྱེན་གྱིས་དེའི་བྱེད་ལས་རྒྱུན་ལྡན་མིན་པས་ཁམས་དམར་འདྲེན་མི་ཐུབ་པ་ནི་ཆེས་རྒྱུན་མཐོང་གི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཞིང་། དེ་མིན་ཁམས་འདྲེན་སྦུ་གུར་གཉན་ཚད་ཡོད་ཚེ་དེའི་སྦུག་ཁོག་འབྱར་ནས་ཁམས་དཀར་དམར་རྒྱུ་མི་ཐུབ་པས་མངལ་ཡང་མི་ཆགས། བསམ་སེའུ་ནི་ཁམས་དམར་གྱི་འབྱུང་གནས་ཡིན་སྟབས་དེར་ནད་འགྱུར་བྱུང་ན་ཁམས་དམར་སྨིན་མི་ཐུབ་ཅིང་སྨིན་ཡང་ཕྱིར་ཕུད་མི་ཐུབ་པས་མངལ་མི་ཆགས། མངལ་སྐྲན་དང་བུ་སྣོད་ནང་སྐྱིར་ཚད་པ་རྒྱས་པ་སོགས་ཀྱིས་མངལ་མི་ཆགས་པ་ཡང་མང་། མངལ་ཁ་དོག་པའམ་མངལ་ཁར་ནད་ཡོད་ཚེ་སྐྱེས་པའི་ཁུ་བ་མངལ་ནང་རྒྱུ་མི་ཐུབ་པས་མངལ་མི་ཆགས། གཞན་ད་དུང་། གསང་ལམ་ལ་གཉན་ཚད་རྒྱས་པ་སོགས་གསང་ལམ་གྱི་དབང་གིས་མངལ་མི་ཆགས་པའང་ཡོད།
        སྐྱེས་པའི་ཕྱོགས་ནས་བཤད་ན། རྐྱེན་སྣ་ཚོགས་ཀྱི་དབང་གིས་སྐྱེས་པར་ཁུ་བ་མེད་པའམ་ཁུ་བ་ཉུང་བ། ཡང་ན་རླུག་པའམ་ཁམས་འདྲེན་སྦུ་གུར་སྐྱོན་ཡོད་པ། ཕོ་མཚན་མི་ལྡང་བ་བཅས་ལས་སྐྱེས་པའི་ཁུ་བ་བུད་མེད་ཀྱི་མངལ་ནང་དུ་འགྲོ་མི་ཐུབ་པ་སོགས་ཡིན། ཕོ་མོ་གཉིས་ཀའི་ཐུན་མོང་གི་རྐྱེན་ནི་བཟའ་ཟླ་གཉིས་ཀར་བུ་འདོད་པའི་རེ་བ་ཆེ་དྲགས་པས་སེམས་འཚབ་པ་བཅས་ལས་བྱུང་། དེའི་ཕྱིར་གཉེན་སྒྲིག་ནས་ལོ་གཉིས་ཙམ་འགོར་ཡང་ད་རུང་མངལ་མི་ཆགས་ན་ཕོ་མོ་གཉིས་ཀར་ཕྱོགས་ཡོངས་ནས་ཞིབ་བཤེར་རྣལ་མོ་བྱས་ཏེ་མངལ་མི་ཆགས་པའི་རྒྱུ་རྐྱེན་གསལ་བོར་བཙལ་བ་ནི་ནད་འདི་བཅོ་བའི་ཐབས་ལམ་གཙོ་བོ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1